ལོ་གཅིག་རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་། དགོན་སྡོད་རྒྱ་ཆེའི་ལས་བྱེད་པ། ཆོས་ལུགས་ལས་དོན་གྱི་ལས་བྱེད་པ་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་སྲིད་ཇུས་དང་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་ཆོས་ལུགས་ཀྱི་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱེད་པ་དང་། དགོན་སྡེའི་སློབ་གསོ་དོ་དམ་ཞབས་ཞུ་གཏིང་ཟབ་ཏུ་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ། དགོན་སྡེའི་དོ་དམ་ལས་དོན་གྱི་གྲུབ་འབྲས་གཏིང་ཟབ་ཏུ་དང་ལེགས་སུ་གཏོང་རྒྱུ་གཙོ་རྐང་དུ་བྱེད་པ་བཅས་ཀྱི་ཐོག་ནས་ཁྲིམས་ལྟར་དོ་དམ་དང་། སྤྱི་ཚོགས་དོ་དམ། དམངས་གཙོའི་དོ་དམ་བཅས་ཟུང་དུ་འབྲེལ་བའི་དགོན་སྡེའི་དོ་དམ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ལས་བྱེད་པ་དགོན་སྡོད་ལས་དོན་མི་སེམས་སུ་ཟུག་པ་དང་། དགོན་སྡེའི་སྤྱི་པའི་ཞབས་ཞུ་ཉིན་བཞིན་འཐུས་སྒོ་ཚང་དུ་གཏོང་བ། དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་དོན་འཁྱོལ་ནུས་ལྡན་ཐུབ་པ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་ལེགས་སྐྱེས་གལ་ཆེན་ཕུལ་བས་སྔོན་ཐོན་མཉམ་སྡེབ་དང་ཕུལ་བྱུང་མི་སྒེར་འབོར་ཆེན་ཞིག་ཐོན་ཡོད་པ་རེད།
སྔོན་ཐོན་ལ་གཟེངས་བསྟོད་དང་ལྗོངས་ཡོངས་ཀྱི་རིམ་ཁག་དགོན་སྡེ་དོ་དམ་ཨུ་ལྷན་དང་དགོན་སྡོད་རྒྱ་ཆེའི་ལས་བྱེད་པ་དང་ཆོས་ལུགས་ལས་དོན་གྱི་ལས་བྱེད་པས་དགོན་སྡེ་དོ་དམ་གྱི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུར་སྐུལ་མ་གཏོང་ཆེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བྱམས་པ་གླིང་དགོན་སྡེ་དོ་དམ་ཨུ་ལྷན་སོགས་དགོན་སྡེ་དོ་དམ་ཨུ་ལྷན(ཁུལ་ཁོངས་དོ་དམ་ཨུ་ལྷན་དང་དགོན་སྡེའི་ཆེད་བསྐོས་དོ་དམ་ཆེད་མངགས་པ)100ལ“2017ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་སྔོན་ཐོན་དགོན་སྡེ་དོ་དམ་ཨུ་ལྷན”དང་། ཡོན་ཏན་སོགས་དགོན་སྡོད་ལས་བྱེད་པ་740ལ“2017ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་དགོན་སྡོད་ལས་བྱེད་པ” ཉི་བཀྲ་སོགས་ཆོས་ལུགས་ལས་དོན་གྱི་ལས་བྱེད་པ་60ལ“2017ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་ལས་དོན་གྱི་ཕུལ་བྱུང་ལས་བྱེད་པ”བཅས་ཀྱི་གཟེངས་བསྟོད་མཚན་སྙན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད། གཟེངས་བསྟོད་ཐོབ་མཁན་སྔོན་ཐོན་མཉམ་སྡེབ་དང་ཕུལ་བྱུང་མི་སྒེར་གྱིས་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་བྱས་ཏེ་ང་རྒྱལ་དང་འཚབ་འཚུབ་སྤངས་ནས་ཡང་འབད་བསྐྱར་འབད་ཀྱིས་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད་ཅེས་བསྟན་ཡོད།
རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་དགོན་སྡེ་དོ་དམ་ཨུ་ལྷན་དང་། དགོན་སྡོད་རྒྱ་ཆེའི་ལས་བྱེད་པ། ཆོས་ལུགས་ལས་དོན་པ་བཅས་ཀྱིས་གཟེངས་བསྟོད་ཐོབ་མཁན་སྔོན་ཐོན་མཉམ་སྡེབ་དང་ཕུལ་བྱུང་མི་སྒེར་མིག་དཔེར་འཛིན་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ། རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི་མཛུབ་སྟོན་གལ་ཆེན། ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་གནང་བའི་འཕྲིན་ལན་གྱི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། “འདུ་ཤེས་བཞི”བརྟན་པོ་འཛུགས་པ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་དང་ཏང་གི་བོད་སྐྱོང་མཛད་ཇུས་དང་། ཁྲིམས་ལྟར་བོད་སྐྱོང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས་བྱེད་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཆོས་ལུགས་ལས་དོན་སྐོར་གྱི་ཏང་གི་གཞི་རྩའི་མཛད་ཕྱོགས་སྲིད་ཇུས་དང་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དགོན་སྡེ་དོ་དམ་ལ་སྔར་བས་ཤུགས་སྣོན་དང་གསར་གཏོད་བྱེད་པ། སློབ་གསོ་དོ་དམ་དང་ཞབས་ཞུའི་འགན་འཁྲི་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། “ཁྲིད་སྟོན”ལ་ཤུགས་བརྒྱབ་སྟེ་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། བློ་སེམས་གཅིག་མཐུན་དང་ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་རླབས་ཆེན་རྒྱལ་ཁ་ཧུར་ཐག་བླངས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་དང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་མངོན་འགྱུར་ཡོང་བའི་བོད་ཀྱི་ལེའུ་ཡག་པོ་རྩོམ་དགོས་པའི་འབོད་སྐུལ་བྱས་ཡོད།