2017ལོའི་དགུན་དུས་ནས་2018ལོའི་དཔྱིད་དུས་བར་གྱི་ནགས་ཚལ་མེ་ཟོན་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་རྒྱ།
གཅིག ནགས་ཚལ་མེ་ཟོན་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རྒྱ་ཁྱབ་སྤེལ་དགོས།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནགས་ཚལ་བཅའ་ཁྲིམས》དང《ནགས་ཚལ་མེ་ཟོན་སྲོལ་ཡིག》(རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་ཨང་541པ) 《བོད་རང་སྐྱོང་ལྗོངས་ཀྱིས〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནགས་ཚལ་བཅའ་ཁྲིམས〉ལག་བསྟར་བྱེད་པའི་བྱ་ཐབས》སོགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། རང་ལྗོངས་ཀྱི་འདི་ལོའི་དགུན་དུས་དང་ཕྱི་ལོའི་དཔྱིད་དུས་ཀྱི་ནགས་ཚལ་མེ་ཟོན་དུས་བབ་དང་ཟུང་འབྲེལ་བྱས་ནས་2017ལོའི་ཟླ་11ཚེས་15ཉིན་ནས་2018ལོའི་ཟླ་5ཚེས་31ཉིན་བར་འདི་ལོའི་དགུན་དུས་དང་ཕྱི་ལོའི་དཔྱིད་དུས་ཀྱི་ནགས་ཚལ་མེ་ཟོན་དུས་སྐབས་དང་། 2017ལོའི་ཟླ་12ཚེས་15ནས་2018ལོའི་ཟླ་4ཚེས་30ཉིན་བར་ནགས་ཚལ་མེ་ཟོན་གྱི་འགག་རྩའི་དུས་སྐབས་ལ་གཏན་འཁེལ་བྱས་ཡོད། རང་ལྗོངས་ཀྱི་ནགས་ཚལ་མེ་ཟོན་ལས་དོན་ཏན་ཏིག་ངང་ལེགས་པར་སྒྲུབ་ཆེད། གཤམ་གསལ་གྱི་བཀའ་རྒྱ་ཆེད་མངགས་གཏོང་རྒྱུ་ཡིན།
ས་གནས་རིམ་ཁག་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་སྣོད་བཅུད་བདེ་འཇགས་འགན་ལེན་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་ཐད་ཀྱི་ནགས་ཚལ་མེ་ཟོན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་དགོས། ས་ཁུལ (གྲོང་ཁྱེར)ཁག་དང་རྫོང(ཆུས)ཁག་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས་དམངས་ཡོངས་ཀྱི་ནགས་ཚལ་མེ་ཟོན་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྣ་ཚོགས་ཧུར་ཐག་སྤེལ་བ་དང་། གསར་འགྱུར་སྨྱན་སྦྱོར་གང་ལེགས་སྤྱད་དེ་ནགས་ཚལ་མེ་ཟོན་གྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་མེ་ཟོན་མེ་གསོད་ཤེས་བྱ་དྲིལ་བསྒྲགས་བྱེད་པ། སྤྱི་ཕན་བརྡ་ཆ་དང་ཆ་འཕྲིན་ཡོངས་བསྒྲགས་བྱས་ཏེ། “12119”ཡི་ནགས་ཚལ་མེ་ཟོན་ཉེན་བརྡའི་ཁ་པར་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ། “སློབ་གྲྭ་དང་། སྡེ་ཁུལ། ཨར་སྐྲུན་ཚན་པ། གྲོང་གསེབ། ཞིང་དུད”བཅས་སུ་ནགས་ཚལ་མེ་ཟོན་ཤེས་བྱ་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། དམངས་ཡོངས་ཀྱི་ནགས་ཚལ་མེ་ཟོན་གྱི་བཅའ་ཁྲིམས་འདུ་ཤེས་དང་ནགས་ཚལ་མེ་སྐྱོན་ཉེན་ཁར་དོགས་ཟོན་བྱེད་པའི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་བ་བཅས་བྱས་ནས་ནགས་ཚལ་མེ་ཟོན་ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་། མི་ཀུན་གྱིས་རྟོགས་པ། རང་རྟོགས་ངང་སྲུང་བརྩི་བཅས་ཐུབ་པ་བྱས་ཏེ་མཉམ་འགོག་མཉམ་བཅོས་དང་ཇུས་ཤུགས་མཉམ་འདོན་གྱི་རྣམ་པ་བཟང་པོ་ཞིག་གཙོ་གནད་ཐོག་གཏོད་དགོས།
གཉིས། ཐང་སྡེར་གྱི་མེ་ཁུངས་ལ་དོ་དམ་ནན་པོ་བྱེད་དགོས།
ས་ཁུལ(གྲོང་ཁྱེར)ཁག་དང་རྫོང(ཆུས)ཁག་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས《ནགས་ཚལ་མེ་ཟོན་སྲོལ་ཡིག》གི་གཏན་འབེབས་གཞིར་བཟུང་ཐང་སྡེར་གྱི་མེའི་དོ་དམ་ལས་དོན་དང་། གཙོ་གནད་ས་ཁོངས། རི་འཛུལ་ལམ་མདོ་བཅས་སུ་གཙོ་གནད་དོགས་ཟོན་དང་ཆེད་མི་ལྟ་སྲུང་བྱེད་མཁན་བཀོད་སྒྲིག་ནན་པོ་བྱེད་དགོས། ནགས་ཚལ་མེ་ཟོན་དུས་ཚོད་ནང་ས་གནས་དེ་གའི་མང་ཚོགས་རི་སྟེང་དུ་ཕྱུགས་འཚོ་བར་སྐྱོད་སྐབས་ངེས་པར་དུ་ས་གནས་དེ་གའི་ཤང(གྲོང་རྡལ)གི་སྤྱི་ཕན་ནགས་ཚལ་དོ་དམ་སྲུང་སྐྱོང་ས་ཚིགས་དང་གྲོང་ཚོ་ཨུ་ལྷན་དུ་ཐོ་འགོད་བྱེད་དགོས། དེ་དང་ཆབས་ཅིག་ཐང་སྡེར་དུ་མེ་སྤྱོད་སྐབས་ངེས་པར་དུ“གཏན་འགོག་བཅུ”ཐུབ་པ་བྱེད་དགོས་པ་སྟེ། ནགས་ཁུལ་གྱི་ཐང་སྡེར་དུ་མེ་བཏང་ནས་ལྟོ་ཆས་བཟོ་རྒྱུ་གཏན་འགོག་བྱེད་དགོས་པ་དང་། ནགས་ཁུལ་ཐང་སྡེར་དུ་མེ་བཏང་ནས་དྲོད་ལེན་བྱེད་རྒྱུ་གཏན་འགོག་བྱེད་དགོས་པ། ནགས་ཁུལ་ཐང་སྡེར་དུ་བསང་གཏོང་རྒྱུ་གཏན་འགོག་བྱེད་དགོས་པ། ནགས་ཁུལ་ཐང་སྡེར་དུ་ཉི་ཐབ་སྤྱོད་རྒྱུ་གཏན་འགོག་བྱེད་དགོས་པ། ནགས་ཁུལ་དུ་ཐ་མག་འཐེན་རྒྱུ་གཏན་འགོག་བྱེད་དགོས་པ། ནགས་ཁུལ་དུ་རྔོན་དང་རི་དྭགས་རྒྱག