དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་ཁག་གསུམ་བརྡ་ཁྱབ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-12-30

    2018ལོའི་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་འཆར་ལ་ཉེ་བའི་སྐབས་འདིར་སྒྲིག་ཁྲིམས་བླང་བྱ་སྔར་བས་དམ་དྲང་བྱས་ཏེ་ལྗོངས་ཡོངས་ཀྱི་ཏང་ཡོན་དང་ལས་བྱེད་པར་སློབ་གསོ་དང་ཉེན་བརྡ་གཏོང་བ་དང་དུས་ཆེན་རིང་གི“སྤྱོད་ཚུལ་བཞིའི”གནད་དོན་བསྐྱར་དུ་ཐོན་རྒྱུ་ནན་འགོག་བྱ་ཆེད་ད་ཆ་ཉེ་དུས་ཞིབ་བཤེར་ཐག་གཅོད་ཐུབ་པའི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་ཁག་གསུམ་བརྡ་ཁྱབ་གཏོང་རྒྱུ་གཤམ་གསལ། 

    གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་ཞིབ་དཔྱོད་ཁང་གི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་ཅན་ཁྲ་ཀྲང་དབང་ཕྱུག་གིས་སྒྲིག་འགལ་ངང་གཞུང་འཁོར་བཏང་བའི་གནད་དོན། 2017ལོའི་ཟླ་1ཚེས་30ཉིན་དབང་ཕྱུག་གིས་ལྷ་སར་རེས་འཁོར་ངལ་གསོ་རྒྱག་རིང་ཚན་པའི་གཞུང་འཁོར་བཏང་ནས་གཉེན་ཉེའི་ཁྱིམ་དུ་སྒེར་དོན་སྒྲུབ་པར་བསྐྱོད་པ་དང་འབྲེལ་གཞུང་འཁོར་གྲོང་མིའི་ཁུལ་ཆུང་ནང་བཞག་ཡོད། 2017ལོའི་ཟླ་12པར་དབང་ཕྱུག་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་ནས་ལས་གནས་ལེགས་སྒྲིག་བྱས་པ་རེད། 

    ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གི་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་ཁོའོ་ཡོན་བསོད་ནམས་ཚེ་བརྟན་གྱིས་སྒྲིག་འགལ་ངང་སློབ་འཕར་གསོལ་སྟོན་བཤམས་པའི་གནད་དོན། 2016ལོའི་ཟླ་8པར། བསོད་ནམས་ཚེ་བརྟན་གྱིས་ཕྲུ་གུར་སློབ་འཕར་གསོལ་སྟོན་བཤམས་ནས་གཉེན་ཉེ་དང་ལས་རོགས་24གདན་དྲངས་པ་དང་རྟེན་དོད་སྒོར་4550བླངས་པའི་ཁྲོད་ལས་རོགས་ས་ནས་རྟེན་དོད་སྒོར་2000བླངས་ཡོད། 

    2017ལོའི་ཟླ་7པར། བསོད་ནམས་ཚེ་བརྟན་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་དང་སྒྲིག་འགལ་མ་དངུལ་གཞུང་བཞེས་བཏང་བ་རེད། 

    ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དཔལ་འབྱོར་གླིང་ཤང་གི་དེ་སྔའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཤང་ཀྲང་ཕུར་བུ་ཚེ་རིང་གིས་གཞུང་དངུལ་བཏང་ནས་ཡུལ་སྐོར་དུ་སྐྱོད་པ་སོགས་ཀྱི་གནད་དོན། 2013ལོའི་ཟླ་5པར་ཕུར་བུ་ཚེ་རིང་གིས་ཤང་གི་ལས་བྱེད་པ་12སྒྲིག་འཛུགས་བྱས་ནས་ཉིང་ཁྲི་གྲོང་ཁྱེར་དུ་ཡུལ་སྐོར་བྱེད་པར་བསྐྱོད་པ་དང་གཞུང་དངུལ་སྒོར་ཁྲི་2ལྷག་ཙམ་བཏང་བ་རེད། 2012ལོ་ནས་2014ལོ་བར་གཞུང་དངུལ་སྤྱད་དེ་མི་སྒེར་གྱི་བཟའ་བཏུང་དང་རོལ་རྩེད་འགྲོ་གྲོན་སྒོར་ཁྲི་2.64རྩིས་ཞུ་བྱས་པ་རེད། 2017ལོའི་ཟླ་4པར། ཕུར་བུ་ཚེ་རིང་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་སྒྲོག་པ་དང་སྲིད་འཛིན་གྱི་ལས་གནས་ཕྱིར་འཐེན་བྱས་པའི་ཆད་པ་དང་། ཀྲུའུ་རེན་ཁོའོ་ཡོན་གཞོན་པ་གཞིར་བཟུང་ལས་དོན་བཀོད་སྒྲིག་བྱས་པ་དང་སྒྲིག་འགལ་མ་དངུལ་གཞུང་བཞེས་བཏང་བ་རེད། 

