“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོར་སྔར་བས་སྐུལ་འདེད་གཏོང་ཆེད། ཉེ་ཆར། རྣམ་གླིང་རྫོང་སོག་ཆེན་ཤང་པད་ལུང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོ་ཡོངས་ཀྱི་ཏང་ཡོན་སྒྲིག་འཛུགས་བྱས་ཏེ《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》གཙོ་གནད་དུ་སློབ་སྦྱོང་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་སྡོད་ལས་དོན་རུ་ཁག་གིས་བོད་ཡིག་གི་ཏང་གི་སྒྲིག་ཡིག་དང་། སྒྲིག་སྲོལ། སློབ་སྦྱོང་གི་དཔྱད་གཞི་བཅས་ཚང་མར་སྤྲད་པ་དང་ཏང་གི་སྒྲིག་ཡིག་ནང་གཏན་ལ་ཕབ་པའི་ཏང་ཡོན་མི་རེ་ངོ་རེར་ལོངས་སྤྱོད་བྱེད་དབང་ཡོད་པའི་དབང་ཆ་དང་། སྒྲུབ་དགོས་པའི་འོས་འགན། བརྩི་སྲུང་ཞུ་དགོས་པའི་སྒྲིག་ལམ་སོགས་ལ་སློབ་སྦྱོང་བྱས་པ་རེད། སློབ་སྦྱོང་བྱེད་མཇུག་འགྲིལ་རྗེས་ལས་དོན་རུ་ཁག་གིས་ཚང་མའི་སྣེ་ཁྲིད་དེ་ཏང་ཡོན་ཡོངས་ཀྱིས་གྲོང་ཚོ་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་རིང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཇི་ལྟར་འདོན་དགོས་པའི་ཐད་ལ་གྲོས་བསྡུར་གང་ལེགས་བྱས་པ་དང་མཐར་ཏང་ཡོན་ཡོངས་ཀྱིས་ཏང་གི་སྒྲིག་ཡིག་ལག་བཤུས་བརྒྱབ་པ་མ་ཟད། སློབ་སྦྱོང་གི་ནང་དོན་ལ་དམིགས་ནས་རང་ཉིད་ཀྱི་མྱོང་ཚོར་གླེང་ཞིང་། ཚང་མས་ད་རེས་ཀྱི་སློབ་སྦྱོང་ལས་ཕན་པ་ཆེན་པོ་ཐོབ་བྱུང་ཞེས་མགྲིན་གཅིག་ཏུ་བཤད།