་རྒྱུ་གཏན་འགོག་བྱེད་དགོས་པ། ནགས་ཁུལ་དུ་ཤིང་གཅོད་རྒྱུ་གཏན་འགོག་བྱེད་དགོས་པ། ནགས་ཁུལ་དུ་མེ་ཕུང་དགོང་ཚོགས་གཉེར་རྒྱུ་གཏན་འགོག་བྱེད་དགོས་པ། ནགས་ཁུལ་དུ་འབར་གས་དངོས་པོ་སྐྱེལ་འདྲེན་དང་བེད་སྤྱོད་བྱེད་རྒྱུ་གཏན་འགོག་བྱེད་དགོས་པ། ནགས་ཁུལ་དུ་ཨར་སྐྲུན་རྫས་མདེལ་སྤྱོད་རྒྱུ་གཏན་འགོག་བྱེད་དགོས་པ་བཅས་རེད། ནགས་ཁུལ་གྱི་མེ་སྤྱོད་ཞིབ་མཆན་འགོད་པའི་ལམ་ལུགས་ཁག་ལག་ལེན་ནན་པོ་བསྟར་ནས་ཐང་སྡེར་དུ་མེ་སྤྱོད་དོ་དམ་ལམ་ལུགས་ལག་ལེན་བསྟར་བ་དང་། མེ་ཟོན་གྱི་བྱ་ཐབས་རིམ་པ་བཞིན་དོན་འཁྱོལ་བྱེད་དགོས་པ་དང་འབྲེལ་ཆོག་མཆན་མ་ཐོབ་པར་རང་དགར་ནགས་ཁུལ་དུ་མེ་སྤྱོད་མཁན་ལ་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཞིབ་བཤེར་ཐག་གཅོད་ནན་པོ་དང་མགྱོགས་པོ་བྱེད་དགོས། ཨར་སྐྲུན་གྱི་ཞིབ་མཆན་འགོད་པའི་དོ་དམ་དང་འགན་འཁྲིའི་ལམ་ལུགས་ལ་དོ་དམ་བྱེད་ནན་དུ་གཏོང་དགོས་པ་དང་། ཨར་སྐྲུན་ཚན་པས་ངེས་པར་དུ་མེ་ཟོན་སྔོན་ཇུས་བཟོ་བ་དང་ནགས་ཚལ་མེ་ཟོན་གྱི་ལྟ་སྐུལ་དོ་དམ་པ་བཀོད་སྒྲིག་བྱེད་དགོས།
གསུམ། མེ་གསོད་གེགས་སེལ་གྱི་གྲ་སྒྲིག་ལས་དོན་ཏན་ཏིག་ངང་ལེགས་པར་སྒྲུབ་དགོས།
ས་གནས་རིམ་ཁག་མི་དམངས་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ནགས་ཚལ་མེ་ཟོན་གྱི་འཕྲལ་སྡོམ་ཐག་གཅོད་སྔོན་ཇུས་བཟོ་བ་དང་འཐུས་སྒོ་ཚང་དུ་བཏང་ནས་ནགས་ཚལ་མེ་སྐྱོན་ཐོན་ཚེ་སྔོན་ཇུས་གཞིར་བཟུང་མགྱོགས་མྱུར་མེ་གསོད་ལས་དོན་སྤེལ་ཐུབ་པ་དང་མགྱོགས་མྱུར་ཐག་གཅོད་ཐུབ་པའི་འགན་ལེན་བྱེད་དགོས། ས་གནས་རིམ་ཁག་མི་དམངས་སྲིད་གཞུང་གིས་ནགས་ཚལ་མེ་ཟོན་གྱི་སྔོན་འགོག་དང་མེ་གསོད་གེགས་སེལ་གྲོན་དངུལ་དེ་རིམ་པ་གཅིག་མཚུངས་ཀྱི་ནོར་སྲིད་སྔོན་རྩིས་ནང་བཅུག་ནས་མེ་གསོད་གེགས་སེལ་གྱི་གྲོན་དངུལ་དོན་འཁྱོལ་བྱེད་པ་དང་། དངོས་ཟོག་གྲ་སྒྲིག་ཡག་པོ་བྱེད་པ། མེ་གསོད་འཕྲུལ་ཆས་དང་ཡོ་བྱད་སོགས་ཀྱི་སྒྲིག་ཆས་ལ་ཕྱོགས་ཡོངས་ནས་ཉམས་བཟོ་བྱེད་པ་བཅས་བྱས་ཏེ་མེ་ཟོན་མེ་གསོད་ཀྱི་དགོས་མཁོ་འགན་ལེན་བྱེད་དགོས། དྲག་ཆས་ཉེན་རྟོག་བོད་ལྗོངས་ནགས་ཚལ་དཔུང་སྡེས་དམག་འཐབ་རྒྱག་ཆོག་ཆོག་བྱས་ནས་མི་སྣ་དང་། འཁོར་རིགས། མེ་གསོད་འཕྲུལ་ཆས་དང་ཡོ་བྱད་སོགས་ལག་ཏུ་ལྡན་ཚད་དང་འཐུས་སྒོ་ཚང་ཚད་ངེས་པར་དུ་90%ཡན་ཟིན་པ་བྱེད་དགོས་པ་དང་འབྲེལ་རིམ་ཁག་ནགས་ཚལ་མེ་ཟོན་བཀོད་འདོམས་པུའུ་དང་མཉམ་དུ་ནགས་ཚལ་མེ་ཟོན་གྱི་ལས་དོན་ཁག་ཏན་ཏིག་ངང་ལེགས་པར་སྒྲུབ་དགོས། ས་ཁུལ(གྲོང་ཁྱེར)རྫོང(ཆུས)གི་ཆེད་ལས་དང་ཕྱེད་ཆེད་ལས་ཀྱི་མེ་གསོད་དཔུང་ཁག་དང་དེ་བཞིན་ཤང(གྲོང་རྡལ)གི་ནགས་ཚལ་མེ་ཟོན་འཕྲལ་སྒྲུབ་རུ་ཁག་གིས་མེ་གསོད་ནང་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་མེ་ཟོན་མེ་གསོད་ཀྱི་གྲ་སྒྲིག་མཐའ་དག་ཡག་པོ་བྱེད་དགོས་པ་དང་། རིམ་ཁག་ནགས་ཚལ་མེ་ཟོན་བཀོད་འདོམས་པུས“མི་རྩ་བར་འཛིན་པ་དང་བདེ་འཇགས་ཨང་དང་པོ་འཇོག་པའི”བསམ་བློ་བརྟན་པོ་བཙུགས་ནས་མེ་ཟོན་མེ་གསོད་ཀྱི་བདེ་འཇགས་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་མི་སྣ་འཆི་རྨས་ཀྱི་ལས་འཛོལ་རྩ་བ་ནས་མི་ཐོན་པ་བྱེད་དགོས།
བཞི། ནགས་ཚལ་མེ་སྐྱོན་སྙན་ཞུའི་ལམ་ལུགས་ལག་ལེན་ནན་པོ་བསྟར་དགོས།
ས་ཁུལ(གྲོང་ཁྱེར)ཁག་གི་སྲིད་འཛིན་ཀུང་ཧྲུའུ(མི་དམངས་སྲིད་གཞུང)དང་། རྫོང(ཆུས)ཁག་གི་མི་དམངས་སྲིད་གཞུང་དང་ནགས་ཚལ་མེ་ཟོན་བཀོད་འདོམས་པུའུ་ཡིས་ནགས་ཚལ་མེ་ཟོན་གྱི་ལས་རེས་ལམ་ལུགས་དང་ཆ་འཕྲིན་སྙན་ཞུའི་ལམ་ལུགས་ལག་ལེན་ནན་པོ་བསྟར་དགོས། ནགས་ཚལ་མེ་ཟོན་དུས་ཚོད་ནང་རིམ་ཁག་ནགས་ཚལ་མེ་ཟོན་སྡེ་ཚན་གྱིས་ངེས་པར་དུ་ཆུ་ཚོད་24ཡི་རིང་ལས་རེས་དང་འགོ་ཁྲིད་ཀྱིས་ལས་རེས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྲིད་འཛིན་བཀའ་རྒྱ་དང་མེ་སྐྱོན་གནས་ཚུལ་ཆ་འཕྲིན་ཤར་གཏོང་ཐུབ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ནགས་ཚལ་མེ་སྐྱོན་ཁོངས་གཏོགས་སུ་གནས་ཚུལ་གོང་ཞུའི་ལམ་ལུགས་ལག་ལེན་ནན་པོ་བསྟར་ནས་མེ་སྐྱོན་གནས་ཚུལ་དུས་ཐོག་ཏུ་ཚོད་འཛིན་ནུས་ལྡན་ཐུབ་པའི་འགན་ལེན་བྱེད་དགོས། སྤྱི་ཕན་ནགས་ཚལ་ཆེད་ལས་དོ་དམ་སྲུང་སྐྱོང་པ་དང་ནགས་སྲུང་བས་སྐོར་ཞིབ་བྱེད་རྒྱ་ཆེ་རུ་བཏང་སྟེ་སྐོར་ཞིབ་བྱེད་ཚད་མཐོ་རུ་དང