    བརྡ་ཁྱབ་ནང་རིམ་ཁག་ཏང་རྩ་འཛུགས་དང་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས“འདུ་ཤེས་བཞི”མཐོ་རུ་ཏན་ཏིག་བཏང་སྟེ“འགན་འཁྲི་གཉིས”དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ངར་ཤུགས་མི་ཆག་པ་དང་ལྷོད་གཡེང་མི་གཏོང་བ་དང་། རྒྱུན་སྲིང་ལྷོད་མེད། སྙིང་རུས་གཏན་འཁྱོངས་བཅས་ཀྱི་བླང་བྱ་གཞིར་བཟུང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས“སྤྱོད་ཚུལ་བཞི”རྒྱུན་མཐུད་བཅོས་སྒྲིག་བྱེད་དགོས། ཆབ་སྲིད་ཀྱི་ཚུགས་གནས་དང་ཆབ་སྲིད་ཀྱི་གོ་རྟོགས་མཐོ་རུ་བཏང་ནས་སྤྱོད་བཟང་འཛུགས་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་མུ་མཐུད་བརྩིས་ནས་བློ་བརྟན་འགྱུར་མེད་ངང་སྤྱོད་བཟང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པའི་སྙིང་རུས་དང་ངེས་ཤུགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ་རྒྱུན་འཁྱོངས་ལྷོད་མེད་ངང་སྤྱོད་བཟང་སྒྲིག་ནན་དང་ཞིབ་ཕྲའི་གནད་དོན་ནས་དམ་འཛིན་དང་། སྔ་ཙམ་དམ་འཛིན། ཆུང་ཙག་ནས་དམ་འཛིན་བཅས་མཐའ་འཁྱོངས་བྱེད་དགོས། སྒྲིག་ཁྲིམས་ལག་བསྟར་ལ་ལྟ་སྐུལ་བྱེད་པའི་འགན་འཁྲི་བདའ་འདེད་གཏོང་རྒྱུར་རྒྱུན་མཐུད་ཤུགས་སྣོན་བརྒྱབ་སྟེ་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་སོགས་དུས་ཆེན་གལ་ཆེན་ལ་དམ་པོར་དམིགས་ནས་མངོན་བཤེར་ལྐོག་ཞིབ་དང་། ཆེད་དོན་ཞིབ་བཤེར། སྐབས་བསྟུན་འཐེན་བཤེར། ཕན་ཚུན་ཞིབ་བཤེར་སོགས་ཀྱི་བྱེད་ཐབས་བརྒྱུད་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ནན་པོ་བཏང་སྟེ་མུ་མཐུད་བརྡ་ཁྱབ་གཏོང་བ་དང་དམར་འདོན་བྱེད་དགོས་པ་དང་། འབྲེལ་ཡོད་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས《ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལག་བསྟར་ཞིབ་སྲོལ》གྱི་འབྲེལ་ཡོད་དགོངས་དོན་ལ་ནན་པོར་གཞིགས་ནས་རྩ་ལག་མཉམ་བཅོས་མཐའ་འཁྱོངས་བྱས་ཏེ“སྤྱོད་ཚུལ་བཞིའི”གནད་དོན་ཞིབ་བཤེར་ཐག་ཆོད་ནན་པོ་བྱེད་པ་དང་དུས་མཚུངས་ལམ་ལུགས་ཀྱི་སྲུབས་ཀ་དུས་ཐོག་ཏུ་བཙལ་འཚོལ་དང་ཤེས་རྟོགས་ཐུབ་པ་བྱེད་པ་དང་། འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་ལྕག་ཧུར་ཐག་བྱེད་པ་དང་། ལམ་ལུགས་ལག་བསྟར་བྱེད་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། ལམ་ལུགས་དང་གཏན་འབེབས་ལས་འགལ་བའི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་ཆོད་ནན་པོ་བྱེད་པ་བཅས་བྱས་ཏེ་ལམ་ལུགས་ལག་ལེན་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།