དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་བོད་ཀྱི་2017ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཞབས་ཞུ་ཟླ་བའི་ཆེད་དོན་གདན་ཞུ་བྱ་ཡུལ་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-11-14

    ཚེས་11ཉིན་རང་ལྗོངས་ཀྱི“2017ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཞབས་ཞུའི་ཟླ་བའི་ཆེད་དོན་གདན་ཞུའི་ཚོགས་འདུ་དང་སྐབས་ལྔ་པའི་གྲོང་ཁྱེར་ཆེ་འབྲིང་གི་མཉམ་འབྲེལ་གདན་ཞུའི་ཚོགས་འདུ”ལྗོངས་མི་ཤུགས་ཐོན་ཁུངས་ཁྲོམ་རར་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་བརྟག་ཞིབ་གནང་སྐབས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། མཐོ་སློབ་སློབ་ཐོན་སློབ་མའི་སྲིད་གཞུང་གི་ལས་ཞུགས་དང་ཁྲོམ་རའི་ལས་ཞུགས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་དང་བྱ་གཞག་གསར་གཏོད་ཀྱི་རོགས་སྐྱོར་སྲིད་ཇུས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་གྱིས་མཐོ་སློབ་སློབ་ཐོན་སློབ་མ་སོགས་གཞོན་ནུའི་ཚོགས་སྤྱིར་ཐབས་ལམ་མང་པོའི་ཐོག་ནས་ལས་ཞུགས་དང་ལས་གཏོད་བྱ་རྒྱུར་སྐུལ་མ་བཏང་སྟེ་2017ལོའི་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་གང་ལེགས་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།


    ལྗོངས་མི་ཤུགས་ཐོན་ཁུངས་ཁྲོམ་རའི་སྒོ་རའི་ནང་ལྗོངས་ཕྱི་ནང་གི་ཁེ་ལས་400ལྷག་ཙམ་གྱི་གདན་ཞུའི་སྒྲོམ་སྟེགས་མདུན་དུ་གདན་ཞུ་དང་ལེན་བྱེད་པར་ཡོང་བའི་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ཚོས་འཚང་ཁ་ཤིག་ཤིག་ངང་རང་ཉིད་ཀྱི་འདོད་བློ་དང་མཐུན་པའི་ཁེ་ལས་ལ་ལས་གནས་བློ་འདྲི་དང་ལོ་རྒྱུས་མདོར་བསྡུས་སྤྲོད་བཞིན་འདུག  ཀྲོང་ཡན་གདན་ཞུ་བྱ་ཡུལ་དུ་ཕེབས་ཏེ་མི་སྤྱོད་ཚན་པའི་གདན་ཞུའི་སྒྲོམ་སྟེགས་སུ་གཟིགས་སྐོར་ཞིབ་ཕྲ་གནང་བཞིན་གདན་ཞུའི་གསལ་བརྡར་གཟིགས་ནས“ཁེ་ལས་ལ་ཕྱོགས་གང་ཐད་ཀྱི་ཤེས་ལྡན་མི་སྣ་དགོས་མིན”དང“གདན་ཞུ་དང་ལེན་བྱེད་མཁན་ལ་རེ་བ་གང་ཞིག་ཡོད་མེད” “གླ་ཕོགས་དང་ཐོབ་ཐང་གང་འདྲ་ཡོད་མེད”སོགས་མི་སྤྱོད་ཚན་པ་དང་ངོ་འཕྲད་སྤེལ་རེས་གནང་བ་རེད། ད་རེས་ཀྱི་གདན་ཞུ་ལས་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མར་ལས་གནས་3500ལྷག་ཙམ་མཁོ་འདོན་བྱས་པ་མཁྱེན་སྐབས་ཀྲོང་ཡན་དགྱེས་ཚོར་ཆེན་པོ་བྱུང་བ་དང་། འབྲེལ་ཡོད་སྡེ་ཚན་ལ་འདོན་སྤྲོད་དང་དགོས་མཁོ་ཕྱོགས་གཉིས་ཀའི་སྔོན་ཚུད་ཀྱི་རེ་བ་ཁྲིད་སྟོན་ལུགས་མཐུན་བྱེད་པ་དང་། ཞབས་ཞུའི་བརྒྱུད་རིམ་ལེགས་སུ་གཏོང་བ། ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མ་དང་མི་སྤྱོད་ཚན་པར་དེ་བས་སྟབས་བདེ་བ་དང་། ནུས་པ་ཆེ་བ། གནད་སྨིན་བཅས་ཀྱི་ལས་ཞུགས་ཞབས་ཞུ་མཁོ་འདོན་བྱེད་དགོས་པའི་བཀའ་མངགས་གནང་བ་རེད།


    ཀྲོང་ཡན་ཅུས་ལུང་ཟངས་གཏེར་གྱི་གདན་ཞུའི་སྒྲོམ་སྟེགས་མདུན་དུ་ཕེབས་སྐབས་ཀྲུང་གོ་གཏེར་ལས་སློབ་ཆེན་གྱི་ལོ་འདི་རང་དུ་ཐོན་པའི་སློབ་མ་བུ་ཆུང་ལོ་རྒྱུས་མདོར་བསྡུས་སྐྱེལ་བཞིན་ཡོད་པ་རེད། བུ་ཆུང་གིས་རང་ཉིད་ཀྱི་འདོད་བློ་དང་མཐུན་པའི་ཁེ་ལས་ལ་ལོ་རྒྱུས་མདོར་བསྡུས་3བསྐྱལ་ནས་ཁེ་ལས་ཀྱི་ངོ་འཕྲད་རྒྱུགས་ལེན་སྒུག་བསྡད་པ་མཁྱེན་སྐབས་ཀྲོང་ཡན་གྱིས་བུ་ཆུང་དང་ཉེ་འགྲམ་གྱི་སློབ་གྲྭ་ཆེ་མོ་བ་ཚོར་ཁྲོམ་རའི་ལས་ཞུགས་ལ་རྒྱ་ཆེ་བའི་ལས་སྟེགས་དང་མཛེས་སྡུག་ལྡན་པའི་མདུན་ལམ་ཡོད་པས་ཚང་མས་ལས་ཞུགས་ཀྱི་ལྟ་བ་ཧུར་ཐག་བསྒྱུར་ཏེ་སྔོན་ལ་ལས་ཞུགས་དང་རྗེས་སུ་ལས་ཀ་བདམས་ནས་ཁྲོམ་རའི་ལས་ཞུགས་བརྒྱུད་འཇོན་ཐང་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་ནང་འཕྲོད་ནུས་ཆེ་རུ་གཏོང་བ། ཁེ་ལས་ནང་རང་ཉིད་ཀྱི་འཇོན་ཐང་ངོམས་པ་བཅས་བྱས་ཏེ་རང་ཉིད་ཀྱི་རིན་ཐང་དེ་བས་མངོན་ཐུབ་པ་བྱེད་དགོས་པའི་བཀའ་མངགས་གནང་བ་རེད།


    དེ་རྗེས་ཀྲོང་ཡན་གྱིས་ད་དུང་འབྲེལ་ཡོད་སྡེ་ཚན་སྐོངས་ཏེ་ས་གནས་ས་ཐོག་ཏུ་བཞུགས་མོལ་ཚོགས་འདུ་འཚོགས་གནང་བ་དང་དུས་མཚམས་གོང་མའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་དང་བྱ་གཞག་གསར་གཏོད་ལ་ཐོབ་པའི་གྲུབ་འབྲས་ཁས་ལེན་གང་ལེགས་གནང་རྗེས། ཁོང་གིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་དང་བྱ་གཞག་གསར་གཏོད་ལ་སྐུལ་མ་གཏོང་རྒྱུ་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་བཅས་ཡིན་པས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་དང་བྱ་གཞག་གསར་གཏོད་ལས་དོན་ཡག་པོ་སྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ནས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་ལས་ཞུགས་ཞབས་ཞུ་ཡག་པོ་སྒྲུབ་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་དང་བྱ་གཞག་གསར་གཏོད་ཆེད་ཆ་རྐྱེན་བཟང་པོ་བསྐྲུན་ཐོག་རང་ལྗོངས་ཀྱི་ལས་ཞུགས་རྣམ་པ་སྤྱིར་བརྟན་པོ་ཡོང་བ་བྱེད་དགོས་ཞེས་བསྟན་གནང་བ་རེད།


    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།