དབུ་ཤོག>སྲིད་དོན།
  • 2017ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-12-28

    ལོ་གཅིག་རིང་། ལྗོངས་ཡོངས་ཀྱི་དགོན་སྡེ་དང་རྒྱ་ཆེའི་གྲྭ་བཙུན་ཚོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་བ་དང་། སློབ་སྦྱོང་། ལག་བསྟར་བཅས་བྱ་རྒྱུ་གཙོ་རྐང་དུ་བྱེད་པ་དང་། ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཏོད་པའི་བྱེད་སྒོ་སྤེལ་རྒྱུ་སྒུལ་ཤུགས་སུ་བྱེད་པ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་ནན་ཏན་བྱེད་པ། རྒྱལ་གཅེས་ཁྲིམས་སྲུང་དང་། སྒྲིག་བཀུར་སྡོམ་སྲུང་། བློ་སྦྱོང་ཟབ་གཏོང་། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ། “མོས་སེམས་ལྔ”ཟམ་མི་ཆད་པར་ཆེ་རུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་དང། རྒྱལ་ཁབ་ཀྱི་འདུ་ཤེས། ཁྲིམས་ལུགས་ཀྱི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས་བཅས་བརྟན་པོ་འཛུགས་པ། ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་དགོན་སྡེ་དོ་དམ་ཨུ་ལྷན་ལ་བརྟན་ལྷིང་སྲུང་སྐྱོང་བྱ་ཐབས་དོན་འཁྱོལ་དང་ཁྲིམས་ལྟར་ཆོས་ལུགས་བྱེད་སྒོ་སྤེལ་རྒྱུར་གཞོགས་འདེགས་ཧུར་ཐག་ཞུ་བ་བཅས་བྱས་པས་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་བྱུང་བ་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་སྔར་བས་སྲ་བརྟན་དང་གཏིང་ཟབ་ཏུ་ཕྱིན་པ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་མ་ཐེབས་པ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བས་ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་འབོར་ཆེན་ཞིག་ཐོན་ཡོད།

    སྔོན་ཐོན་ལ་གཟེངས་བསྟོད་དང་། དཔེ་མཚོན་གཏོད་པ། སྤྱོད་བཟང་དར་སྤེལ་བཅས་བྱ་ཆེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བྱམས་པ་གླིང་དགོན་པ་སོགས་དགོན་སྡེ་100ལ“2017ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ཞི་མཐུན་དཔེ་བཟང་གི་དགོན་སྡེའི”གཟི་བརྗིད་མཚན་སྙན་སྤྲོད་རྒྱུ་དང་། བསྟན་འཛིན་སྐལ་བཟང་སོགས་གྲྭ་བཙུན་6881ལ“2017ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན”གྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད། གཟེངས་བསྟོད་ཐོབ་མཁན་དཔེ་བཟང་དགོན་སྡེ་དང་སྔོན་ཐོན་གྲྭ་བཙུན་ཚོས་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་དང་ང་རྒྱལ་དང་འཚབ་འཚུབ་སྤངས་ཏེ་ཡང་འབད་བསྐྱར་འབད་དང་ལས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད་ཅེས་བསྟན་ཡོད།

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་དགོན་སྡེ་དང་རྒྱ་ཆེའི་གྲྭ་བཙུན་ཚོས་གཟེངས་བསྟོད་ཐོབ་མཁན་ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་མིག་དཔེར་འཛིན་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི་མཛུབ་སྟོན་གལ་ཆེན། དེ་བཞིན་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་གནང་བའི་འཕྲིན་ལན་གྱི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་ཏན་ཏིག་གཏོང་བ། ཏང་གི་བོད་སྐྱོང་མཛད་ཇུས་དང་། ཁྲིམས་ལྟར་བོད་སྐྱོང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས་བྱེད་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། “རྒྱལ་གཅེས་ཆོས་གཅེས་དང་། མཐུན་སྒྲིལ་ཡར་ཐོན། རྒྱལ་སྐྱོང་འགྲོ་ཕན”བཅས་འགན་འཁྲིར་བརྩི་བ། མེས་རྒྱལ་ལ་དགའ་ཞེན་དང་། ཁ་ཕྲལ་ལ་ངོ་རྒོལ། སྒྲིག་བཀུར་སྡོམ་སྲུང་། སྡིག་སྤོང་དགེ་སྒྲུབ། ཀུན་སྤྱོད་ཚད་ལྡན། བློ་སྦྱོང་ཟབ་གཏོང་བཅས་བྱས་ནས་ཆབ་སྲིད་ཐད་ཏང་དང་སྲིད་གཞུང་དང་བློ་གཅིག་སེམས་མཐུན་དང་། དམིགས་ཚད་ཐད་ཏང་དང་སྲིད་གཞུང་དང་འདུན་པ་གཅིག་མཐུན། བྱ་སྤྱོད་ཐད་ཏང་དང་སྲིད་གཞུང་དང་བྱ་སྤྱོད་གཅིག་གྱུར་བཅས་ཐོག་མཐའ་བར་གསུམ་དུ་བྱས་ནས་རང་རྟོགས་ངང་ཆོས་ལུགས་འཆམ་མཐུན་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། སྤྱི་ཚོགས་ཞི་མཐུན་སྲུང་སྐྱོང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བཅས་བྱས་ཏེ་ཞི་མཐུན་དཔེ་བཟང་གི་དགོན་སྡེ་གཏོད་པ་དང་། རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་བརྩོན་ལེན་བྱེད་པ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་ཀྱི་ཐོག་ནས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་འབོད་སྐུལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།