དབུ་ཤོག>སྲིད་དོན།
  • ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-11-07

    སྤྱིའི་རྩ་འཛིན།

    ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོའི་བཟོ་པའི་གྲལ་རིམ་གྱི་གདོང་ལེན་རུ་ཁག་ཡིན་ལ། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་གདོང་ལེན་རུ་ཁག་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་འགོ་ཁྲིད་བྱེད་མཁན་སྲོག་ཤིང་ལྟ་བུའང་ཡིན་ཞིང་། ཀྲུང་གོའི་སྔོན་ཐོན་ཐོན་སྐྱེད་ནུས་ཤུགས་གོང་དུ་སྤེལ་བའི་དགོས་མཁོ་མཚོན་བྱེད་དང་། ཀྲུང་གོའི་སྔོན་ཐོན་རིག་གནས་གོང་དུ་སྤེལ་བའི་ཁ་ཕྱོགས་མཚོན་བྱེད། ཀྲུང་གོའི་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་གྱི་མཚོན་བྱེད་བཅས་ཡིན། ཏང་གི་ཕུགས་བསམ་ཆེ་ཤོས་དང་མཐར་ཐུག་གི་དམིགས་ཡུལ་ནི་གུང་ཁྲན་རིང་ལུགས་མངོན་འགྱུར་བྱ་རྒྱུ་དེ་ཡིན།

    ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་རང་ཉིད་ཀྱི་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་བྱ་རྒྱུ་ཡིན།

    མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱིས་མིའི་རིགས་སྤྱི་ཚོགས་དང་ལོ་རྒྱུས་གོང་དུ་འཕེལ་བའི་ཆོས་ཉིད་གསལ་པོར་བསྟན་པས། དེའི་གཞི་རྩའི་རྩ་བའི་རིག་པ་ནི་ཡང་དག་པ་ཞིག་ཡིན་པ་དང་། སྐྱེ་སྟོབས་ཆེས་ཆེར་ལྡན་པ་ཞིག་ཡིན། ཀྲུང་གོའི་གུང་ཁྲན་ཏང་མིས་བརྩོན་ལེན་བྱེད་པའི་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེ་ཤོས་འདི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གོང་འཕེལ་གང་ལེགས་དང་དར་རྒྱས་ཆེས་ཆེར་བཏང་ན་གཞི་ནས་མངོན་འགྱུར་བྱེད་ཐུབ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་གོང་འཕེལ་དང་འཐུས་ཚང་ཡོང་བ་བྱ་རྒྱུ་ནི་ལོ་རྒྱུས་ཀྱི་བརྒྱུད་རིམ་རིང་པོ་ཞིག་ཡིན། མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིག་པ་མཐའ་འཁྱོངས་བྱེད་པ་དང་། ཀྲུང་གོའི་མི་དམངས་ཀྱིས་རང་མོས་སུ་བདམས་ཤིང་ཀྲུང་གོའི་གནས་ཚུལ་དང་འཚམ་པའི་བགྲོད་ལམ་དུ་བསྐྱོད་ན། ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་མཐའ་མཇུག་གི་རྒྱལ་ཁ་ཐོབ་ངེས་ཡིན།

    བློ་མཐུན་མའོ་ཙེ་ཏུང་གིས་སྐུ་ཚབ་གཙོ་བོ་གནང་བའི་ཀྲུང་གོའི་གུང་ཁྲན་ཏང་མིས་མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིག་པ་དེ་ཀྲུང་གོའི་གསར་བརྗེའི་ལག་ལེན་དངོས་དང་ཟུང་འབྲེལ་བྱས་ནས་མའོ་ཙེ་ཏུང་གི་དགོངས་པ་གསར་གཏོད་གནང་ཡོད། མའོ་ཙེ་ཏུང་གི་དགོངས་པ་ནི་ཀྲུང་གོར་མར་ཁེ་སི་ལེ་ཉིན་རིང་ལུགས་བེད་སྤྱོད་དང་འཕེལ་རྒྱས་བཏང་བ་ཞིག་ཡིན་ཞིང་། ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན་སྐོར་གྱི་རིགས་པའི་གཞུང་ལུགས་ཀྱི་རྩ་དོན་དང་ཉམས་མྱོང་ཕྱོགས་བསྡོམས་ཡང་དག་པ་ཡིན་པ་ལག་ལེན་གྱི་ཐོག་ནས་ར་འཕྲོད་བྱུང་བ་ཞིག་ཡིན་ལ། ཀྲུང་གོའི་གུང་ཁྲན་ཏང་ཐུན་མོང་གི་བློ་གྲོས་ལས་བྱུང་བའི་ཉིང་བཅུད་ཀྱང་ཡིན། མའོ་ཙེ་ཏུང་གི་དགོངས་པའི་མཛུབ་སྟོན་འོག་ཀྲུང་གོའི་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་འགོ་ཁྲིད་དེ་བཙན་རྒྱལ་རིང་ལུགས་དང་། བཀས་བཀོད་རྒྱུད་འཛིན་རིང་ལུགས། དཔོན་ངན་མ་རྩའི་རིང་ལུགས་བཅས་ལ་རྒོལ་བའི་གསར་བརྗེའི་འཐབ་རྩོད་ཡུན་རིང་བྱས་ཏེ་དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེར་རྒྱལ་ཁ་ཐོབ་པ་དང་། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་བྱེད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་དང་། ཀྲུང་གོ་གསར་པ་དབུ་བརྙེས་པའི་རྗེས་སུ་སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཀོད་བདེ་བླག་ངང་བསྒྲུབས་ཏེ་དམངས་གཙོའི་རིང་ལུགས་གསར་པ་ནས་སྤྱི་ཚོགས་རིང་ལུགས་སུ་བར་བརྒལ་ལེགས་འགྲུབ་བྱུང་ནས། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་བརྟན་པོར་བཙུགས་ཐོག སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས་བཅས་གོང་དུ་སྤེལ་ཡོད། སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན། བློ་མཐུན་ཏེང་ཞའོ་ཕིང་གིས་སྐུ་ཚབ་གཙོ་བོ་གནང་བའི་ཀྲུང་གོའི་གུང་ཁྲན་ཏང་མིས་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་དྲང་ཕྱོགས་དང་ལྡོག་ཕྱོགས་གཉིས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་གནང་བའི་ཁར། བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ་བྱས་ཏེ་ཏང་ཡོངས་ཀྱི་ལས་ཀའི་ལྟེ་གནས་དེ་དཔལ་འབྱོར་འཛུགས་སྐྲུན་གྱི་ཕྱོགས་སུ་སྤོ་འགྱུར་དངོས་སུ་གྲུབ་པ་དང་། སྒྱུར་བཅོས་སྒོ་འབྱེད་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གོང་དུ་སྤེལ་བའི་དུས་སྐབས་གསར་པ་བཏོད་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་རིམ་བཞིན་གྲུབ་ཡོད་ཅིང་། ཀྲུང་གོར་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་རྒྱུ་དང་སྤྱི་ཚོགས་རིང་ལུགས་སྲ་བརྟན་དང་གོང་འཕེལ་གཏོང་བའི་གཞི་རྩའི་གནད་དོན་གསལ་བཤད་གནང་སྟེ་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་གསར་དུ་བཏོད་པ་རེད། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་ནི་མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིག་པ་དེ་དེང་རབས་ཀྲུང་གོའི་ལག་ལེན་དངོས་དང་དུས་རབས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་བྱུང་བ་དང་། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་མའོ་ཙེ་ཏུང་གི་དགོངས་པ་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བ། ཀྲུང་གོར་མར་ཁེ་སིའི་རིང་ལུགས་འཕེལ་རྒྱས་གཏོང་བའི་དུས་རིམ་གསར་པ། དེང་རབས་ཀྲུང་གོའི་མར་ཁེ་སིའི་རིང་ལུགས། ཀྲུང་གོ་གུང་ཁྲན་ཏང་ཐུན་མོང་གི་བློ་གྲོས་ལས་བྱུང་བའི་ཉིང་བཅུད་བཅས་ཡིན་པས། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་བྱ་གཞག་ཟམ་མི་ཆད་པར་མདུན་དུ་སྐྱོད་པར་ཁྲིད་སྟོན་གནང་བཞིན་ཡོད།

    སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཚུན། བློ་མཐུན་ཅང་ཙེ་མིང་གིས་སྐུ་ཚབ་གཙོ་བོ་གནང་བའི་ཀྲུང་གོའི་གུང་ཁྲན་ཏང་མིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ལག་ལེན་དངོས་ཀྱི་ཁྲོད་དུ། གང་ཞིག་སྤྱི་ཚོགས་རིང་ལུགས་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཇི་ལྟར་བྱ་དགོས་པ། ཏང་གང་འདྲ་ཞིག་འཛུགས་སྐྱོང་བྱ་དགོས་པ་དང་ཏང་འཛུགས་སྐྱོང་ཇི་ལྟར་བྱ་དགོས་པ་བཅས་ཀྱི་ཐད་ངོས་འཛིན་ཇེ་ཟབ་ཏུ་སོང་བ་དང་། ཏང་སྐྱོང་དང་རྒྱལ་སྐྱོང་གི་ཉམས་མྱོང་རྩ་ཆེན་གསར་པ་བསགས་གནང་བས“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་གྲུབ་ཡོད། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་ནི་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་བཅས་རྒྱུན་འཛིན་དང་གོང་འཕེལ་བཏང་བ་ཡིན་པས། དེང་རབས་འཛམ་གླིང་དང་ཀྲུང་གོ་གོང་འཕེལ་དང་འཕོ་འགྱུར་བྱུང་བ་དེས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་བཏོན་པའི་བླང་བྱ་གསར་པ་མཚོན་པ་དང་། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བ་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་རང་ངོས་འཐུས་ཚང་དང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བའི་རིགས་པའི་གཞུང་ལུགས་ཀྱི་མཚོན་ཆ་ནུས་ལྡན་ཞིག་དང་། ཀྲུང་གོ་གུང་ཁྲན་ཏང་ཐུན་མོང་གི་བློ་གྲོས་ལས་བྱུང་བའི་ཉིང་བཅུད། ཏང་གིས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱ་དགོས་པའི་མཛུབ་ཁྲིད་ཀྱི་བསམ་བློ་བཅས་ཡིན། ཐོག་མཐའ་བར་གསུམ་དུ“མཚོན་བྱེད་གསུམ”བྱེད་ཐུབ་དགོས་པ་དེ་ང་ཚོའི་ཏང་གི་ཏང་འཛུགས་པའི་རྩ་བ་དང་། སྲིད་དོན་སྐྱོང་བའི་རྨང་གཞི། སྟོབས་ཤུགས་ཀྱི་འབྱུང་ཁུངས་བཅས་ཡིན།

