དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་པེར་ཀྲེམ་དུ་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2017-11-19

     པེར་ཀྲེམ་རྒྱལ་ཕྲན་མཉམ་འབྲེལ་གྱི་གྲོས་ཚོགས་འོག་མའི་གྲོས་དཔོན་པུ་ལ་ཁེས་ཚེས་14ཉིན་པུ་རུ་སེར་དུ་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་སྣེ་ཁྲིད་པའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་སྐུ་ཚབ་ཚོགས་པར་མཇལ་འཛོམས་གནང་སྐབས། ཀྲུང་གོའི་འབྱུང་འགྱུར་སྔར་བས་མཛེས་སྡུག་ལྡན་པ་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

    པུ་ལ་ཁེས་གྲོལ་མ་ཐག་པའི་ཀྲུང་གུང་གི་ཚོགས་ཆེན་བཅུ་དགུ་པ་དེ་ཀྲུང་གོར་དོན་སྙིང་ཤིན་ཏུ་ཆེན་པོ་ལྡན་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ལའང་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་དང་ཤུགས་རྐྱེན་ལྡན་ཡོད། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག བོད་རང་སྐྱོང་ལྗོངས་ཚུད་པའི་ཀྲུང་གོའི་འབྱུང་འགྱུར་སྔར་བས་མཛེས་སྡུག་ལྡན་པ་ཡོང་ངེས་ཡིན་པར་ཡིད་ཆེས་ཡོད”ཅེས་གསུངས་པ་རེད།

    པུ་ལ་ཁེས། ན་ནིང་ངས་ཚོགས་པའི་སྣེ་ཁྲིད་དེ་བོད་དུ་འཚམས་འདྲིར་སྐྱོད་རིང་། བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་བ་མིག་མཐོང་ལག་ཟིན་བྱུང་བ་མ་ཟད། ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱི་ངོ་སྤྲོད་ཉན་རྗེས། རང་ཉིད་ཀྱིས་བོད་འཕེལ་རྒྱས་འགྲོ་བའི་རྒྱུ་རྐྱེན་གཏིང་ཟབ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་ནས་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལའང་ངོས་འཛིན་སྔར་བས་ཟབ་མོ་བྱུང་སོང་ཞེས་གསུངས་པ་དང་། པུ་ལ་ཁེས་ཏཱ་ལའི་ཆབ་སྲིད་བྱེད་སྒོར་རྒྱབ་སྐྱོར་བྱ་རྒྱུ་མིན་ཞེས་ཁ་གསལ་བསྟན་པ་རེད།

    མཇལ་འཛོམས་གནང་རིང་། བློ་བཟང་རྒྱལ་མཚན་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། དམངས་འཚོ་སོགས་ཐད་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་གནང་བ་དང་། ཡང་སྒོས་སུ་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་དེའི་དོན་སྙིང་གལ་ཆེན་དང་ནང་དོན་གལ་ཆེན་ཡང་དྲིལ་བསྒྲགས་དང་ངོ་སྤྲོད་གནང་བ་རེད། བློ་བཟང་རྒྱལ་མཚན་གྱིས་མི་རིང་བའི་གོང་འཚོགས་པའི་ཀྲུང་གུང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནས་བབ་སྔར་བས་གཏན་འཁེལ་གནང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཏང་གི་མཛུབ་ཁྲིད་དགོངས་པར་གཏན་འཁེལ་གནང་བ་མ་ཟད། བོད་རང་སྐྱོང་ལྗོངས་ཚུད་པའི་ཀྲུང་གོའི་འབྱུང་འགྱུར་འཕེལ་རྒྱས་ལ་འཐབ་ཇུས་བཀོད་སྒྲིག་ཀྱང་གནང་བས། བོད་ཀྱི་འབྱུང་འགྱུར་ལ་ང་ཚོ་ཡིད་ཆེས་ཀྱིས་ཁེངས་བཞིན་ཡོད་ཅེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་སྣེ་ཁྲིད་པའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་སྐུ་ཚབ་ཚོགས་པས་ཚེས་13ནས་15ཉིན་བར་པེར་ཀྲེམ་ལ་འཚམས་འདྲི་གནང་བ་རེད། དེའི་རིང་། སྐུ་ཚབ་ཚོགས་པས་པུ་རུ་སེར་གྱི་ཀྲུང་གོའི་རིག་གནས་ལྟེ་གནས་ལ་རྟོག་ཞིབ་གནང་བ་མ་ཟད། པེར་ཀྲེམ་དུ་ཡོད་པའི་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མིའི་བོད་རིགས་སྤུན་ཟླའི་འཐུས་མི་དང་བཞུགས་མོལ་གནང་ཡོད་ལ། པུ་རུ་སེར་གྲོང་ཁྱེར་ཨོ་ལུའུ་ཨོ་ཁུལ་གྱི་སྐད་རིགས་མང་བའི་སློབ་གྲྭར་ཡང་རྟོག་ཞིབ་དང་འབྲེལ་ཡོ་རོབ་མནའ་འབྲེལ་དུ་བཅའ་སྡོད་རང་རྒྱལ་གྱི་ཕོ་ཉ་ཚོགས་པ་དང་པེར་ཀྲེམ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་ཕྱི་འབྲེལ་དཔོན་དང་ཡང་ལས་དོན་སྤེལ་རེས་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།