དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་ཞིང་འབྲོག་ལས་མིར་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-01-03

    467726_yis_1514870437018.jpg

    ཟླ་1ཚེས་1ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཨུ་ཡོན་ལྷན་ཁང་དུ་ཕེབས་ནས་ཞིང་འབྲོག་ལས་མི་100ལ་གཅིག་སྡུད་ཐོག་འཚམས་འདྲི་གནང་བ་དང་འབྲེལ་འཚམས་འདྲིའི་དངུལ་ཡང་སྤྲད་གནང་བ།

    ཚེས་1ཉིན་ནི་2018ལོའི་གནམ་ལོ་གསར་ཚེས་ཡིན་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་སྤྱི་ཁྱབ་འཚམས་འདྲི་ཚོགས་པའི་ཚབ་ཞུས་ནས་ཞིང་འབྲོག་ལས་མིར་འཚམས་འདྲི་གནང་བ་དང་འབྲེལ་ལྗོངས་ཡོངས་ཀྱི་ལས་རིགས་ཁག་ཏུ་འབད་འཐབ་བྱེད་བཞིན་པའི་ཞིང་འབྲོག་ལས་མི་གྲོགས་པོ་ཚོར་ལོ་གསར་གྱི་འཚམས་འདྲི་དང་བླ་ན་མེད་པའི་གུས་འདུད་ཞུས་པ་རེད།

    རང་སྐྱོང་ལྗོངས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་བློ་བཟང་རྒྱལ་མཚན་གྱིས་ཚང་མ་དང་རེ་རེ་བཞིན་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་དང་ཁ་བཏགས་གཡོགས་གནང་ནས་ཁོང་ཚོའི་ལས་ཀའི་བརྒྱུད་རིམ་དང་ཁྱིམ་ཚང་གི་འཚོ་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཁོང་གིས་2017ལོར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་ཁུར་བྱེད་པའི་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོགས་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད།

    ད་ཆའི་བོད་ཀྱི་དཔལ་འབྱོར་ལེགས་ལ་འཕེལ་རྒྱས་མགྱོགས་པ་དང་། དམངས་འཚོ་རྒྱུན་མཐུད་ལེགས་པ། སྣོད་བཅུད་ཁོར་ཡུག་བཟང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན། ཆོས་ལུགས་འཆམ་མཐུན་ལམ་ལྷོངས། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བཅས་ཡོད་པས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་རྐྱང་ཞིག་མི་རྣམས་ཀྱི་མིག་ལམ་དུ་མངོན་ཡོད་པ་དེ་ནི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་དང་ཁ་བྲལ་ཐབས་མེད་ལ། ཞིང་འབྲོག་ལས་མི་གྲོགས་པོ་ཚོ་ཚུད་པའི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་དཀའ་སྤྱད་ངལ་རྩོལ་དང་འབད་བརྩོན་བྱས་པ་དང་དེ་བས་ཁ་བྲལ་ཐབས་མེད་ཅེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་2018ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་བྱེད་པའི་འགོ་འཛུགས་ལོ་དང་། སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་40འཁོར་བའི་ལོ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་གྱི་སྔ་འཛིན་རྗེས་མཐུད་ཀྱི་འགག་རྩའི་ལོ་བཅས་ཡིན། ང་ཚོས་བློ་བརྟན་འགྱུར་མེད་ངང་སྲོག་ཤིང་ལ་སྲུང་སྐྱོང་བྱེད་པ་དང་བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་དང་། “མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་དགོས”ཞེས་པའི་མཛུབ་སྟོན་གལ་ཆེན། དེ་བཞིན་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་བཅས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”ལག་བསྟར་གཏིང་ཟབ་བྱས་ནས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་བ་དང་ལས་དོན་ཡག་པོ་བསྒྲུབས་ཏེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་ལེགས་སྐྱེས་གསར་པ་སྔར་བས་འབུལ་དགོས། ང་ཚོར་རླབས་ཆེན་མེས་རྒྱལ་གྱི་འགྱུར་མེད་སྟོབས་ལྡན་གྱི་རྒྱབ་རྟེན་དང་། རླབས་ཆེན་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར། རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་བཅས་ཡོད་པས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་འབད་བརྩོན་བྱས་པ་བརྒྱུད། མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སྔར་བས་སྲ་བརྟན་ཡོང་བ་དང་། གངས་ལྗོངས་ས་མཐོ་སྔར་བས་མཛེས་སྡུག་ལྡན་པ། མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་བཅས་ཡོང་བའི་ཡིད་ཆེས་བརྟན་པོ་ཡོད་ཅེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།