དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-12-23

    ཚེས་21ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཁོར་ཡུག་སྲུང་སྐྱོང་གི་ཁྲལ་ཁྲིམས་ལག་བསྟར་གཏིང་ཟབ་བྱེད་པ་དང་སྣོད་བཅུད་མ་ལག་སྲུང་སྐྱོང་དང་སླར་གསོའི་ལས་དོན་ཡག་པོ་བསྒྲུབས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་འཛམ་གླིང་ཐོག་གི་དག་ཞིང་མཐའ་མ་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཀྲོང་ཡན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་བོད་ས་མཐོའི་རིན་ཐང་ཆེ་ཤོས་ནི་སྣོད་བཅུད་དང་། འགན་འཁྲི་ཆེ་ཤོས་ནི་སྣོད་བཅུད། མི་མངོན་པའི་ནུས་པ་ཆེ་ཤོས་ནི་སྣོད་བཅུད་བཅས་ལ་ཐུག་ཡོད་ལ། ལེགས་སྐྱེས་ཆེ་ཤོས་ཀྱང་སྣོད་བཅུད་ལ་ཐུག་ཡོད། དེར་བརྟེན་མཚོ་བོད་ས་མཐོའི་སྣོད་བཅུད་ལ་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་གཏོང་བའི་ལེགས་སྐྱེས་ཆེ་ཤོས་རེད་ཅེས་མཛུབ་སྟོན་གནང་ཡོད། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་བསྐྲུན་པའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་སྣོད་བཅུད་འདུ་འགོད་འཛུགས་སྐྲུན་དང་། རྒྱལ་ཁབ་ས་ཆའི་སྔོ་འགྱུར་འདུ་འགོད་འཛུགས་སྐྲུན། སྣོད་བཅུད་སྐྱིན་གསབ་ལམ་སྲོལ་དོན་འཁྱོལ་སོགས་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་གནང་བས་རང་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ཐད་ཡར་རྒྱས་ཆེན་པོ་བྱུང་ཡོད། རླུང་ཁམས་ཆེ་མོའི་སྦགས་བཙོག་དངོས་པོ་དང་ཆུའི་སྦགས་བཙོག་དངོས་པོར་ཁྲལ་འབོར་ཚད་གཞི་བཟོ་རྒྱུ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་མཚོན་ཚུལ་དང་། ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་ཁྲལ་ཁྲིམས་ལག་བསྟར་གཏིང་ཟབ་བྱེད་པའི་ཞིབ་ཕྲའི་བྱ་ཐབས། མཚོ་བོད་ས་མཐོའི་སྣོད་བཅུད་ལ་སྲུང་སྐྱོང་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་བཅས་རེད། རྨོ་ཞིང་དང་། རྩྭ་ཐང་། ཆུ་བོ། མཚེའུ་བཅས་སོར་ཆུད་སྐྱེ་འཕེལ་ལག་བསྟར་བྱ་རྒྱུ་དེ་མ་ལག་ཆ་ཚང་བའི་སྣོད་བཅུད་ཤེས་དཔལ་གྱི་ལམ་ལུགས་མ་ལག་མགྱོགས་པོ་འཛུགས་པ་དང་། ལྗོངས་ཡོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་བསྐྲུན་རྒྱུ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་མཛུབ་སྟོན་གནང་བ་རེད། ཀྲོང་ཡན་གྱིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་དང་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་མཛུབ་སྟོན་གྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ནས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཁོར་ཡུག་སྲུང་སྐྱོང་གི་ཁྲལ་ཁྲིམས་ལག་བསྟར་གཏིང་ཟབ་དང་། སྣོད་བཅུད་མ་ལག་སྲུང་སྐྱོང་དང་སླར་གསོའི་ལས་དོན་མཉམ་དུ་ཡག་པོ་སྒྲུབ་པ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།