དབུ་ཤོག>སྲིད་དོན།
  • སྒྱུར་བཅོས་གསར་གཏོད་ཀྱི་བྱ་ཐབས་ཇི་མ་ཇི་བཞིན་དོན་འཁྱོལ་བྱས་ཏེ། མ་འཇོག་དང་མ་དངུལ་བསྡུ་སྒྲིལ་གྱི་ལམ་སྲོལ་སྒྱུར་བཅོས་དང་གོ་མིང་ཐོབ་ཐང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-12-27

    ཚེས་25ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ《མ་འཇོག་དང་མ་དངུལ་བསྡུ་སྒྲིལ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལག་བསྟར་བསམ་འཆར》དང《གོ་མིང་ཐོབ་ཐང་ལམ་ལུགས་སྒྱུར་བཅོས་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བསམ་འཆར》ལ་ཞིབ་འཇུག་དང་གྲོས་བསྡུར་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་དུས་རབས་གསར་པའི་བླང་བྱ་དང་རང་རྟོགས་ངང་འཚམ་པ་དང་སྒྱུར་བཅོས་གསར་གཏོད་ཀྱི་བྱ་ཐབས་ཇི་མ་ཇི་བཞིན་དོན་འཁྱོལ་བྱས་ནས་མ་འཇོག་དང་མ་རྩ་བསྡུ་སྒྲིལ་གྱི་སྒྲིག་སྲོལ་སྒྱུར་བཅོས་དང་གོ་མིང་ཐོབ་ཐང་ལམ་ལུགས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས་པའི་ནན་བཤད་གནང་བ་རེད། 

    ཀྲོང་ཡན་གྱིས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་མ་འཇོག་དང་མ་རྩ་བསྡུ་སྒྲིལ་གྱི་སྒྲིག་སྲོལ་སྒྱུར་བཅོས་ཀྱི་དོན་སྙིང་གལ་ཆེན་ངོས་འཛིན་གཏིང་ཟབ་བྱས་ནས “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་དང་ལྷག་པར་དུ་རྒྱལ་ཁབ་ཀྱི་མ་འཇོག་དང་སྤྱི་ཚོགས་ཀྱི་མ་འཇོག་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་བླང་བྱ་གཞིར་བཟུང་། སྒྱུར་བཅོས་གསར་གཏོད་བྱ་ཐབས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ལེ་ལག་ཚང་བའི་སྒྱུར་བཅོས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ། ལྟ་འདོམས་ཀྱི་གཅུན་འདོམས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་འཕེལ་རྒྱས་ཡོང་བར་བྱེད་དགོས་ཞེས་གསུངས། 

    ཀྲོང་ཡན་གྱིས་གོ་མིང་ཐོབ་ཐང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དམ་འཛིན་བྱ་གཞིར་བྱས་ནས། ཆབ་སྲིད་ཀྱི་ཚད་གཞི་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། ཆེད་ལས་ཀྱི་ནུས་པ་དང་། ལས་རྗེས་ལེགས་སྐྱེས། ཆེད་ལས་ཀྱི་སྙིང་སྟོབས་བཅས་ལ་མཐོང་ཆེན་བྱེད་པ། དེ་བས་ཚན་རིག་དང་མཐུན་པ་དང་། དེ་བས་ལུགས་དང་མཐུན་པ། དེ་བས་གནད་ལ་སྨིན་པ་བཅས་ཀྱི་ཤེས་ལྡན་པའི་སྲིད་ཇུས་ལག་ལེན་བསྟར་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་གོ་མིང་ཐོབ་ཐང་གི་ལས་དོན་ལ་གནས་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་པ་དང་། ཚད་ལས་བརྒལ་ས་དང་འཇུག་གཞི་གནད་ལ་འཁེལ་བའི་ངང་འཚོལ་བ། སྣག་ཐོག་གཙག་འཁེལ། གནད་སྨིན་ཇུས་འདོན་བཅས་བྱས་ཏེ་སྒྱུར་བཅོས་ལ་སྔོན་དཔག་ལྟར་གྱི་ཕན་འབྲས་ཐོན་པར་བྱེད་དགོས། ཏང་གིས་ཤེས་ལྡན་པར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ནས་རིམ་ཁག་ཏང་ཨུད་ཀྱིས་སྤྱི་ཡོངས་ལ་གཅིག་འདོམ་ས་དང་། ཕྱོགས་ཁག་ལ་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ཀྱི་སྲོག་ཤིང་གི་ནུས་པ་ཡག་པོ་འདོན་པ་དང་། ཏང་ཨུད་ཀྱིས་གཅིག་འགྱུར་འགོ་ཁྲིད་དང་། རྩ་འཛུགས་སྡེ་ཚན་གྱིས་སྣེ་ཁྲིད་ནས་སྤྱི་ཡོངས་ལ་དམ་འཛིན་བྱེད་པ། འབྲེལ་ཡོད་སྡེ་ཚན་གྱིས་རང་འགན་གཙང་སྒྲུབ་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་རྒྱ་ཁྱབ་ངང་ཞུགས་པའི་ཤེས་ལྡན་པའི་ལས་ཀའི་བཀོད་པ་འཐུས་སྒོ་ཚང་དུ་གཏོང་དགོས། ཚན་རིག་དང་མཐུན་པའི་གདེང་འཇོག་ཆོས་ཉིད་ལ་བརྩི་སྲུང་ཞུས་ཏེ། ལས་རིགས་མི་འདྲ་བའི་ངོ་བོ་དང་ཁྱད་ཆོས་ཁོང་དུ་ཆུད་པར་བྱས་ནས་གདེང་འཇོག་ཚད་གཞི་སྔར་བས་འཐུས་ཚང་དང་། གདེང་འཇོག་བྱེད་སྟངས་གསར་གཏོད། གདེང་འཇོག་གི་ཚན་རིག་དང་མཐུན་པའི་ཆུ་ཚད་མཐོ་རུ་གཏོང་བ། མི་སྤྱོད་ཀྱི་བྱེད་པོའི་རང་རྟེན་དབང་ཆ་འགན་སྲུང་དང་དོན་འཁྱོལ་བཅས་བྱས་ནས་ཤེས་ལྡན་པ་བེད་སྤྱོད་ལ་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱེད་དགོས། གོ་མིང་ཐོབ་ཐང་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་དང་། གོ་མིང་ཐོབ་ཐང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འབྲེལ་ཡོད་སྲིད་ཇུས་དྲིལ་བསྒྲགས་གསལ་འགྲེལ་ལ་ཤུགས་སྣོན་བརྒྱབ་སྟེ་གོ་མིང་ཐོབ་ཐང་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་བདེ་བླག་གཏོང་བར་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས་པའི་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།