དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ལྷ་སར་བརྟན་ལྷིང་སྲུང་སྐྱོང་གི་སྔོན་འགོག་ཚོད་འཛིན་ལས་དོན་ ལ་རྟོག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-01-09

     ཚེས་6ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཀྲོང་ཡན་གྱིས་ལྷ་སར་བརྟན་ལྷིང་སྲུང་སྐྱོང་གི་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་ཚུལ་ལ་རྟོག་ཞིབ་གནང་བ་དང་འབྲེལ་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་གནས་ཚུལ་སྙན་སེང་གསན་པ་རེད། དེ་དང་ཆབས་ཅིག་ཁོང་གིས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལྷ་ས་གྲོང་ཁྱེར་གྱི་བརྟན་ལྷིང་སྲུང་སྐྱོང་གི་སྔོན་འགོག་ཚོད་འཛིན་ལས་དོན་ཐད་བཀོད་སྒྲིག་དང་སླར་ཡང་ནན་བཤད་གནང་བ་རེད།

    ཀྲོང་ཡན་དང་བཅས་པ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་མངགས་གཏོང་ཁང་དང་། གཙུག་ལག་ཁང་ཐང་ཆེན། བར་སྐོར་སྡེ་ཁུལ་གྲོང་མི་ཨུ་ལྷན། བར་སྐོར་གནའ་གྲོང་སྤྱི་བདེ་ཅུས་སོགས་སུ་ཕེབས་ནས་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་དོན་འཁྱོལ་བྱེད་ཚུལ་ལ་གཟིགས་ཞིབ་གནང་བ་རེད།

    བརྟག་ཞིབ་གནང་བའི་བརྒྱུད་རིམ་ནང་ཕེབས་མཚམས་ཡང་ཡང་བཞག་ནས་མི་རིགས་ཁག་གི་མང་ཚོགས་དང་བྱམས་བརྩེ་སྤེལ་རེས་གནང་བ་དང་། ལས་འགན་སྒྲུབ་བཞིན་པའི་ལས་དོན་མི་སྣ་རེ་རེ་བཞིན་ལ་ཕྱག་བཏང་གནང་ནས་ཁོང་ཚོའི་ལས་ཀའི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཀྲོང་ཡན་གྱིས་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་མི་སྣས་ལྷག་བསམ་རྣམ་དག་ངང་ལས་གནས་སྲུང་བ་དང་འགན་འཁྲི་འཁུར་ཕོད་པ་བྱས་ཏེ་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་ཕྱིར་ལེགས་སྐྱེས་གལ་ཆེན་ཕུལ་བར་ཁས་ལེན་གང་ལེགས་གནང་བ་དང་འབྲེལ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷ། རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་བཅས་ཀྱི་ཚབ་ཞུས་ནས་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་མི་སྣར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་ཟོལ་མེད་ཀྱི་འཚམས་འདྲི་ཡང་གནང་བ་རེད།

    ལྷ་ས་གྲོང་ཁྱེར་བརྟན་ལྷིང་སྲུང་སྐྱོང་མདུན་ཕྱོགས་བཀོད་འདོམས་པུའི་བརྟག་ཞིབ་ཚོགས་འདུའི་ཐོག ཀྲོང་ཡན་གྱིས་དུས་ཡུན་རིང་པོའི་ནང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་སྐབས་རིམ་བྱུང་ཚན་ཁག་གིས་བརྟན་ལྷིང་སྲུང་སྐྱོང་ཐམས་ཅད་ལས་ལྷག་པའི་བསམ་བློ་བརྟན་དུ་བཏང་ནས་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་བློ་བརྟན་འགྱུར་མེད་དང་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་སྒྲིག་གཞི་དང་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་ལ་སྐུལ་འདེད་གཏིང་ཟབ་བཏང་ཐོག་བརྟན་ལྷིང་སྲུང་སྐྱོང་གི་དཔུང་ཁག་དང་གཞི་རིམ་གྱི་རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ཡོད། གྲོང་ཁྱེར་ཡོངས་ཀྱི་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་དཔུང་ཁག་གིས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་བཏང་ནས་ལས་གནས་བརྟན་སྲུང་དང་ངལ་བ་དང་འཁང་ར་གཉིས་བཟོད་ཀྱིས་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་དང་། ཡུན་རིང་། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་བརྟན་ལྷིང་ཡོང་ཕྱིར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད།