་བྱེད་ཐེངས་མང་དུ་གཏོང་བ་དང་། མེ་སྐྱོན་གནས་ཚུལ་ཤེས་ཚེ་འཕྲལ་དུ་ཐག་གཅོད་བྱེད་དགོས་པ་དང་ཆབས་ཅིག་འབྲེལ་ཡོད་སྡེ་ཚན་ལ་སྙན་སེང་ཞུ་དགོས། རིམ་ཁག་གནམ་གཤིས་སྡེ་ཚན་གྱིས་སྨྱན་སྦྱོར་སྣ་ཚོགས་བརྒྱུད་ས་ཁོངས་དེ་གའི་ནགས་ཚལ་མེ་སྐྱོན་ཉེན་ཁའི་རིམ་པ་སྔོན་བརྡ་གཏོང་དགོས། ནགས་ཚལ་མེ་སྐྱོན་ཤེས་མ་ཐག་ཚན་པ་དང་མི་སྒེར་ཚང་མར་ས་གནས་དེ་གའི་ནགས་ཚལ་མེ་ཟོན་བཀོད་འདོམས་པུའམ་ཡང་ན་ནགས་ལས་སྲིད་འཛིན་གཙོ་གཉེར་སྡེ་ཚན་ལ་འཕྲལ་དུ་སྙན་སེང་ཞུ་དགོས་པའི་འོས་འགན་ཡོད། “12119”ཡི་ནགས་ཚལ་མེ་ཟོན་ཉེན་བརྡའི་ཁ་པར་བརྒྱབ་ནས་ལས་དོན་མྱུར་དུ་སྤེལ་བ་དང་མེ་ཆུང་དུས་ནས་གསོད་ཐུབ་པ་བྱས་ཏེ་ནགས་ཚལ་མེ་སྐྱོན་ཐོན་རྒྱུ་གཏན་འགོག་ནུས་ལྡན་བྱེད་དགོས།
ལྔ། ནགས་ཚལ་མེ་སྐྱོན་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་ལྟ་སྐུལ་མཛུབ་ཁྲིད་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་དགོས།
ས་ཁུལ(གྲོང་ཁྱེར)ཁག་གི་སྲིད་འཛིན་ཀུང་ཧྲུའུ་དང་། རྫོང(ཆུས)ཁག་གི་མི་དམངས་སྲིད་གཞུང་དང་རང་སྐྱོང་ལྗོངས་ནགས་ཚལ་མེ་ཟོན་བཀོད་འདོམས་པུའི་གཞུང་ལས་ཁང་གིས་ནགས་ཚལ་མེ་སྐྱོན་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་གྱི་ཇུས་གཞི་ཁག་སོ་སོར་བཟོས་ནས་གྲལ་བཤེར་གྱི་ནང་དོན་དང་། གྲལ་བཤེར་བྱ་ཐབས། གྲལ་བཤེར་གྱི་བླང་བྱ། གྲལ་བཤེར་ལས་དོན་སྒྲིག་འཛུགས་སོགས་ཁ་གསལ་བཟོས་ནས་ནགས་ཚལ་མེ་སྐྱོན་ཉེན་ཁའི་མངོན་མེད་རྐྱེན་ངན་རིམ་པ་སྟར་ཆགས་བཞིན་གྲལ་བཤེར་དང་། གང་སར་གྲལ་བཤེར། དུས་རྟག་ཏུ་གྲལ་བཤེར་བཅས་བྱེད་དགོས། མེ་སྐྱོན་གྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་དང་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་པ་དང་། རང་སྐྱོང་ལྗོངས་ནགས་ལས་གཙོ་གཉེར་སྡེ་ཚན་གྱིས་གནམ་གཤིས་གནས་ཚུལ་གཞིར་བཟུང་ཟླ་རེར་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་མི་མངོན་པའི་རྐྱེན་ངན་ལ་གྲལ་བཤེར་དང་ལྟ་སྐུལ་མཛུབ་ཁྲིད་ཐེངས་རེ་བྱེད་དགོས་པ་དང་། ས་ཁུལ(གྲོང་ཁྱེར)གྱིས་ཉིན་20ཡི་ནང་གྲལ་བཤེར་ཐེངས་རེ་བྱེད་དགོས་པ་དང་། རྫོང(ཆུས)གིས་གཟའ་འཁོར་རེར་གྲལ་བཤེར་ཐེངས་རེ་བྱེད་དགོས། ནགས་སྲུང་བས་ཉིན་རེར་ལྟ་སྐུལ་དོ་དམ་ཁྱབ་ཁོངས་ནང་ཕྱོགས་ཡོངས་དང་བར་མཚམས་མི་ཆད་པའི་སྒོ་ནས་མེའི་གནས་ཚུལ་ལ་གྲལ་བཤེར་བྱས་ནས་ཁུག་ཆ་དང་གྲིབ་ཆ་མི་ལུས་པ་བྱས་ཏེ་མི་མངོན་པའི་རྐྱེན་ངན་ཤེས་ཚེ་དུས་ཐོག་ཏུ་སྙན་སེང་ཞུ་བ་དང་དུས་ཐོག་ཏུ་ཐག་གཅོད་བྱེད་པ་དང་། ཕྱོགས་བསྡུས་རྣམ་པ་དང་བར་མཚམས་མེད་པའི་མེ་སྐྱོན་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་གནས་ཚུལ་ཁ་གསལ་དང་འབྱུང་རྩ་ཁ་གསལ་མཐིལ་རྟོགས་དང་། མ་བྱུང་སྔོན་འགོག་དངོས་འབྲེལ་ཐུབ་པ་བྱེད་དགོས།
དྲུག ཁྲིམས་བཞིན་མེ་སྐྱོན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས།
ས་གནས་རིམ་ཁག་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ཁྲིམས་བཞིན་མེ་སྐྱོན་བཅོས་སྒྲིག་དང་། ཁྲིམས་བཞིན་མི་ལ་དོ་དམ་བྱས་ནས་ནགས་ཚལ་མེ་སྐྱོན་བཟོ་མཁན་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་དགོས། མེ་སྐྱོན་གྱི་མི་མངོན་པའི་རྐྱེན་ངན་ཤེས་རྟོགས་ཐུབ་ཀྱང་སྔོན་འགོག་ཡག་པོ་མི་བྱེད་པའམ་ཡང་ན་ལས་འགན་སྣང་མེད་ལྷོད་གཡེང་དུ་གཏོང་བ་དང་འགན་ཤོར་འགན་འཛོལ་བྱུང་ནས་ནགས་ཚལ་མེ་སྐྱོན་ཐོན་རིགས་དང་། མེ་སྐྱོན་གནས་ཚུལ་གོང་ཞུ་མི་བྱེད་པ་དང་མེ་གསོད་གོ་སྐབས་འཐུས་ཤོར་བྱུང་རིགས། མེ་སྐྱོན་སྔོན་འགོག་གི་འགན་འཁྲི་དོན་འཁྱོལ་མི་བྱེད་པ་དང་མེ་གསོད་སྒྲིག་འཛུགས་བྱེད་ཤུགས་མི་འདང་བ་ལས་བཟོས་པའི་ནགས་ཚལ་མེ་སྐྱོན་ཧ་ཅང་ཚབས་ཆེན་ནམ་ཡང་ན་ཤུགས་རྐྱེན་ཆེན་པོ་ཐེབས་རིགས་བཅས་ལ་ས་གནས་དེ་གའི་སྲིད་གཞུང་དང་ནགས་ལས་སྲིད་འཛིན་གཙོ་གཉེར་སྡེ་ཚན་གྱི་འགོ་ཁྲིད་ཀྱི་འགན་འཁྲི་རྩད་གཅོད་མཐའ་གཅིག་ཏུ་བྱེད་དགོས། དེ་དང་ཆབས་ཅིག་ནགས་ཚལ་མེ་སྐྱོན་ཤེས་ཚེ་ནགས་ཚལ་སྤྱི་བདེ་སྡེ་ཚན་གྱིས་ས་གནས་དེ་གའི་སྤྱི་བདེ་སྡེ་ཚན་དང་མཉམ་དུ་ཆེད་དོན་གྱོད་གཞི་ཚོགས་ཆུང་བཙུགས་ནས་ཁྲིམས་བཞིན་ཞིབ་བཤེར་ཐག་གཅོད་ནན་པོ་དང་མགྱོགས་མྱུར་ཐག་གཅོད་བྱེད་དགོས་པ་དང་འབྲེལ་དུས་ཐོག་ཏུ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་ནས་ཐག་གཅོད་གཅིག་ཐུབ་པ་དང་། ཡུག་ཁུལ་གཅིག་ལ་ཉེན་བརྡ་གཏོང་ཐུབ་པ། ཕྱོགས་གཅིག་ལ་སློབ་གསོ་ཐེབས་པ་བཅས་བྱེད་དགོས།