    ཚོགས་ཆེན་བཅུ་དྲུག་པ་འཚོགས་ཚུན། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྐུ་ཚབ་གཙོ་བོ་གནང་བའི་ཀྲུང་གོའི་གུང་ཁྲན་ཏང་མིས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཤིང་། གོང་འཕེལ་གཏོང་རྒྱུའི་བླང་བྱ་གསར་པར་གཞིགས་ནས་དུས་བབ་གསར་པའི་འོག་འཕེལ་རྒྱས་གང་འདྲ་ཞིག་ཡོང་བ་བྱ་རྒྱུ་དང་། འཕེལ་རྒྱས་ཇི་ལྟར་གཏོང་རྒྱུ་སོགས་ཀྱི་གནད་དོན་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱུང་བ་དང་ལན་བཏབ་པ་དང་། མི་གཙོ་བོར་འཛིན་རྒྱུ་དང་ཕྱོགས་ཡོངས་དང་། མཐུན་སྦྱོར་རྒྱུན་མཐུད་བཅས་ཀྱི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུའི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་གྲུབ་པ་རེད། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ནི་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་བཅས་དང་གཅིག་རྒྱུན་གཅིག་འཛིན་ཡིན་ལ་དུས་བསྟུན་མདུན་སྐྱོད་ཀྱང་ཡིན་པའི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་དང་། འཕེལ་རྒྱས་གཏོང་ཕྱོགས་སྐོར་གྱི་མར་ཁེ་སིའི་རིང་ལུགས་ཀྱི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་གཅིག་བསྡུས་སུ་མཚོན་པ། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གལ་ཆེན་ཞིག ཀྲུང་གོ་གུང་ཁྲན་ཏང་གི་ཐུན་མོང་བློ་གྲོས་ཀྱི་ཉིང་བཅུད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་གཏོང་བར་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས་པའི་མཛུབ་ཁྲིད་ཀྱི་བསམ་བློ་བཅས་ཡིན།

    ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྐུ་ཚབ་གཙོ་བོ་གནང་བའི་ཀྲུང་གོའི་གུང་ཁྲན་ཏང་མིས་དུས་རབས་གོང་འཕེལ་འགྲོ་ཕྱོགས་དང་བསྟུན་ནས་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱུང་བའི་ཐོག་ནས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གང་འདྲ་ཞིག་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཇི་ལྟར་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པའི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་འདིར་བརྒྱུད་རིམ་ལྡན་པའི་སྒོ་ནས་དྲིས་ལན་བཏབ་ཐོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསར་གཏོད་གནང་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་འདི་ནི་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བ་ཡིན་པ་དང་། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་ཡིན་པ། ཏང་དང་མི་དམངས་ཀྱི་ལག་ལེན་གྱི་ཉམས་མྱོང་དང་ཐུན་མོང་བློ་གྲོས་ཀྱི་ཉིང་བཅུད་ཡིན་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་འབད་བརྩོན་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན་པས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་པ་དང་སྦྲགས་རྒྱུན་མི་ཆད་པར་འཕེལ་རྒྱས་གཏོང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་འགོ་འཁྲིད་དེ་འཐབ་རྩོད་རླབས་ཆེན་དང་། ལས་གཞི་རླབས་ཆེན། བྱ་གཞག་རླབས་ཆེན། ཕུགས་འདུན་རླབས་ཆེན་བཅས་ལ་གཅིག་འདོམས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པར་སྐུལ་འདེད་བཏང་ཡོད།

    སྒྱུར་བཅོས་སྒོ་འབྱེད་བྱས་པ་ནས་བཟུང་ང་ཚོར་གྲུབ་འབྲས་ཐོབ་པ་དང་ཡར་རྒྱས་བྱུང་བ་མཐའ་དག་གི་རྩ་བའི་རྒྱུ་རྐྱེན་མདོར་བསྡུས་ནས་བཤད་ན། འདི་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་གསར་དུ་བཏོད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་གྲུབ་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་གཏན་འཁེལ་བྱས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་བཏང་བ་བཅས་ཡིན། ཏང་གིས་དཀའ་བ་ཚད་མེད་སྤྱད་ནས་གསར་དུ་བཏོད་པའི་བགྲོད་ལམ་འདི་དང་། རིགས་པའི་གཞུང་ལུགས་མ་ལག་འདི། ལམ་ལུགས་འདི། རིག་གནས་འདི་བཅས་ཏང་ཡོངས་ཀྱི་བློ་མཐུན་ཚང་མས་གཅེས་འཛིན་ལྡབ་འགྱུར་དང་། ཡུན་རིང་རྒྱུན་འཁྱོངས། གོང་འཕེལ་ཟམ་མི་ཆད་པ་བཅས་བྱ་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས། བགྲོད་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་གཏོང་བ་དང་། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་ཆེ་མོ་བཅས་ལག་ལེན་མཐར་ཕྱིན་བསྟར་ནས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་སྤེལ་དང་། མེས་རྒྱལ་གཅིག་གྱུར་ཡོང་བ། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་དུ་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་བཅས་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་ཆེན་པོ་གསུམ་མངོན་འགྱུར་ཡོང་བ་དང་། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བཅས་ཀྱི་ཆེད་དུ་འབད་འཐབ་བྱེད་དགོས།

    རང་རྒྱལ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་ཡོད་པ་མ་ཟད། ད་དུང་ཡུན་རིང་གནས་རྒྱུ་རེད། འདི་ནི་དཔལ་འབྱོར་དང་རིག་གནས་མ་གཞི་རྗེས་ལུས་ཐེབས་པའི་ཀྲུང་གོར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱེད་རིང་བརྒལ་ཐབས་མེད་པའི་ལོ་རྒྱུས་ཀྱི་དུས་རིམ་ཞིག་ཡིན་པས་དུས་ཡུན་ལོ་ངོ་བརྒྱ་ལྷག་ཙམ་དགོས་ངེས་རེད། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དེ་ངེས་པར་དུ་རང་རྒྱལ་གྱི་གནས་ཚུལ་དངོས་ལ་གཞིགས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཐོག་བསྐྱོད་དགོས། ད་ལྟའི་དུས་རིམ་ལ་རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ནི་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་དོ་མི་སྙོམས་པ་དང་འཐུས་སྒོ་མི་ཚང་བའི་འཕེལ་རྒྱས་དབར་གྱི་འགལ་བ་དེ་ཡིན། རྒྱལ་ནང་གི་རྒྱུ་རྐྱེན་དང་རྒྱལ་སྤྱིའི་ཤུགས་རྐྱེན་གྱིས་རྐྱེན་པས་གྲལ་རིམ་འཐབ་རྩོད་དེ་ད་དུང་གཞི་ཁྱོན་ངེས་ཅན་ཞིག་གི་ནང་ཡུན་རིང་གནས་རྒྱུ་རེད་ལ། ཆ་རྐྱེན་ངེས་ཅན་ཞིག་གི་འོག་ཏུ་ད་དུང་ཛ་དྲག་ཆེ་རུ་འགྲོ་ཉེན་ཡོད། ཡིན་ན་ཡང་དེ་འགལ་བ་གཙོ་བོ་མིན། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཐད་ཀྱི་རང་རྒྱལ་གྱི་རྩ་བའི་ལས་འགན་ནི་ཐོན་སྐྱེད་ནུས་ཤུགས་སྔར་ལས་ལྷག་པར་བཅིངས་འགྲོལ་དང་འཕེལ་རྒྱས་བཏང་ནས་རིམ་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་མངོན་དུ་འགྱུར་བར་བྱ་རྒྱུ་མ་ཟད། དེའི་དོན་དུ་ཐོན་སྐྱེད་འབྲེལ་བ་དང་སྟེང་གི་བཀོད་པའི་ནང་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བར་མི་འཚམ་པའི་ཆ་དང་ལྷུ་ཚིགས་སྒྱུར་བཅོས་བྱ་རྒྱུ་དེ་ཡིན། སྤྱི་ལ་དབང་བའི་ལམ་ལུགས་གཙོ་བོར་འཛིན་ཞིང་དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་མཉམ་དུ་འཕེལ་རྒྱས་གཏོང་བའི་གཞི་རྩའི་དཔལ་འབྱོར་ལམ་ལུགས་ངེས་པར་དུ་རྒྱུན་འཁྱོངས་དང་འཐུས་ཚང་ཡོང་བ་དང་། རྩོལ་བསྟུན་ཐོབ་སྤྲོད་བྱ་རྒྱུ་གཙོ་བོར་འཛིན་པ་དང་བགོ་འགྲེམ་བྱེད་སྟངས་སྣ་མང་མཉམ་དུ་གནས་པའི་བགོ་འགྲེམ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་ཡོང་བ། ས་ཁུལ་ཁ་ཤས་དང་མི་ཁག་གཅིག་སྔོན་ལ་ཕྱུག་པོར་འགྱུར་བར་བསྔགས་སྐུལ་བཅས་བྱས་ནས། དབུལ་ཞིང་ཕོངས་པའི་གནས་ཚུལ་རིམ་བཞིན་སེལ་བ་དང་། ཐུན་མོང་དུ་ཕྱུག་པོར་འགྱུར་ཐབས་བྱེད་པ། ཐོན་སྐྱེད་གོང་དུ་འཕེལ་བ་དང་སྤྱི་ཚོགས་ཀྱི་རྒྱུ་ནོར་འཕར་བའི་རྨང་གཞིའི་ཐོག་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཟམ་མི་ཆད་པར་སྐོང་ཐབས་བྱས་ཏེ་མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་གཏོང་རྒྱུ་ནི་ང་ཚོའི་ཏང་གིས་སྲིད་སྐྱོང་རྒྱལ་དར་བྱེད་པའི་ལས་འགན་གལ་ཆེན་ཨང་དང་པོ་ཡིན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་དགོངས་པ་ངེས་པར་རྒྱུན་འཁྱོངས་དང་། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས། ལས་དོན་ཁག་ཚང་མས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བར་ཕན་པ་དང་། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་རུ་གཏོང་བར་ཕན་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བར་ཕན་པ་བཅས་བྱ་རྒྱུ་དེ་སྤྱིའི་གཞི་འཛིན་ས་དང་ཞིབ་བཤེར་ཚད་གཞིར་འཛིན་དགོས། ངལ་རྩོལ་ལ་བརྩི་མཐོང་ཆེན་པོ་དང་། ཤེས་ཡོན་ལ་བརྩི་མཐོང་ཆེན་པོ། ཤེས་ལྡན་པར་བརྩི་འཇོག་ཆེན་པོ། གསར་སྐྲུན་ལ་བརྩི་མཐོང་ཆེན་པོ་བཅས་བྱས་ཐོག་མི་དམངས་ཀྱི་དོན་དུ་འཕེལ་རྒྱས་གཏོང་བ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་བྱུང་བའི་གྲུབ་འབྲས་མི་དམངས་ཀྱིས་ཐུན་མོང་དུ་ལོངས་སུ་སྤྱོད་ཐུབ་པ་བཅས་བྱེད་དགོས། དུས་རབས་གསར་པར་སླེབས་ཚེ་རང་རྒྱལ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བར་སྐུལ་སྤེལ་ཇེ་མགྱོགས་སུ་གཏོང་བའི་འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་ཀྱི་བཀོད་སྒྲིག་ལ་ངེས་པར་དུ་གཞིགས་ཏེ། དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་ལེགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྤེལ་བཅས་བྱ་རྒྱུར་གཅིག་འདོམས་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས། དུས་རབས་གསར་པ་དང་དུས་སྐབས་གསར་པ་འདིའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཐབ་ཇུས་ཀྱི་དམིགས་ཡུལ་ནི། ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་སྐབས་སུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་སྐབས་སུ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཞིག་སྐྲུན་ཐུབ་པ་བྱ་རྒྱུ་དེ་ཡིན།

    ཀྲུང་གོ་གུང་ཁྲན་ཏང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་ལ་འཛིན་པའི་གཞི་རྩའི་ལམ་ཕྱོགས་ནི། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་འགོ་ཁྲིད་དང་མཐུན་སྒྲིལ་བྱས་ནས་དཔལ་འབྱོར་འཛུགས་སྐྲུན་ལྟེ་གནས་སུ་འཛིན་ཞིང་། གཞི་རྩའི་རྩ་དོན་བཞི་མཐའ་འཁྱོངས་དང་། སྒྱུར་བཅོས་སྒོ་འབྱེད་མཐའ་འཁྱོངས། རང་སྟོབས་རང་སྤེལ། དཀའ་སྤྱད་ལས་སྐྲུན་བཅས་བྱས་ནས་རང་རྒྱལ་འདི་ཉིད་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་། དམངས་གཙོ་ལྡན་པ། དཔལ་ཡོན་དར་བ། འཆམ་ཞིང་མཐུན་པ། མཛེས་སྡུག་ལྡན་པ་བཅས་ཡིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་བྱ་རྒྱུ་དེ་ཡིན།

    ཀྲུང་གོ་གུང་ཁྲན་ཏང་གིས་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་འགོ་ཁྲིད་བྱེད་སྐབས་ངེས་པར་དུ་དཔལ་འབྱོར་འཛུགས་སྐྲུན་ལྟེ་གནས་སུ་འཛིན་རྒྱུ་དང་། ལས་དོན་གཞན་དག་ཚང་མས་ལྟེ་གནས་དེར་བསྟུན་རྒྱུ་དང་ཞབས་འདེགས་ཞུ་བ་མཐའ་འཁྱོངས་བྱེད་དགོས། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་ཡོང་བ་བྱེད་པའི་འཐབ་ཇུས་དང་། ཤེས་ལྡན་པར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འགྱུར་བ་བྱེད་པའི་འཐབ་ཇུས། གསར་གཏོད་སྐུལ་སྒུལ་གྱིས་འཕེལ་རྒྱས་གཏོང་བའི་འཐབ་ཇུས། གྲོང་ཁྱེར་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བ་བྱེད་པའི་འཐབ་ཇུས། རྒྱུན་མཐུད་དུ་འཕེལ་རྒྱས་ཡོང་ཐུབ་པའི་འཐབ་ཇུས། དམག་དམངས་མཉམ་འདྲེས་ཐོག་འཕེལ་རྒྱས་ཡོང་བ་བྱེད་པའི་འཐབ་ཇུས་བཅས་ལག་བསྟར་བྱས་ནས་ཚན་རིག་ལག་རྩལ་ཐོན་སྐྱེད་ནུས་ཤུགས་ཨང་དང་པོར་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་དང་། གསར་གཏོད་ཉིད་འཕེལ་རྒྱས་བྱ་བར་ཁྲིད་སྟོན་བྱེད་པའི་སྒུལ་ཤུགས་ཨང་དང་པོར་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས། ཚན་རྩལ་ཡར་ཐོན་ལ་བརྟེན་པ། ངལ་རྩོལ་པའི་བྱང་ཚད་མཐོ་རུ་གཏོང་བ། རྒྱལ་དམངས་དཔལ་འབྱོར་དེ་བས་སྤུས་ཚད་མཐོ་བ་དང་དེ་བས་ལས་ཆོད་ཆེ་བ། དེ་བས་དྲང་གཞག དེ་བས་རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

    སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད། མར་ཁེ་སི་ལེ་ཉིང་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ་བཅས་མཐའ་འཁྱོངས་བྱ་རྒྱུའི་གཞི་རྩའི་རྩ་དོན་བཞི་ནི་ང་ཚོའི་རྒྱལ་ཁབ་འཛུགས་པའི་རྩ་བ་ཡིན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱེད་པའི་བྱ་རིམ་ཧྲིལ་པོའི་ནང་ངེས་པར་དུ་གཞི་རྩའི་རྩ་དོན་བཞི་མཐའ་འཁྱོངས་བྱས་ཏེ་འབྱོར་ལྡན་གྲལ་རིམ་གྱི་རང་མོས་ཅན་ལ་ངོ་རྒོལ་བྱེད་དགོས།

    སྒྱུར་བཅོས་སྒོ་འབྱེད་མཐའ་འཁྱོངས་བྱ་རྒྱུ་ནི་ང་ཚོའི་རྒྱལ་ཁབ་སྟོབས་ལྡན་དུ་སྒྱུར་བའི་ཐབས་ལམ་ཡིན། སྒྱུར་བཅོས་སྒོ་འབྱེད་བྱས་ན་མ་གཏོགས་ཀྲུང་གོ་འཕེལ་རྒྱས་གཏོང་མི་ཐུབ་པ་དང་། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་གཏོང་མི་ཐུབ་པ། མར་ཁེ་སིའི་རིང་ལུགས་འཕེལ་རྒྱས་གཏོང་མི་ཐུབ། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་འཕེལ་རྒྱས་གཏོང་བ། རྒྱལ་ཁབ་ལེགས་སྐྱོང་མ་ལག་དང་ལེགས་སྐྱོང་བྱེད་ནུས་དེང་རབས་ཅན་དུ་འགྱུར་བར་སྐུལ་སྤེལ་བཅས་བྱེད་དགོས། ཐོན་སྐྱེད་ནུས་ཤུགས་གོང་དུ་འཕེལ་བར་ཚོད་འཛིན་བྱེད་པའི་དཔལ་འབྱོར་སྒྲིག་སྲོལ་རྩ་བ་ནས་སྒྱུར་བཅོས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། དེ་དང་བསྟུན་ནས་ཆབ་སྲིད་སྒྲིག་སྲོལ་སྒྱུར་བཅོས་དང་ཁྱབ་ཁོངས་གཞན་དག་ལ་སྒྱུར་བཅོས་བྱེད་དགོས། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་རང་རྒྱལ་གྱི་གཞི་རྩའི་སྲིད་ཇུས་རྒྱུན་འཁྱོངས་བྱས་ཏེ་མིའི་རིགས་སྤྱི་ཚོགས་ཀྱིས་གསར་དུ་བསྐྲུན་པའི་ཤེས་རིག་དར་བའི་གྲུབ་འབྲས་ཡོད་དོ་ཅོག་བསྡུ་ལེན་བྱེད་པ་དང་དཔྱད་གཞིར་འཛིན་དགོས། སྒྱུར་བཅོས་སྒོ་འབྱེད་བྱེད་སྐབས་བློ་ཁོག་ཆེན་པོས་འཚོལ་ཞིབ་བྱེད་དགོས་ལ། གསར་གཏོད་བྱེད་ཕོད་དགོས་པ། སྒྱུར་བཅོས་ཀྱི་ཇུས་ཐག་གཅོད་པའི་ཚན་རིག་རང་བཞིན་མཐོ་རུ་གཏོང་བ། སྒྱུར་བཅོས་བྱེད་པའི་རྒྱུད་རིམ་རང་བཞིན་དང་། ཁྱོན་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ལ་དེ་བས་དོ་སྣང་ཆེན་པོ་བྱས་ཏེ་ལག་ལེན་བྱེད་རིང་འགྲོ་ལམ་གསར་པ་གཏོད་ཐབས་བྱེད་དགོས།

    ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་འགོ་འཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གོང་འཕེལ་གཏོང་དགོས། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས་པ་དང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་དུ་སྤེལ་བར་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་བསྔགས་སྐུལ་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱེད་དགོས། ཐོན་ཁུངས་བགོ་སྒྲིག་ཁྲོད་ཚོང་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་དུ་འཇུག་པ་དང་སྲིད་གཞུང་གིས་ནུས་པ་སྔར་ལས་ལྷག་པར་འདོན་སྤེལ་བྱས་ཏེ་འཐུས་སྒོ་ཚང་བའི་སྤྱི་ཁོག་སྙོམས་སྒྲིག་མ་ལག་འཛུགས་དགོས། གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་གཏོང་བ་དང་། ས་ཁོངས་འཕེལ་རྒྱས་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བ། མི་དང་རང་བྱུང་ཁམས་འཆམ་མཐུན་ངང་འཕེལ་རྒྱས་གཏོང་བ། རྒྱལ་ནང་འཕེལ་རྒྱས་གཏོང་བ་དང་ཕྱི་ཕྱོགས་ལ་སྒོ་འབྱེད་པ་བཅས་གཅིག་གྱུར་གྱིས་འཆར་འགོད་བྱེད་དགོས་པ་དང་། དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་དང་། དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ལེགས་འགྱུར། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་བཅས་གཏོང་དགོས། བཟོ་ལས་ཅན་གསར་པ་དང་། བརྡ་འཕྲིན་ཅན་གསར་པ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ། ཞིང་ལས་དེང་རབས་ཅན་གསར་པ་བཅས་དུས་མཉམ་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་བཟོ་ལས་ཅན་གྱི་འགྲོ་ལམ་གསར་པའི་ཐོག་སྐྱོད་པ། གསར་གཏོད་ཅན་གྱི་རྒྱལ་ཁབ་དང་འཛམ་གླིང་ཐོག་གི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་འགོ་འཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་གཏོང་དགོས། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག་ཡོང་བ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཚགས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་གོང་སྤེལ་འགྲོ་ལམ་དུ་སྐྱོད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་རྒྱ་སྐྱེད་དུ་གཏོང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྱོང་། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་དཔལ་ཡོན་འཛུགས་སྤེལ་བྱེད་དགོས། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་དང་། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས། དེ་བཞིན་གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་ལུགས་བཅས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་དགོས། སྔར་ལས་རྒྱ་ཁྱབ་ཆེ་བ་དང་། སྔར་ལས་ལེགས་པ། སྔར་ལས་འཐུས་སྒོ་ཚང་བ་བཅས་ཀྱི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ་དང་། གྲོས་མོལ་དམངས་གཙོ་ཁྱབ་རྒྱ་ཆེ་ཞིང་རིམ་པ་མང་ལ་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ནས་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་ལས་དོན་དང་སྤྱི་ཚོགས་ཀྱི་ལས་དོན་དོ་དམ་དང་། དཔལ་འབྱོར་དང་རིག་གནས་ཀྱི་ལས་དོན་དོ་དམ་བྱེད་པའི་ཁེ་དབང་འགན་སྲུང་ཏན་ཏིག་བྱེད་དགོས། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱེད་དགོས། གཏམ་ལམ་ཡངས་འབྱེད་དང་། དམངས་གཙོའི་འདེམས་བསྐོ་དང་། དམངས་གཙོའི་ཇུས་ཐག་གཅོད་པ། དམངས་གཙོའི་དོ་དམ། དམངས་གཙོའི་ལྟ་སྐུལ་བཅས་བྱེད་པའི་ལམ་ལུགས་དང་གོ་རིམ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། བཅའ་ཁྲིམས་ལག་བསྟར་ལས་ཀ་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱལ་ཁབ་ཀྱི་ལས་དོན་ཁག་ཁྲིམས་ལུགས་ཅན་གྱི་ལམ་དུ་སྐྱོད་ཐུབ་པར་བྱེད་དགོས།

    ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་འགོ་འཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་གོང་འཕེལ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱེད་པ་དང་། བཅའ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་སྤྱོད་ལམ་བཟང་པོས་རྒྱལ་ཁབ་སྐྱོང་བ་གཉིས་ཟུང་འབྲེལ་བྱེད་པ། མི་རིགས་ཡོངས་ཀྱི་བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་དང་ཚན་རིག་རིག་གནས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་བཅས་ལ་བརྟེན་ནས། སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱེད་པར་བསམ་བློའི་འགན་ལེན་དང་། བསམ་པའི་སྒུལ་ཤུགས། རིག་སྟོབས་ཀྱི་རྒྱབ་སྐྱོར་བཅས་ཧ་ཅང་ཆེན་པོ་མཁོ་འདོན་བྱ་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྱོང་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། མར་ཁེ་སིའི་རིང་ལུགས་སློབ་སྟོན་དགོངས་པར་འཛིན་རྒྱུ་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་འཛུགས་པ། རྒྱལ་གཅེས་རིང་ལུགས་སྲོག་ཤིང་དུ་གྱུར་པའི་མི་རིགས་ཀྱི་སྙིང་སྟོབས་དང་སྒྱུར་བཅོས་གསར་གཏོད་སྲོག་ཤིང་དུ་གྱུར་པའི་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན། སྤྱི་ཚོགས་རིང་ལུགས་ཀྱི་གཟི་ཁྲེལ་ལྟ་བ་དར་སྤེལ། མི་རིགས་ཀྱི་རང་བཀུར་དང་། རང་ལ་ཡིད་ཆེས། རང་འབད་བཅས་ཀྱི་སྙིང་སྟོབས་འཛིན་ཤུགས་ཆེ་རུ་གཏོང་བ། མ་རྩའི་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་རིང་ལུགས་ཀྱི་རུལ་སུངས་བསམ་བློའི་བསླད་སྐྱོན་བཀག་འགོག སྤྱི་ཚོགས་ཐོག་གི་སྐྱུག་བྲོ་བའི་སྣང་ཚུལ་སྣ་ཚོགས་གཙང་སེལ་བཅས་བྱས་ནས་རང་རྒྱལ་གྱི་མི་དམངས་རྣམས་ཕུགས་བསམ་ཡོད་པ་དང་། ཀུན་སྤྱོད་བཟང་བ། རིག་གནས་ཤེས་པ། སྒྲིག་ལམ་བསྲུངས་བ་བཅས་ཀྱི་མི་དམངས་སུ་འགྱུར་བར་འབད་བརྩོན་བྱེད་དགོས། ཏང་ཡོན་རྣམས་ལ་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོའི་སློབ་གསོ་གཏོང་དགོས། སློབ་གསོ་དང་། ཚན་རིག རིག་གནས་བཅས་ཀྱི་ལས་དོན་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་རྣམས་གསར་སྐྲུན་རང་བཞིན་ལྡན་པར་སྒྱུར་བ་དང་གསར་གཏོད་རང་བཞིན་ལྡན་པའི་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བ། གསར་བརྗེའི་རིག་གནས་རྒྱུན་འཛིན། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་གོང་དུ་འཕེལ་བ་བཅས་བྱས་ནས་རྒྱལ་ཁབ་ཀྱི་རིག་གནས་ཀྱི་མཉེན་པའི་སྟོབས་ཤུགས་ཆེ་རུ་གཏོང་དགོས། འདུ་ཤེས་འཛིན་སྟངས་དང་ལས་ཀའི་ཐད་ཀྱི་འགོ་ཁྲིད་དབང་ཆ་དམ་པོར་འཛིན་པ་དང་། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ནང་གི་མར་ཁེ་སི་རིང་ལུགས་ཀྱི་ཁྲིད་སྟོན་གོ་གནས་རྒྱུན་མི་ཆད་པར་སྲ་བརྟན་དུ་གཏོང་བ། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་མཐུན་སྒྲིལ་གྱིས་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་པའི་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་བྱེད་དགོས།

    ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་འགོ་འཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་ཞི་མཐུན་སྤྱི་ཚོགས་འཛུགས་སྐྱོང་བྱེད་དགོས། དམངས་གཙོའི་ཁྲིམས་སྐྱོང་དང་། དྲང་སྙོམས་དྲང་བདེན། ཁ་དན་ཚིག་གནས་དང་མཛའ་ཞིང་མཐུན་པ། སྐྱེ་སྟོབས་ཀྱི་དཔལ་འབར་བ། ལྷིང་འཇགས་སྒྲིག་ལམ་ལྡན་པ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བཅས་ཀྱི་སྤྱིའི་བླང་བྱ་དང་ཐུན་མོང་ཐོག་འཛུགས་སྐྲུན་དང་ཐུན་མོང་ཐོག་ལོངས་སྤྱོད་བྱ་རྒྱུའི་རྩ་དོན་ལྟར་མི་དམངས་ཀྱི་འཚོ་བར་འགན་སྲུང་དང་ལེགས་སུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས་མི་དམངས་ཀྱིས་སེམས་ཁུར་བྱེད་ཆེ་ཤོས་དང་། བདེ་རྩར་ཐད་ཀར་ཐུག་ཤོས། དོན་དངོས་དང་མཐུན་ཤོས་བཅས་ཡིན་པའི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ལེགས་པོ་བྱས་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་དྲང་སྙོམས་ཐོག་ནས་མི་དམངས་ཡོངས་ལ་ཐོབ་ཐུབ་པར་བྱེད་པ་དང་། མི་དམངས་མང་ཚོགས་ལ་སྔར་ལས་ལྷག་པའི་ཐོབ་ཚོར་ཡོང་བར་བྱེད་པ། མི་དམངས་ཡོངས་ཀྱིས་གང་ནུས་དེ་སྒྲུབ་ཐུབ་པ་དང་། རང་མཁོ་དེ་ཉིད་ཐོབ་པ། འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་ཞིག་ཆགས་གང་ཐུབ་བྱེད་དགོས། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱེད་དགོས། དགྲ་དང་རང་ཕྱོགས་བར་གྱི་འགལ་བ་དང་མི་དམངས་ནང་ཁུལ་གྱི་འགལ་བ་སྟེ་ངོ་བོ་མི་འདྲ་བའི་འགལ་བ་རིགས་གཉིས་པོ་འདི་དབྱེ་འབྱེད་གཟབ་ནན་དང་ཐག་གཅོད་ཡང་དག་པ་བྱེད་དགོས། སྤྱི་ཚོགས་ཀྱི་བདེ་དོན་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་ཁེ་ཕན་ལ་གནོད་པ་དང་། སྤྱི་ཚོགས་བརྟན་ལྷིང་ཡོང་བ་དང་དཔལ་འབྱོར་གོང་དུ་འཕེལ་བར་གནོད་པའི་ཉེས་གསོག་སྤྱོད་ངན་དང་ཉེས་ཅན་སྣ་ཚོགས་ལ་བཅའ་ཁྲིམས་ལྟར་རྡུང་རྡེག་མཐའ་གཅིག་ཏུ་བཏང་ནས་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་ཡོང་བ་བྱེད་དགོས། རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཐད་ཀྱི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།

    ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་འགོ་འཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྤེལ་བྱེད་དགོས། རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་དང་མཐུན་པ། རང་བྱུང་སྲུང་སྐྱོང་བཅས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་འཛིན་པ་དང་། སྔོ་ལྗང་རི་ཀླུང་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་བྱེད་པའི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་དང་། གྲོན་ཆུང་དམིགས་བསལ་གྱིས་སྔོན་ལ་འཇོག་པ་དང་། སྲུང་སྐྱོང་དམིགས་བསལ་གྱིས་སྔོན་ལ་འཇོག་པ། རང་བྱུང་སླར་གསོ་གཙོ་བོར་འཛིན་པ་བཅས་ཀྱི་བྱེད་ཕྱོགས་མཐའ་འཁྱོངས། ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་ཕྱུག་འགྱུར། སྐྱེ་ཁམས་བཟང་པོ་བཅས་ཡིན་པའི་ཡ་རབས་ཚུལ་ལྡན་གྱི་འཕེལ་རྒྱས་གཏོང་ཐབས་མཐའ་འཁྱོངས་བྱེད་དགོས། ཐོན་ཁུངས་གྲོན་ཆུང་ཅན་དང་ཁོར་ཡུག་མཛའ་མཐུན་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་ཤུགས་ཆེན་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་ནན་ཤོས་ལག་བསྟར་བྱས་ནས་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་བར་སྣང་བཀོད་པ་དང་། ཐོན་ལས་གྲུབ་ཚུལ། ཐོན་སྐྱེད་བྱེད་སྟངས། འཚོ་བ་སྐྱེལ་སྟངས་བཅས་ཆགས་པར་བྱས་ཏེ་མི་དམངས་ཀྱི་དོན་དུ་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་དུས་ནམ་ཡང་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བ་བྱེད་དགོས།

    ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་བཅིངས་འགྲོལ་དམག་དང་མི་དམངས་ཀྱི་དྲག་ཆས་སྟོབས་ཤུགས་གཞན་དག་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་དང་། མི་དམངས་བཅིངས་འགྲོལ་དམག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་བསྒྱུར་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་དར་རྒྱས་གཏོང་བ། ཁྲིམས་ལྟར་དམག་དཔུང་ལེགས་སྐྱོང་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་གི་བཀོད་འདོམས་ལ་ཉན་པ་དང་། གཡུལ་ལས་རྒྱལ་ཐུབ་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་མི་དམངས་དམག་དཔུང་ཞིག་འཛུགས་སྐྱོང་བྱས་ཏེ་མི་དམངས་བཅིངས་འགྲོལ་དམག་གིས་དུས་སྐབས་གསར་པའི་དམག་དཔུང་གི་ལས་འགན་དང་འགན་འཁྲི་ནུས་ལྡན་ངང་སྒྲུབ་པར་འགན་ལེན་ཏན་ཏིག་བྱེད་དགོས་པ་དང་། རྒྱལ་སྲུང་སྲ་བརྟན་ཡོང་བ་དང་། མེས་རྒྱལ་སྲུང་སྐྱོང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་ཞུགས་པ་བཅས་བྱེད་པའི་ཐད་ཀྱི་མི་དམངས་བཅིངས་འགྲོལ་དམག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

    ཀྲུང་གོ་གུང་ཁྲན་ཏང་གིས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲུང་སྐྱོང་དང་འཕེལ་རྒྱས་བཏང་ནས་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་དང་འདེམས་སྒྲུག་ཧུར་ཐག་བྱེད་པ་དང་། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་། རིག་གནས། སྤྱི་ཚོགས་ཀྱི་བྱ་གཞག་བཅས་འཕེལ་རྒྱས་གཏོང་རོགས་བྱེད་པ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པ་ཡིན་པའི་འདུ་ཤེས་བརྟན་པོ་འཛིན་པ་བཅས་ཀྱི་ཐོག་ནས་མི་རིགས་ཁག་ཐུན་མོང་དུ་མཐུན་སྒྲིལ་གྱིས་འབད་འཐབ་དང་ཐུན་མོང་དུ་དར་རྒྱས་གོང་འཕེལ་ཡོང་བ་བྱེད་དགོས། ཆོས་ལུགས་ལས་དོན་སྐོར་གྱི་ཏང་གི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བར་བྱས་རྗེས་འཇོག་དགོས།

    ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་བཟོ་པ་དང་། ཞིང་པ། ཤེས་ཡོན་ཅན་བཅས་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། དམངས་གཙོའི་ཏང་ཤོག་ཁག་དང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། མི་རིགས་ཁག་གི་རྒྱལ་གཅེས་སྟོབས་ཤུགས་བཅས་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ཐོག སྤྱི་ཚོགས་རིང་ལུགས་ཀྱི་ངལ་རྩོལ་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཛུགས་སྐྲུན་བྱེད་མཁན། སྤྱི་ཚོགས་རིང་ལུགས་ལ་བརྩི་བཀུར་བྱེད་མཁན་རྒྱལ་གཅེས་པ། མེས་རྒྱལ་གཅིག་གྱུར་ཡོང་བར་བརྩི་བཀུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་འབད་བརྩོན་བྱེད་མཁན་རྒྱལ་གཅེས་པ་བཅས་ཡོངས་རྫོགས་ལས་གྲུབ་པའི་ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྔར་ལས་ལྷག་པར་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་དགོས། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། སྤུན་ཟླ་ཐའེ་དབན་པ། ཕྱིར་སྡོད་སྤུན་ཟླ་བཅས་ཚུད་པའི་རྒྱལ་ཡོངས་མི་དམངས་རྣམས་དང་མཐུན་སྒྲིལ་བྱ་རྒྱུར་ཟམ་མི་ཆད་པར་ཤུགས་སྣོན་རྒྱག་དགོས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ལྟར་ཤང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་དང་བརྟན་ལྷིང་ཡོང་བར་སྐུལ་སྤེལ་བཏང་སྟེ་མེས་རྒྱལ་གཅིག་གྱུར་ཡོང་བའི་བྱ་གཞག་ཆེན་པོ་ལེགས་འགྲུབ་བྱེད་དགོས།

    ཀྲུང་གོ་གུང་ཁྲན་ཏང་གིས་རང་བདག་རང་བཙན་གྱི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་མཐའ་འཁྱོངས་དང་། ཞི་བདེའི་འཕེལ་རྒྱས་འགྲོ་ལམ་མཐའ་འཁྱོངས། མཉམ་ཕན་མཉམ་ཁེའི་སྒོ་འབྱེད་འཐབ་ཇུས་མཐའ་འཁྱོངས། རྒྱལ་སྤྱི་དང་རྒྱལ་ནང་ཁྱོན་ཡོངས་གཉིས་ཀྱི་གནས་ཚུལ་གཅིག་གྱུར་གྱིས་འཆར་འགོད། ཕྱི་ཕྱོགས་འབྲེལ་བ་འཕེལ་རྒྱས་ཧུར་ཐག་གཏོང་བ་བཅས་བྱས་ནས་རང་རྒྱལ་གྱི་སྒྱུར་བཅོས་སྒོ་འབྱེད་དང་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱ་བར་ཕན་པ་ཡོད་པའི་རྒྱལ་སྤྱིའི་ཁོར་ཡུག་སྐྲུན་གང་ཐུབ་བྱེད་དགོས། རྒྱལ་སྤྱིའི་ལས་དོན་སྒྲུབ་རིང་བདེན་ཁེའི་འདུ་ཤེས་ཡང་དག་པ་རྒྱུན་འཁྱོངས་བྱས་ཏེ་རང་རྒྱལ་གྱི་རང་བཙན་དང་བདག་དབང་སྲུང་སྐྱོང་དང་། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་། མིའི་རིགས་ཡར་ཐོན་ཡོང་བར་སྐུལ་སྤེལ་བཅས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། ཡུན་རིང་ཞི་བདེ་དང་ཐུན་མོང་དུ་དར་རྒྱས་ཡོང་བའི་འཆམ་མཐུན་འཛམ་གླིང་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས། བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་ཕན་ཚུན་བརྩི་འཇོག་བྱེད་པ་དང་། ཕན་ཚུན་བཙན་གནོད་མི་བྱེད་པ། ཕན་ཚུན་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ། འདྲ་མཉམ་གཉིས་ཕན། ཞི་བདེ་མཉམ་གནས་བཅས་ཀྱི་རྩ་དོན་ལྔ་ཡི་རྨང་གཞིའི་ཐོག རང་རྒྱལ་དང་འཛམ་གླིང་རྒྱལ་ཁབ་ཁག་དབར་གྱི་འབྲེལ་བ་གོང་འཕེལ་གཏོང་དགོས། རང་རྒྱལ་དང་མཐའ་སྐོར་རྒྱལ་ཁབ་དབར་གྱི་ཁྱིམ་མཚེས་མཛའ་གཅུགས་ཀྱི་འབྲེལ་བ་ཟམ་མི་ཆད་པར་འཕེལ་རྒྱས་གཏོང་བ་དང་། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་རྣམས་དང་མཐུན་སྒྲིལ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས། མཉམ་གྲོས་དང་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རྩ་དོན་ལ་གཞིགས་ནས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་དགོས། རང་བཙན་རང་བདག་དང་། ཡོངས་སུ་འདྲ་མཉམ། ཕན་ཚུན་བརྩི་འཇོག ཕན་ཚུན་ནང་ཁུལ་གྱི་ལས་དོན་ལ་ཐེ་གཏོགས་མི་བྱེད་པ་བཅས་ཀྱི་རྩ་དོན་གཞིར་བཟུང་ནས་རང་རེའི་ཏང་དང་རྒྱལ་ཁབ་ཁག་གི་གུང་ཁྲན་ཏང་དང་སྲིད་ཏང་གཞན་དག་དབར་གྱི་འབྲེལ་བ་གོང་འཕེལ་གཏོང་དགོས།

    ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་འགོ་ཁྲིད་དེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་དགོས་ན། ཏང་གི་གཞི་རྩའི་ལམ་ཕྱོགས་ལ་རྩེ་གཅིག་ཏུ་དམིགས་ནས་ཏང་རང་གིས་རང་ལ་དོ་དམ་བྱ་རྒྱུ་དང་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་རྒྱུ་མཐའ་འཁྱོངས་དང་། ཏང་གི་སྲིད་དབང་སྐྱོང་ནུས་དང་། སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་སྤེལ་ཤུགས་ཇེ་ཆེར་གཏོང་བ། སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཏང་ལེགས་སྐྱོང་བྱེད་པའི་རླབས་ཆེན་གྱི་ལས་གཞི་གསར་པར་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་བ། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་ཁྱབ་བཀོད་འདོམས་བྱས་ནས་ཏང་གི་ཆབ་སྲིད་འཛུགས་སྐྱོང་དང་། བསམ་བློ་ལེགས་འགྱུར། རྩ་འཛུགས་འཛུགས་སྐྱོང་། ཀུན་སྤྱོད་ལེགས་འགྱུར། སྒྲིག་ཁྲིམས་འཛུགས་སྐྱོང་བཅས་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་བ། ལམ་ལུགས་འཛུགས་སྐྱོང་དེའི་ནང་ཁྱབ་པར་བྱེད་པ། རུལ་རྒོལ་འཐབ་རྩོད་གཏིང་ཟབ་སྤེལ་བ་བཅས་བྱས་ནས་ཏང་འཛུགས་སྐྱོང་ཚན་རིག་ཅན་དུ་འགྱུར་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། གཞུང་དོན་ཏང་འཛུགས་དང་དམངས་དོན་སྲིད་འཛིན་མཐའ་འཁྱོངས་དང་། ཏང་གི་སྲོལ་རྒྱུན་དང་ཀུན་སྤྱོད་བཟང་པོ་དར་སྤེལ། ཏང་གི་འགོ་ཁྲིད་ཆུ་ཚད་དང་སྲིད་འཛིན་ཆུ་ཚད་ཟམ་མི་ཆད་པར་མཐོར་འདེགས། རུལ་རྒོལ་འགྱུར་འགོག་དང་ཉེན་ཁ་བཀག་འགོག་བྱེད་ནུས་ཆེ་རུ་གཏོང་བ། རང་ཉིད་གཙང་འགྱུར་དང་། རང་ཉིད་འཐུས་ཚང་། རང་ཉིད་ལེགས་བཅོས། རང་ཉིད་མཐོར་འདེགས་བཅས་ཡོང་བ་བྱེད་ནུས་རྒྱུན་མི་ཆད་པར་ཆེ་རུ་གཏོང་བ། ཏང་གི་གྲལ་རིམ་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་བ་དང་ཏང་གི་མང་ཚོགས་རྨང་གཞི་ཟམ་མི་ཆད་པར་རྒྱ་བསྐྱེད། ཏང་གི་གསར་སྐྲུན་བྱེད་ནུས་དང་། གོང་བུར་འགྲིལ་ཤུགས། འཐབ་འཛིང་ནུས་ཤུགས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། སློབ་སྦྱོང་ཅན་དང་། ཞབས་ཞུ་ཅན། གསར་གཏོད་ཅན་བཅས་སུ་འགྱུར་བའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་འཛིན་ཏང་འཛུགས་སྐྱོང་བཅས་ལ་བརྟེན་ནས། ང་ཚོའི་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་དེ་རྒྱལ་ཡོངས་མི་དམངས་ཀྱི་འགོ་ཁྲིད་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་རྒྱུན་མི་ཆད་པར་མདུན་དུ་བསྐྱོད་ཐུབ་པའི་སྲོག་ཤིང་སྟོབས་ལྡན་དུ་འགྱུར་བར་བྱེད་དགོས། ཏང་འཛུགས་སྐྱོང་བྱེད་པའི་ཐད་ངེས་པར་དུ་གཤམ་གསལ་གྱི་གཞི་རྩའི་བླང་བྱ་ལྔ་མངོན་འགྱུར་མཐའ་གཅིག་ཏུ་ཡོང་བ་བྱེད་དགོས་པ་སྟེ།

    དང་པོ། ཏང་གི་གཞི་རྩའི་ལམ་ཕྱོགས་མཐའ་འཁྱོངས་བྱེད་དགོས། ཏང་ཡོངས་ཀྱིས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ། ཏང་གི་གཞི་རྩའི་ལམ་ཕྱོགས་བཅས་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་བྱ་སྤྱོད་གཅིག་གྱུར་ཡོང་བ་བྱེད་དགོས་པ་མ་ཟད། གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་ཡུན་རིང་མཐའ་འཁྱོངས་ཀྱང་བྱེད་དགོས། སྒྱུར་བཅོས་སྒོ་འབྱེད་དང་གཞི་རྩའི་རྩ་དོན་བཞི་གཅིག་གྱུར་ཡོང་བ་བྱེད་དགོས་པ་དང་། ཏང་གི་གཞི་རྩའི་ལམ་ཕྱོགས་སྒོ་ཀུན་ནས་དོན་འཁྱོལ་བྱེད་པ། “གཡོན”དང་གཡས་ཀྱི་ཕྱོགས་ལྷུང་ནོར་འཁྲུལ་ཅན་ཚང་མར་ངོ་རྒོལ་དང་གཡས་ལྷུང་ལ་དོགས་ཟོན་བྱ་དགོས་མོད། འོན་ཀྱང་གཙོ་བོ“གཡོན”ལྷུང་སྔོན་འགོག་བྱེད་དགོས། འགོ་ཁྲིད་ཚན་པ་རིམ་པ་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཏང་དང་མི་དམངས་ལ་དགོས་མཁོ་ཡོད་པའི་ལས་བྱེད་པ་བཟང་པོ་གསོ་སྐྱོང་དང་འདེམས་སྒྲུག་དང་། སྤྱི་ཚོགས་རིང་ལུགས་བྱ་གཞག་གི་རྒྱུན་འཛིན་པ་ཁྲི་སྟོང་མང་པོ་གསོ་སྐྱོང་དང་སྐྱེད་སྲིང་བྱས་ཏེ་རྩ་འཛུགས་ཀྱི་ཐོག་ནས་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་ཆེན་མོ་བཅས་དོན་འཁྱོལ་མཐར་ཕྱིན་ཡོང་བར་འགན་ལེན་བྱེད་དགོས།

