ཚེས་7ཉིན་གྱི་སྔ་དྲོ། ལྗོངས་ཡོངས་ཀྱི་ས་ཁུལ་དང་ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་པས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་དུས་ཐེངས་གསུམ་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཟུར་ཁྲིད་སྙན་ཞུ་གནང་བ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་བསྟན་ཁོས་གཙོ་སྐྱོང་གནང་བ་རེད།
བློ་བཟང་རྒྱལ་མཚན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་ལེན་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བར་གོ་བ་གཏིང་ཟབ་ལེན་པ།
ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པའི་ཆབ་སྲིད་ཀྱི་ཆོད་གཏམ་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་འགྱུར་ལྡོག་ཕྱིན་པའི་ཁྱད་ཆོས་གསར་པར་གོ་བ་གཏིང་ཟབ་ལེན་པ། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་འགན་འཁྲི་དང“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་གོ་བ་གཏིང་ཟབ་ལེན་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་ཐབས་ཇུས་ཆེན་པོར་གོ་བ་གཏིང་ཟབ་ལེན་པ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བའི་བླང་བྱ་གསར་པ་དང་བཀོད་སྒྲིག་གསར་པར་གོ་བ་གཏིང་ཟབ་ལེན་པ་བཅས་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་ཏན་ཏིག་གཏོང་བ་དང་། ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ཟབ་ཏུ་ཏན་ཏིག་གཏོང་བ། བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བཅས་བྱས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་མཐའ་གཅིག་ཏུ་ཡོང་བ་བྱེད་དགོས་ཞེས་གསུངས།
བློ་བཟང་རྒྱལ་མཚན་གྱིས་ཁྲིམས་བཞིན་བོད་སྐྱོང་ནི་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་དང་། དུས་རབས་གསར་པའི་བོད་ཀྱི་ལས་དོན་གྱི་རྩ་དོན་གལ་ཆེན་ཞིག་རེད། བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་བྱེད་པར་ཆེས་རྩ་བ་ནི་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་བླང་བྱ་དང་བཀོད་སྒྲིག་གཞིར་བཟུང་ཁྲིམས་བཞིན་བོད་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཐག་རང་གཅོད། ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་ཡོང་བར་བྱས་ཏེ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ཁྲིམས་སྐྱོང་གི་དར་ཆ་ལྷབ་ལྷུབ་ཏུ་གཡོ་བར་བྱས་ནས་བཅའ་ཁྲིམས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་དང་། ཁྲིམས་སྐྱོང་གི་བྱེད་ཐབས་ལ་བརྟེན་ནས་སྒྱུར་བཅོས་དོན་གཉེར་མཐའ་འཁྱོངས་དང་ལས་དོན་ལ་སྐུལ་འདེད་བཏང་སྟེ་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཁྲིམས་སྐྱོང་གི་བསམ་གཞི་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་བྱ་བ་སྒྲུབ་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་དང་འཇོན་ཐང་ཆེ་རུ་གཏོང་དགོས་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་མཐའ་འཁྱོངས་བྱས་ཏེ་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་འཁེལ་བྱས་པའི་བཀོད་སྒྲིག་ཁག་རྒྱལ་ཁའི་ངང་ལག་ལེན་བསྟར་ཆེད་སྲ་ཞིང་བརྟན་པའི་བསམ་བློའི་འགན་ལེན་དང་། ཆབ་སྲིད་ཀྱི་འགན་ལེན། རྩ་འཛུགས་ཀྱི་འགན་ལེན་བཅས་བྱེད་དགོས་ཞེས་གསུངས།