དབུ་ཤོག>སྲིད་དོན།
  • ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-01-08

    ཚེས་5ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་འཚོགས་ནས་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་ཏེ་རང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་ལེན་བསྟར་བའི་ལག་བསྟར་བསམ་འཆར་གྱི་འཆར་ཟིན་ཡག་པོ་འགོད་པའི་ལས་འགན་གསལ་བཤད་དང་ལས་བགོས་བཀོད་སྒྲིག་བྱས་པ་དང་འབྲེལ་ལྗོངས་ཡོངས་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུའི་གྲ་སྒྲིག་ཡག་པོ་བྱེད་རྒྱུའི་ཐད་བཀོད་སྒྲིག་ཀྱང་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཙེང་དབན་མིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་དབུན་ཧའོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་བཅས་ཚོགས་འདུར་ཕེབས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་རྒྱལ་མཚན་གྱིས་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་ནན་བཤད་གནང་དོན། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས་རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་འཆར་ཟིན་ཡག་པོ་འགོད་དགོས་པ་སྟེ། གཅིག་ནས་ཞིང་ལས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་བཏང་སྟེ་ཐོན་ལས་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་རྒྱས་ཡོང་བའི་འཐབ་ཇུས་ལག་བསྟར་བྱེད་པ། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་མཉམ་འདྲེས་འཕེལ་རྒྱས་ཡོང་བའི་མ་ལག་གཏོད་པ་བཅས་བྱས་ཏེ་ཞིང་དུད་ཆུང་ངུ་དང་དེང་རབས་ཞིང་འབྲོག་ལས་འཕེལ་རྒྱས་སྦྲེལ་མཐུད་ཡག་པོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། གཉིས་ནས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་སྣོད་བཅུད་སྡོད་མལ་གྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་དགོས། རི་ཆུ་ཀླུང་གསུམ་ལ་གོ་རིམ་ལྡན་པའི་ངང་བཅོས་སྐྱོང་བྱ་རྒྱུར་སྤྱི་འདོམས་དང་། ཞིང་འབྲོག་ཁུལ་གྱི་མངོན་གསལ་དོད་པའི་ཁོར་ཡུག་གི་གནད་དོན་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཁྲོམ་ར་ཅན་དང་སྣེ་མང་ཅན་གྱི་སྣོད་བཅུད་ཁ་གསབ་ལམ་སྲོལ་འཛུགས་པ་བཅས་བྱས་ཏེ་ཞིང་ལས་ཀྱི་སྣོད་བཅུད་ཐོན་རྫས་དང་ཞབས་ཞུའི་མཁོ་སྤྲོད་ཆེ་རུ་གཏོང་དགོས་པ། གསུམ་ནས་ཞིང་འབྲོག་ཁུལ་གྱི་རིག་གནས་དར་རྒྱས་ཡོང་བ་བྱས་ཏེ་ཡ་རབས་ལྡན་པའི་ཡུལ་སྲོལ་གྱི་རྣམ་པ་གསར་པ་དར་བ་བྱེད་དགོས། གྲོང་གསེབ་ཀྱི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཞིང་འབྲོག་ཁུལ་གྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་སྟེ་གྲོང་གསེབ་ཀྱི་སྤྱི་པའི་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ། བཞི་ནས་ཞིང་འབྲོག་ཁུལ་གྱི་གཞི་རིམ་གྱི་རྨང་གཞིའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་བཅོས་སྐྱོང་གི་མ་ལག་གསར་པ་གཏོད་དགོས། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་རྩ་བ་བརྟན་དུ་གཏོང་བའི་ཐབས་ཇུས་ལ་བརྩིས་ནས་དེང་རབས་ཀྱི་གྲོང་གསེབ་སྤྱི་ཚོགས་བཅོས་སྐྱོང་སྒྲིག་གཞི་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་ཞིང་འབྲོག་ཁུལ་དུ་གསོན་ཤུགས་ཀྱིས་ཁེངས་པ་དང་ཞི་མཐུན་ལྡན་ལ་སྒྲིག་ལམ་ཡང་ལྡན་པའི་འགན་ལེན་བྱེད་དགོས་པ། ལྔ་ནས་འཚོ་བ་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཞིང་འབྲོག་ཁུལ་གྱི་དམངས་འཚོ་འགན་ལེན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་རིམ་འཕར་རིམ་སྤོར་ཡོང་རྒྱུར་སྐུལ་འདེད་བཏང་ནས་སྤྱི་པའི་ཞབས་ཞུའི་ནུས་པ་མགྱོགས་མྱུར་ཆེ་རུ་གཏོང་བ་དང་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་གཏོད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཞིང་འབྲོག་ཁུལ་གྱི་ངལ་ནུས་ལས་ཞུགས་གཞན་སྒྱུར་དང་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་དགོས་པ། དྲུག་ནས་གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་དགོས། མི་འབོར་དབུལ་པོར་དམིགས་ནས་གནད་སྨིན་རོགས་སྐྱོར་དང་ཤིན་ཏུ་དབུལ་བའི་ས་ཁུལ་ལ་དམིགས་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་མི་འབོར་དབུལ་པོའི་ནང་གནས་སྒུལ་ཤུགས་འཕེལ་བ་བྱས་ཏེ་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་ཡག་པོ་བསྟར་བ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་པའི་དབར་སྦྲེལ་མཐུད་ཡག་པོ་བྱེད་དགོས་པ། བདུན་ནས་རྒྱུན་སྲིང་ལྷོད་མེད་ངང་ཞིང་འབྲོག་ཁུལ་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་གྲོང་གསེབ་དར་རྒྱས་ཡོང་བའི་ལམ་ལུགས་རང་བཞིན་གྱི་མཁོ་སྤྲོད་ལ་ཤུགས་སྣོན་རྒྱག་དགོས། གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་སྲོལ་སྲ་བརྟན་དང་འཐུས་ཚང་དུ་བཏང་ནས་གྲོང་གསེབ་ཀྱི་ས་ཆའི་ལམ་ལུགས་སྒྱུར་བཅོས་བྱེད་ཟབ་ཏུ་གཏོང་བ་དང་། གྲོང་གསེབ་ཀྱི་མཉམ་སྡེབ་ཐོན་དབང་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཞིང་འབྲོག་ཁུལ་གྱི་ཕྱོགས་བསྡུས་སྒྱུར་བཅོས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། ཞིང་འབྲོག་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། གྲོང་གསེབ་དར་རྒྱས་ཡོང་རྒྱུར་དངུལ་རྩས་རྒྱབ་སྐྱོར་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས་པ། བརྒྱད་ནས་ཏང་གིས“ཞིང་གསུམ”ལས་དོན་ལ་འགོ་ཁྲིད་རྒྱུར་ཤུགས་སྣོན་རྒྱག་པ་དང་འཐུས་ཚང་དུ་བཏང་ནས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་རྒྱུར་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས། “ཞིང་གསུམ”ལས་དོན་ལ་འགོ་ཁྲིད་རྒྱུའི་ཏང་གི་སྒྲིག་སྲོལ་ལམ་སྲོལ་འཐུས་ཚང་དུ་བཏང་ནས“ཞིང་གསུམ”ལས་དོན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུར་འགན་སྲུང་དང་འཆར་འགོད་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་གྲོང་གསེབ་དར་རྒྱས་ཡོང་རྒྱུར་རྣམ་པ་བཟང་པོ་ཞིག་གཏོད་དགོས་པ་བཅས་སོ།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།