    གཉིས་པ། བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་འཕེལ་རྒྱས། བདེན་འཚོལ་དོན་གཉེར་བཅས་མཐའ་འཁྱོངས་བྱེད་དགོས། ཏང་གི་བསམ་བློའི་ལམ་ཕྱོགས་ནི་བྱ་བ་གང་བྱེད་དོན་དངོས་གཞིར་འཛིན་པ་དང་། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པ། དངོས་ཐོག་བདེན་འཚོལ། ལག་ལེན་དངོས་ཀྱི་ཁྲོད་དུ་བདེན་དོན་ཞིབ་བཤེར་དང་བདེན་དོན་འཕེལ་རྒྱས་གཏོང་བ་བཅས་ཡིན། ཏང་ཡོངས་ཀྱིས་ངེས་པར་དུ་བསམ་བློའི་ལམ་ཕྱོགས་འདི་མཐའ་འཁྱོངས་བྱས་ཏེ་འཚོལ་ཞིབ་ཧུར་ཐག་དང་། བློ་ཁོག་ཆེན་པོས་ཚོད་ལྟ། གསར་འབྱེད་གསར་གཏོད། གསར་སྐྲུན་གྱི་རང་བཞིན་ལྡན་པའི་སྒོ་ནས་ལས་དོན་སྒྲུབ་པ་བཅས་བྱས་ཐོག གནས་ཚུལ་གསར་པར་མུ་མཐུད་ཞིབ་འཇུག་དང་། ཉམས་མྱོང་གསར་པ་ཕྱོགས་བསྡོམས། གནད་དོན་གསར་པ་ཐག་གཅོད་བཅས་བྱས་ཏེ་ལག་ལེན་བྱེད་རིང་དུ་མར་ཁེ་སི་རིང་ལུགས་ཕུན་སུམ་ཇེ་ཚོགས་དང་གོང་འཕེལ་བཏང་ནས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་རྒྱུར་སྐུལ་སྤེལ་གཏོང་དགོས།

    གསུམ་པ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱེད་དགོས། ཏང་ལ་བཟོ་པའི་གྲལ་རིམ་དང་ཆེས་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་ཁེ་ཕན་མ་གཏོགས་རང་ཉིད་ཀྱི་དམིགས་བསལ་གྱི་ཁེ་ཕན་མེད། ཏང་གིས་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་ཁེ་ཕན་ཨང་དང་པོར་བཞག་ནས་མང་ཚོགས་དང་བདེ་སྡུག་མཉམ་མྱོང་དང་། མང་ཚོགས་དང་འབྲེལ་འདྲིས་དམ་ཤོས་རྒྱུན་འཁྱོངས་བྱེད་དགོས་པ་དང་། དམངས་ཀྱི་དོན་དུ་དབང་ཆ་སྤྱོད་པ་དང་། མི་དམངས་ལ་དུང་སེམས་འཆང་བ། དམངས་ཀྱི་དོན་དུ་ཁེ་ཕན་སྐྲུན་པ་བཅས་རྒྱུན་འཁྱོངས་བྱེད་དགོས་པ་ལས། ཏང་ཡོན་སུ་ཞིག་ཡིན་རུང་མང་ཚོགས་དང་ཁ་བྲལ་བ་དང་མང་ཚོགས་ཀྱི་མགོ་ཐོག་ཏུ་བསྡད་མི་ཆོག རང་རེའི་ཏང་གི་ཆབ་སྲིད་ཀྱི་ཁྱད་ཡོན་ཆེ་ཤོས་ནི་མང་ཚོགས་དང་འབྲེལ་འདྲིས་དམ་པོ་བྱེད་པ་དེ་ཡིན་ཞིང་། ཏང་གིས་སྲིད་འཛིན་བྱས་རྗེས་ཀྱི་ཉེན་ཁ་ཆེ་ཤོས་ནི་མང་ཚོགས་དང་ཁ་བྲལ་བ་དེ་རེད། ཏང་སྲོལ་གྱི་གནད་དོན་དང་ཏང་དང་མི་དམངས་མང་ཚོགས་དབར་གྱི་འབྲེལ་བའི་གནད་དོན་ནི་ཏང་འདི་ཉིད་ཤི་གསོན་ཆགས་འཇིག་ཇི་ཡོང་ལ་ཐུག་པའི་གནད་དོན་ཡིན། ཏང་གིས་རང་ཉིད་ཀྱི་ལས་དོན་སྒྲུབ་རིང་མང་ཚོགས་ལམ་ཕྱོགས་ལག་ལེན་བསྟར་ནས་བྱ་བ་ཐམས་ཅད་མང་ཚོགས་ཀྱི་ཆེད་དུ་སྒྲུབ་པ་དང་། བྱ་བ་ཐམས་ཅད་མང་ཚོགས་ལ་བརྟེན་ནས་སྒྲུབ་ཅིང་། མང་ཚོགས་ཀྱི་ཁྲོད་ནས་བླངས་ཏེ་མང་ཚོགས་ཀྱི་ཁྲོད་དུ་སྤེལ་བ། ཏང་གི་འདོད་ཚུལ་ཡང་དག་པ་རྣམས་མང་ཚོགས་ཀྱི་རང་རྟོགས་བྱ་སྤྱོད་དུ་འགྱུར་བར་བྱེད་དགོས།

    བཞི་པ། དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་བྱེད་དགོས། དམངས་གཙོ་གཅིག་སྡུད་ལམ་ལུགས་ནི་དམངས་གཙོའི་རྨང་གཞིའི་ཐོག་གི་གཅིག་སྡུད་དང་གཅིག་སྡུད་ཀྱིས་སློབ་སྟོན་བྱེད་པའི་འོག་གི་དམངས་གཙོ་ཟུང་དུ་སྦྲེལ་བ་ཞིག་ཡིན། དེ་ཉིད་ཏང་གི་རྩ་བར་གྱུར་པའི་རྩ་འཛུགས་ཀྱི་རྩ་དོན་ཡིན་ལ། ཏང་གི་འཚོ་བའི་ཁྲོད་དུ་མང་ཚོགས་ཀྱི་ལམ་ཕྱོགས་དངོས་སུ་བེད་སྤྱོད་པའང་ཡིན། ཏང་ནང་དུ་དམངས་གཙོ་དར་སྤེལ་གང་ལེགས་གཏོང་དགོས་པ་དང་། ཏང་ཡོན་གྱི་བྱེད་པོའི་གནས་བབ་ལ་བརྩི་འཇོག ཏང་ཡོན་གྱི་དམངས་གཙོའི་ཁེ་དབང་འགན་སྲུང་བཅས་བྱས་ནས་ཏང་གི་རྩ་འཛུགས་རིམ་པ་ཁག་དང་རྒྱ་ཆེའི་ཏང་ཡོན་གྱི་ཧུར་བརྩོན་བྱེད་སེམས་དང་གསར་སྐྲུན་བྱེད་སེམས་འདོན་སྤེལ་བྱེད་དགོས། གཅིག་སྡུད་ཡང་དག་པ་ལག་བསྟར་བྱེད་དགོས་པ་དང་། ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོར་བཅངས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་ཏང་ཡོངས་ཀྱི་མཐུན་སྒྲིལ་གཅིག་གྱུར་དང་བྱ་སྤྱོད་གཅིག་གྱུར་ཡོང་བར་འགན་ལེན་དང་། ཏང་གི་ཆོད་དོན་མྱུར་ཞིང་ཕན་ནུས་ལྡན་པའི་སྒོ་ནས་ལག་ལེན་མཐར་ཕྱིན་བསྟར་ཐུབ་པར་འགན་ལེན་བྱེད་དགོས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ཚད་ལྡན་དུ་གཏོང་བ་དང་དེར་ཤུགས་སྣོན་རྒྱག་པ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ལྡན་པའི་ཆབ་སྲིད་རང་བཞིན་དང་། དུས་རབས་རང་བཞིན། རྩ་དོན་རང་བཞིན། འཐབ་འཛིང་རང་བཞིན་བཅས་ཇེ་ཆེར་གཏོང་བ། དགེ་མཚན་ལྡན་ཞིང་སྐྱོན་དང་བྲལ་བའི་ཏང་ནང་ཁུལ་གྱི་ཆབ་སྲིད་རིག་གནས་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་སྤྱོད་སྲོལ་གཉིས་བཟང་ཡོང་བའི་ཆབ་སྲིད་ཁོར་ཡུག་ལེགས་པོ་ཞིག་སྐྲུན་དགོས། ཏང་གིས་རང་ཉིད་ཀྱི་ཆབ་སྲིད་འཚོ་བའི་ནང་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཡང་དག་པ་སྤེལ་དགོས་པ་དང་། རྩ་དོན་གྱི་གནད་དོན་ཐད་ལ་བསམ་བློའི་འཐབ་རྩོད་བྱེད་དགོས་པ། བདེན་དོན་མཐའ་འཁྱོངས་དང་། ནོར་འཁྲུལ་ཡོ་བསྲང་བྱེད་དགོས། གཅིག་སྡུད་ཡོད་ལ་དམངས་གཙོའང་ཡོད་པ་དང་། སྒྲིག་ཁྲིམས་ཡོད་ལ་རང་དབང་ཡང་ཡོད་པ། གཅིག་གྱུར་གྱི་འདོད་བློ་ཡོད་ལ་རང་བློ་བག་ཕེབས་དང་སྐྱེ་སྟོབས་ཀྱི་དཔལ་འབར་བ་ཞིག་ཀྱང་ཡོད་པའི་ཆབ་སྲིད་ཀྱི་རྣམ་པ་ཆགས་པར་འབད་བརྩོན་བྱེད་དགོས།