ས་ཁུལ(གྲོང་ཁྱེར)སྲིད་འཛིན་ཀུང་ཧྲུའུ་དང་། རྫོང(ཆུས)མི་དམངས་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་དང་ནགས་ཚལ་སྲིད་འཛིན་གཙོ་གཉེར་སྡེ་ཚན་གྱི་འགན་ཁུར་བ་གཙོ་བོས་ངེས་པར་དུ་ནགས་ཚལ་མེ་ཟོན་གྱི་འགན་ཁུར་བ་ཨང་དང་པོ་དང་འགན་ཁུར་བ་གཙོ་བོའི་འགན་འཁྲི་ནན་ཏན་ཁུར་ནས་རིམ་པ་སྟར་ཆགས་བཞིན་ནགས་ཚལ་མེ་ཟོན་གྱི་དམིགས་ཚད་འགན་འཁྲི་ཡི་གེར་མིང་རྟགས་བཀོད་དེ་ཀྲོན་ཡོན(ཧྲི་ཀྲང)དང་། རྫོང་དཔོན(ཆུས་ཀྲང) ཤང(གྲོང་རྡལ)ཀྲང་། གྲོང་ཚོ(གྲོང་ལྷན)ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཀྱི་འགན་འཁྲི་དེ་ནགས་ཚལ་མེ་ཟོན་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་དགོས། རིམ་ཁག་འགོ་ཁྲིད་ཀྱིས་རིམ་དབྱེ་དང་ཡུག་དབྱེའི་འགན་གཙང་ལམ་ལུགས་ལག་ལེན་བསྟར་དགོས། རིམ་ཁག་ནགས་ཚལ་མེ་ཟོན་བཀོད་འདོམས་པུའམ་ཡང་ན་ཁོངས་མིའི་ཚན་པས་འགན་འཁྲི་ཁ་གསལ་བཟོ་བ་དང་འགན་འཁྲི་ཡག་པོ་བསྒྲུབས་ཏེ་ནགས་ཚལ་མེ་སྐྱོན་སྔོན་བརྡ་གཏོང་བའི་ལས་དོན་དང་མེ་གསོད་གེགས་སེལ་གྲ་སྒྲིག་ལས་དོན་ཧུར་ལ་རང་འགུལ་ངང་ལེགས་པར་བསྒྲུབས་ཏེ་མེ་སྐྱོན་ཤེས་མ་ཐག་འཕྲལ་དུ་མེ་སྐྱོན་ཐོན་ཡུལ་དུ་བསྐྱོད་དེ་མེ་གསོད་ཐུབ་པའི་འགན་ལེན་བྱེད་དགོས། ནགས་ཚལ་མེ་ཟོན་གྱི་རྒྱུན་གཏན་དོ་དམ་ལས་དོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་གཏན་འབེབས་ལས་འགལ་ནས་ནགས་ཚལ་མེ་སྐྱོན་ཐོན་རིགས་ལ་མེ་སྐྱོན་བཟོ་མཁན་གྱི་འགན་འཁྲི་རྩད་གཅོད་ནན་པོ་བྱེད་དགོས་པ་དང་ཆབས་ཅིག་གནས་ཚུལ་ལ་གཞིགས་ནས་འབྲེལ་ཡོད་འགོ་ཁྲིད་ཀྱི་སྲིད་འཛིན་འགན་འཁྲི་དང་བཅའ་ཁྲིམས་ཀྱི་འགན་འཁྲི་རྩད་གཅོད་བྱེད་དགོས།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས།
2017ལོའི་ཟླ་11ཚེས་2ཉིན།
འགན་འཁུར་རྩོམ་སྒྲིག་པ། 次仁曲珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