    ཀྲོང་ཡན་གྱིས་ལྷ་ས་གྲོང་ཁྱེར་གྱིས་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཧྲུའུ་ཅི་ཝུའུ་དབྱིང་ཅེས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཐད་གནང་བའི་ཕྱོགས་བདུན་ཐད་ཀྱི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས། དེའང་གཅིག་ནས་འདི་ལོའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཇུས་འགོད་ཡག་པོ་བྱས་ནས་གཙོ་གནད་དུས་མཚམས་སུ་བརྟན་ལྷིང་སྲུང་སྐྱོང་བཀོད་སྒྲིག་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་སྔ་སྣུར་དུ་གྲ་སྒྲིག་དང་སྔ་ཙམ་བཀོད་སྒྲིག་བྱེད་དགོས་པ་དང་། གཉིས་ནས་མང་ཚོགས་ཀྱི་ལས་དོན་ལེགས་པར་བསྒྲུབས་ནས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་དང་། གྲོང་སྡོད་དགོན་སྡོད་དང་གཉིས་ལྡན་དུད་སྦྲེལ། དྲ་མིག་ཅན་བཅས་ཀྱི་ལས་དོན་ལ་དམ་པོར་བརྟེན་པ་དང་། མང་ཚོགས་ལ་བྱ་བ་དངོས་མང་ཙམ་སྒྲུབ་པ་དང་དཀའ་གནད་བསལ་ནས་འགལ་ཟླ་དང་རྩོད་གཞི་སྣ་ཚོགས་དང་བརྟན་ལྷིང་སྲུང་སྐྱོང་གི་མི་མངོན་པའི་རྐྱེན་ངན་དུས་ཐོག་ཏུ་ཤེས་རྟོགས་དང་རང་འགུལ་ངང་སེལ་དགོས་པ། གསུམ་ནས་གཙོ་གནད་ཁུལ་ལ་སྔོན་འགོག་ཚོད་འཛིན་ཡག་པོ་བྱས་ནས་གཙོ་གནད་ཁུལ་དང་། གཙོ་གནད་མི་སྣ། གཙོ་གནད་ས་ཁོངས་བཅས་ལ་དོ་དམ་ཚོད་འཛིན་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། ཁུག གསང་། སྟོང་གསུམ་མི་ལུས་པ་བཅས་བྱེད་དགོས་པ། བཞི་ནས་ཏང་སྲིད་དམག་ཉེན་དམངས་མཉམ་འགོག་མཉམ་འཛིན་བརྟན་དུ་བཏང་ནས་བཀོད་འདོམས་ཀྱི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་དང་ལེགས་སུ་གཏོང་དགོས་པ། ལྔ་ནས་སྤྱི་པའི་བདེ་འཇགས་ལ་དོ་དམ་ཡག་པོ་བྱས་ནས་འགྲིམ་འགྲུལ་དང་། མེ་ཟོན། བདེ་འཇགས་ཐོན་སྐྱེད་སོགས་གཙོ་གནད་ཁྱབ་ཁོངས་ལ་ལྟ་སྐུལ་དོ་དམ་དང་ཆེད་དོན་བཅོས་སྐྱོང་བྱ་ཤུགས་ཆེ་རུ་བཏང་ནས་སྤྱི་པའི་བདེ་འཇགས་ལས་འཛོལ་ཚབས་ཆེན་ཐོན་རྒྱུ་སྔོན་འགོག་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

    ཀྲོང་ཡན་གྱིས་ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་ཀྱི་སྤྱི་འདོམས་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཁོངས་གཏོགས་ས་ཆའི་འགན་འཁྲི་དང་བྱེད་པོའི་འགན་འཁྲི་ནན་དུ་གཏོང་དགོས་པ་དང་། རིམ་ཁག་ཏང་སྲིད་ཀྱི“འགོ་ཁྲིད་གཙོ་བོས”སྤྱིའི་འགན་འཁུར་བ་དང་རང་ངོ་མས་དམ་འཛིན་བྱེད་དགོས་པ། རིམ་ཁག་བརྟན་ལྷིང་སྲུང་སྐྱོང་ཆེད་དོན་ཚན་ཁག་གིས་ཆེད་བསྐོས་ལས་འགན་གྱི་འགན་འཁྲི་ཡག་པོ་འཁུར་བ་དང་སྤྱི་འདོམས་བཀོད་འདོམས་བྱེད་དགོས་པ། རིམ་ཁག་ཏང་སྲིད་ལས་ཁུངས་དང་ཁེ་ལས་དང་བྱ་གཞག་ཚན་པས་རང་སྒོ་ཡག་པོ་སྲུང་བ་དང་། རང་མིར་དོ་དམ་ཡག་པོ་བྱེད་པ། རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་རང་འགན་རང་འཁུར་དང་རང་འགན་གཙང་སྒྲུབ་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།