    ལྔ་པ། ཏང་དོ་དམ་དང་ལེགས་སྐྱོང་ནན་པོ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བའི་ལས་ཀ་དེ་ནམ་ཡང་སྒྲུབ་བཞིན་པའི་ལམ་ན་ཡོད། གནས་བབ་གསར་པའི་འོག ཏང་གི་མདུན་དུ་ལྷག་པའི་སྲིད་འཛིན་གྱི་ཉམས་སད་དང་། སྒྱུར་བཅོས་སྒོ་འབྱེད་ཀྱི་ཉམས་སད། ཚོང་རའི་དཔལ་འབྱོར་གྱི་ཉམས་སད། ཕྱི་ཕྱོགས་ཁོར་ཡུག་གི་ཉམས་སད་བཅས་ནི་ཡུན་རིང་གནས་རྒྱུ་དང་། རྙོག་འཛིང་ཆེ་ཞིང་ཛ་དྲག་ལྡན་པ་ཞིག་ཡིན་པ་དང་། བསམ་བློ་ལྷོད་གཡེང་གཏོང་བའི་ཉེན་ཁ་དང་། ནུས་པ་མི་འདང་བའི་ཉེན་ཁ། མང་ཚོགས་དང་ཁ་བྲལ་བའི་ཉེན་ཁ། སྒྱིད་ལུག་དང་རུལ་སུངས་སུ་འགྱུར་བའི་ཉེན་ཁ་བཅས་སྔར་ལས་རྣོ་ངར་ཆེ་བའི་ཐོག་ནས་ཏང་ཡོངས་ཀྱི་མདུན་དུ་ལྷས་ཡོད། ཚད་གཞི་ནན་པོ་དང་བྱེད་ཐབས་ནན་པོ་དག་ཏང་དོ་དམ་ལེགས་སྐྱོང་བྱ་རྒྱུའི་གོ་རིམ་ཡོངས་དང་ཕྱོགས་སོ་སོར་ཁྱབ་ཐུབ་པར་བྱེད་དགོས། ཁྲིམས་སྲོལ་ལྟར་ཏང་སྐྱོང་དང་རྩ་ལག་མཉམ་བཅོས་བྱ་རྒྱུ་མཐའ་འཁྱོངས་དང་། བཅའ་ཁྲིམས་སྔོན་དུ་འཇོག་རྒྱུ་མཐའ་འཁྱོངས། རྩ་འཛུགས་ཀྱི་རང་བཞིན་དང་སྒྲིག་ཁྲིམས་ཀྱི་རང་བཞིན་ལ་ཤུགས་སྣོན་བཅས་བྱས་ཏེ་ཏང་གི་སྒྲིག་ཁྲིམས་ཀྱི་མདུན་དུ་ཚང་མ་འདྲ་མཉམ་ཡོང་བ་བྱེད་དགོས། ཏང་དོ་དམ་དང་ལེགས་སྐྱོང་གི་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་ཇེ་ཆེར་གཏོང་བ་དང་། ཏང་གི་འགོ་ཁྲིད་ལས་ཁུངས་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་སྤྱི་དང་། ཁྱད་པར་དུ་འགོ་ཁྲིད་ལས་བྱེད་པ་གཙོ་བོ་རྣམས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ཏང་ནང་གི་ལྟ་སྐུལ་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས། ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་དང་རུལ་སུངས་སུ་འགྱུར་བར་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་བཏང་སྟེ་བཟོད་སྒོམ་གཏན་ནས་མི་རུང་བའི་རྣམ་འགྱུར་ཐོག་ནས་རུལ་སུངས་སུ་འགྱུར་རིགས་ལ་ཉེས་ཆད་བཅད་ནས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་ནུས་ལྡན་ལམ་སྲོལ་ཞིག་ཆགས་པར་བྱེད་དགོས།

    ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་རྩ་བར་གྱུར་པའི་ཁྱད་ཆོས་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཆེ་ཤོས་ཡིན། ཏང་ནི་ཏང་སྲིད་དམག་དམངས་སློབ་དང་ཕྱོགས་བཞི་མཚམས་བརྒྱད་ལ་འགོ་ཁྲིད་བྱེད་མཁན་ཡིན། ཏང་གིས་སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་བླང་བྱ་དང་བསྟུན་ཏེ་ཚན་རིག་དང་མཐུན་པར་སྲིད་འཛིན་དང་། དམངས་གཙོའི་སྲིད་འཛིན། ཁྲིམས་ལྟར་སྲིད་འཛིན་བཅས་མཐའ་འཁྱོངས་བྱས་ནས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་བྱེད་དགོས། ཏང་གིས་ངེས་པར་དུ་ཁྱོན་ཡོངས་ཀྱི་གནས་ཚུལ་གཅིག་འདོམས་དང་ཕྱོགས་གང་ཅིའི་ཐད་མཐུན་སྦྱོར་ཡོང་བ་བྱེད་པའི་རྩ་དོན་གཞིར་བཟུང་སྟེ་རིམ་པ་གཅིག་མཚུངས་ཀྱི་རྩ་འཛུགས་སྣ་ཚོགས་ཁྲོད་དུ་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་བྱེད་དགོས། ཏང་གིས་ངེས་པར་དུ་བློ་རྩེ་གཅིག་སྒྲིམ་གྱིས་དཔལ་འབྱོར་འཛུགས་སྐྲུན་བྱེད་པའི་འགོ་ཁྲིད་དེ་ཕྱོགས་གང་ཅིའི་ཐད་ཀྱི་སྟོབས་ཤུགས་སྒྲིག་འཛུགས་དང་མཐུན་སྦྱོར་བྱས་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་དཔལ་འབྱོར་འཛུགས་སྐྲུན་ལ་དམིགས་ནས་ལས་དོན་སྒྲུབ་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་སྒོ་ཀུན་ནས་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་དགོས། ཏང་གིས་ངེས་པར་དུ་དམངས་གཙོ་ལྡན་ལ་ཚན་རིག་དང་ཡང་མཐུན་པའི་ཐབས་ཇུས་ལག་ལེན་བསྟར་བ་དང་། ཡང་དག་པའི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་གཏན་འབེབས་དང་ལག་བསྟར་བྱས་ནས་ཏང་གི་རྩ་འཛུགས་ལས་ཀ་དང་དྲིལ་བསྒྲགས་སློབ་གསོའི་ལས་ཀ་ལེགས་པར་བྱེད་དགོས་པ་དང་། ཏང་ཡོན་ཡོངས་ཀྱི་གདོང་ལེན་དང་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱེད་དགོས། ཏང་གིས་ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་སུ་བྱེད་སྒོ་སྤེལ་དགོས། ཏང་གིས་ངེས་པར་དུ་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་ལས་ཁུངས་དང་། ཁྲིམས་འཛིན་་ལས་ཁུངས། སྲིད་འཛིན་ལས་ཁུངས། ལྟ་ཞིབ་ལས་ཁུངས་བཅས་དང་། དཔལ་འབྱོར་དང་རིག་གནས་རྩ་འཛུགས། མི་དམངས་ཚོགས་པ་བཅས་ཀྱིས་ཧུར་བརྩོན་རང་འགུལ་དང་། རང་ཚུགས་འགན་འཁུར། མཐུན་སྦྱོར་གཅིག་གྱུར་བཅས་ཀྱི་ཐོག་ནས་ལས་ཀ་བྱེད་ཐུབ་པའི་འགན་ལེན་བྱེད་དགོས། ཏང་གིས་ངེས་པར་དུ་བཟོ་ཚོགས་དང་། གུང་ཁྲན་རིང་ལུགས་ཀྱི་གཞོན་ནུ་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་ཚོགས་པའི་རྩ་འཛུགས་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་དེ་ཚོས་ཆབ་སྲིད་ཀྱི་རང་བཞིན་དང་། སྔོན་ཐོན་གྱི་རང་བཞིན། མང་ཚོགས་ཀྱི་རང་བཞིན་བཅས་རྒྱུན་འཁྱོངས་དང་རྒྱུན་འཁྱོངས་བྱེད་ཤུགས་ཆེ་རུ་བཏང་ནས་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཏང་གིས་ངེས་པར་དུ་དུས་བབ་གོང་དུ་འཕེལ་ཚུལ་དང་གནས་ཚུལ་འགྱུར་ལྡོག་བྱུང་ཚུལ་དང་བསྟུན་ནས་འགོ་ཁྲིད་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། འགོ་ཁྲིད་བྱེད་སྟངས་ལེགས་བཅོས། སྲིད་འཛིན་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས། གུང་ཁྲན་ཏང་ཡོན་གྱིས་ངེས་པར་དུ་ཏང་ཕྱིའི་མང་ཚོགས་དང་མཉམ་ལས་དམ་ཟབ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་ཆེད་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས།

    ལེའུ་དང་པོ། ཏང་ཡོན།

    དོན་ཚན་དང་པོ། ལོ་འཁོར་མོ་བཅོ་བརྒྱད་ལོན་པའི་ཀྲུང་གོའི་བཟོ་པ་དང་། ཞིང་པ། དམག་མི། ཤེས་ཡོན་ཅན། སྤྱི་ཚོགས་ཀྱི་རིམ་གྲས་གཞན་དག་ཁྲོད་ཀྱི་སྔོན་ཐོན་པ་བཅས་ཀྱིས་ཏང་གི་རྩ་འཛིན་དང་སྒྲིག་ཡིག་ཁས་ལེན་ཞིང་། ཏང་གི་རྩ་འཛུགས་ཤིག་གི་ནང་ལ་ཞུགས་པ་དང་འབྲེལ་དེའི་ནང་དུ་ཧུར་བརྩོན་གྱིས་ལས་ཀ་བྱེད་པ་དང་། ཏང་གི་གྲོས་ཆོད་ལག་ལེན་བྱེད་པ། ཏང་དངུལ་དུས་ཐོག་ཏུ་འབུལ་བ་བཅས་བྱེད་འདོད་ཡོད་མཁན་ཞིག་ཡིན་ཕྱིན། ཀྲུང་གོའི་གུང་ཁྲན་ཏང་གི་ནང་ཞུགས་རྒྱུའི་རེ་འདུན་ཞུ་ཡིག་ཕུལ་ཆོག

    དོན་ཚན་གཉིས་པ། ཀྲུང་གོའི་གུང་ཁྲན་ཏང་གི་ཏང་ཡོན་ནི་གུང་ཁྲན་རིང་ལུགས་ཀྱི་གོ་རྟོགས་ལྡན་པའི་ཀྲུང་གོའི་བཟོ་པའི་གྲལ་རིམ་གྱི་གདོང་ལེན་འཐབ་འཛིང་པ་ཡིན། 

    ཀྲུང་གོའི་གུང་ཁྲན་ཏང་གི་ཏང་ཡོན་གྱིས་ངེས་པར་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་། རང་ཉིད་ཀྱི་ཡོད་དགུ་ཕངས་སེམས་མེད་པར་བློས་བཏང་ནས་གུང་ཁྲན་རིང་ལུགས་མངོན་འགྱུར་ཡོང་བའི་ཆེད་དུ་ཚེ་གང་འབད་བརྩོན་བྱེད་དགོས།

    ཀྲུང་གོའི་གུང་ཁྲན་ཏང་གི་ཏང་ཡོན་ནི་དུས་ནམ་ཡང་ངལ་རྩོལ་མི་དམངས་ཀྱི་ཁོངས་མི་དཀྱུས་མ་ཞིག་ཡིན། བཅའ་ཁྲིམས་དང་སྲིད་ཇུས་ཀྱི་གཏན་འབེབས་ཁོངས་སུ་ཚུད་པའི་སྒེར་གྱི་ཁེ་ཕན་དང་ལས་ཀའི་འགན་དབང་ཕུད། གུང་ཁྲན་ཏང་ཡོན་སུ་ཞིག་གིས་ཀྱང་སྒེར་གྱི་ཁེ་ཕན་དང་དམིགས་བསལ་གྱི་དབང་ཆ་གང་ཡང་ཧམ་གཉེར་བྱས་མི་ཆོག

    དོན་ཚན་གསུམ་པ། ཏང་ཡོན་གྱིས་གཤམ་གསལ་འོས་འགན་རྣམས་ངེས་པར་དུ་སྒྲུབ་དགོས་པ་སྟེ།

    (གཅིག) མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་ནན་ཏན་གྱི་སྒོ་ནས་སློབ་སྦྱོང་དང་། ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས། གྲོས་ཆོད་བཅས་སློབ་སྦྱོང་། ཏང་གི་གཞི་རྩའི་ཤེས་བྱ་སློབ་སྦྱོང་། ཚན་རིག་དང་། རིག་གནས། བཅའ་ཁྲིམས། ལས་སྒོའི་ཤེས་བྱ་བཅས་སློབ་སྦྱོང་བྱས་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་གང་ཐུབ་བྱེད་དགོས།

    (གཉིས) ཏང་གི་གཞི་རྩའི་ལམ་ཕྱོགས་དང་། བྱེད་ཕྱོགས་སྲིད་ཇུས་ཁག་ལག་ལེན་མཐར་ཕྱིན་བསྟར་ནས་སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྣེ་ཁྲིད་ཀྱིས་ཞུགས་དགོས་པ་དང་། མང་ཚོགས་ལ་སྐུལ་ཁྲིད་བྱས་ནས་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་ཡར་ཐོན་ཡོང་ཕྱིར་དཀའ་སྤྱད་འབད་བརྩོན་བྱས་ནས་ཐོན་སྐྱེད་དང་། ལས་ཀ སློབ་སྦྱོང་། སྤྱི་ཚོགས་ཀྱི་འཚོ་བ་བཅས་ཀྱི་ནང་དུ་གདོང་ལེན་དང་དཔེ་བཟང་གི་ནུས་པ་འདོན་དགོས།

    (གསུམ) ཏང་དང་མི་དམངས་ཀྱི་ཁེ་ཕན་དེ་ཁེ་ཕན་གང་ལས་ཀྱང་ལྷག་པར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་སྒེར་གྱི་ཁེ་ཕན་གྱིས་ཏང་དང་མི་དམངས་ཀྱི་ཁེ་ཕན་ལ་བསྟུན་དགོས་པ་དང་། དཀའ་བ་སྔོན་ལ་སྤྱོད་པ་དང་བདེ་བ་རྗེས་སུ་མྱོང་དགོས་ཤིང་། སྒེར་དོན་སྤངས་ནས་གཞུང་དོན་སྒྲུབ་སྟེ་བྱས་རྗེས་གང་མང་འཇོག་དགོས།

    (བཞི) ཏང་གི་སྒྲིག་ཁྲིམས་ལ་རང་རྟོགས་ངང་བརྩི་སྲུང་ཞུ་བར། དང་ཐོག་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་སྒྲིག་ལམ་ལ་བརྩི་སྲུང་ཞུ་བ་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དཔེ་སྟོན་གྱིས་བརྩི་སྲུང་བྱ་དགོས་པ། ཏང་དང་རྒྱལ་ཁབ་ཀྱི་གསང་དོན་དམ་སྲུང་དང་། ཏང་གི་ཆོད་དོན་ལག་བསྟར། རྩ་འཛུགས་ཀྱི་བསྐོ་མངག་དང་ལེན། ཧུར་བརྩོན་ཆེན་པོས་ཏང་གི་ལས་འགན་ལེགས་འགྲུབ་བཅས་བྱེད་དགོས།

    (ལྔ) ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་སྲུང་སྐྱོང་བྱེད་པར། ཏང་ལ་ལྷག་བསམ་རྣམ་དག་དང་ཁ་ཞེ་གཉིས་མེད་བྱེད་པ་དང་། སེམས་ཐག་གཙང་བཅད་ཀྱིས་ཕྱོགས་ཁག་གི་རྩ་འཛུགས་དང་ཚོགས་པ་ཆུང་གྲས་ཀྱི་བྱ་སྤྱོད་མཐའ་དག་ལ་ངོ་རྒོལ་དང་། མངོན་བརྩི་ལྐོག་འགལ་གྱི་མགོ་གཉིས་མའི་སྤྱོད་ཚུལ་དང་ལྐོག་གཡོ་ངན་ཇུས་མཐའ་དག་ལ་ངོ་རྒོལ་བྱེད་དགོས།

    (དྲུག) སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཏན་ཏིག་བྱས་ནས་ཏང་གི་རྩ་དོན་དང་འགལ་བའི་གཏམ་སྤྱོད་དང་ལས་ཀའི་ནང་གི་སྐྱོན་དང་ནོར་འཁྲུལ་ཐེར་འདོན་དང་ཡོ་བསྲང་བྱེད་ཕོད་པ་དང་། སྒྱིད་ལུག་དང་རུལ་སུངས་སུ་འགྱུར་བའི་སྣང་ཚུལ་ལ་འཐབ་རྩོད་མཐའ་གཅིག་ཏུ་བྱེད་དགོས།

    (བདུན) མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱས་ནས་མང་ཚོགས་ལ་ཏང་གི་འདོད་ཚུལ་དྲིལ་བསྒྲགས་དང་། དོན་དག་བྱུང་ཚེ་མང་ཚོགས་དང་གོ་བསྡུར་བྱས་ཐོག་མང་ཚོགས་ཀྱི་བསམ་འཆར་དང་རེ་འདུན་དུས་ཐོག་ཏུ་ཏང་ལ་སྙན་སེང་ཞུ་བ། མང་ཚོགས་ཀྱི་ལུགས་མཐུན་ཁེ་ཕན་སྲུང་སྐྱོང་བཅས་བྱེད་དགོས།

    (བརྒྱད) སྤྱི་ཚོགས་རིང་ལུགས་ཀྱི་གོམས་སྲོལ་གསར་པ་དར་སྤེལ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་གཟི་ཁྲེལ་ལྟ་བ་སྣེ་ཁྲིད་ནས་ལག་བསྟར། གུང་ཁྲན་རིང་ལུགས་ཀྱི་ཀུན་སྤྱོད་དར་སྤེལ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་གྱི་སྤྱོད་བཟང་དར་སྤེལ་བཅས་བྱས་ནས་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་ཆེད་དཀའ་ངལ་དང་ཉེན་ཁ་གང་ཞིག་ལ་ཐུག་ཚེ་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་དུ་ཐོན་ཏེ་དཔའ་མཛངས་རྟུལ་ཕོད་ཀྱིས་འཐབ་རྩོད་བྱེད་ཅིང་རང་སྲོག་བློས་གཏོང་བར་མི་སྐྲག་པ་བྱེད་དགོས།

    དོན་ཚན་བཞི་པ། ཏང་ཡོན་ལ་གཤམ་གསལ་ཁེ་དབང་ལོངས་སུ་སྤྱོད་རྒྱུ་ཡོད་དེ།

    (གཅིག) ཏང་གི་འབྲེལ་ཡོད་གྲོས་ཚོགས་ནང་ཞུགས་པ་དང་། ཏང་གི་འབྲེལ་ཡོད་ཡིག་ཆ་ལྟ་བ། ཏང་གི་སློབ་གསོ་དང་གསོ་སྐྱོང་སྦྱོང་བརྡར་དང་ལེན་བཅས་བྱས་ཆོག

    (གཉིས) ཏང་གི་གྲོས་ཚོགས་ཐོག་དང་ཏང་གི་ཚགས་པར་དང་དུས་དེབ་ཐོག་ཏུ་ཏང་གི་སྲིད་ཇུས་ཀྱི་གནད་དོན་སྐོར་གྲོས་བསྡུར་བྱེད་པར་ཞུགས་ཆོག

    (གསུམ) ཏང་གི་ལས་ཀར་བསམ་འཆར་དང་གྲོས་གཞི་བཏོན་ཆོག

    (བཞི) ཏང་གི་གྲོས་ཚོགས་ཐོག་ཏང་གི་རྩ་འཛུགས་གང་ཞིག་དང་ཏང་ཡོན་སུ་ཞིག་ལའང་གཞི་འཛིན་ས་ཡོད་པའི་ངང་ནས་སྐྱོན་བརྗོད་བྱས་ཆོག་པ་དང་། ཏང་ལ་འགན་འཁུར་བའི་སྒོ་ནས་ཏང་གི་རྩ་འཛུགས་གང་ཞིག་དང་ཏང་ཡོན་སུ་ཞིག་གི་ཁྲིམས་འགལ་ལུགས་དཀྲུག་གི་དོན་དངོས་ཐེར་འདོན་བྱས་ཆོག་པ་དང་འབྲེལ། ཁྲིམས་འགལ་ལུགས་དཀྲུག་བྱེད་མཁན་ཏང་ཡོན་ལ་ཆད་པ་གཅོད་དགོས་པའི་རེ་བ་བཏོན་ཆོག་པ་དང་། ལས་གོ་མི་འཕེར་བའི་ལས་བྱེད་པའི་གོ་གནས་འབེབས་པའམ་བརྗེ་འཐེན་བྱ་དགོས་པའི་རེ་བ་བཏོན་ཆོག

    (ལྔ) བརྡས་ཐག་གཅོད་པའི་དབང་ཆ་དང་འདེམས་བྱེད་དབང་ཆ་སྤྱད་ཆོག་ལ་གདམ་བྱའི་དབང་ཆའང་ཡོད།

    (དྲུག) ཏང་གི་རྩ་འཛུགས་ཀྱིས་ཏང་ཡོན་སུ་ཞིག་ལ་ཏང་གི་སྒྲིག་ཁྲིམས་ཐོག་ནས་ཆད་པ་གཅོད་རྒྱུའི་གྲོས་ཐག་གཅོད་པའམ་སྐྱོན་ཡོན་གསལ་འབྱེད་བྱེད་སྐབས་ཏང་ཡོན་དེ་ཉིད་ལ་གྲོས་ཚོགས་ནང་ཞུགས་པ་དང་དག་སེལ་བྱེད་པའི་དབང་ཆ་ཡོད་པ་དང་། ཏང་ཡོན་གཞན་དག་གིས་དེའི་དཔང་པོ་བྱས་ཆོག་པ་དང་དེའི་དོན་དུ་དག་སེལ་བྱས་ཆོག

    (བདུན) ཏང་གི་གྲོས་ཆོད་དང་སྲིད་ཇུས་ལ་བསམ་འཆར་མི་མཐུན་པ་ཡོད་ན་སེམས་ཐག་གཙང་བཅད་ཀྱིས་ལག་བསྟར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག རང་ཉིད་ཀྱི་བསམ་འཆར་སོར་ཉར་བྱ་རྒྱུའི་གསལ་བསྒྲགས་བྱས་ཆོག་པ་མ་ཟད། ཏང་གི་གོང་རིམ་རྩ་འཛུགས་ནས་ཀྲུང་དབྱང་བར་ལ་རང་ཉིད་ཀྱི་བསམ་འཆར་བཏོན་ཆོག

    (བརྒྱད) ཏང་གི་གོང་རིམ་རྩ་འཛུགས་ནས་ཀྲུང་དབྱང་བར་ལ་རེ་ཞུ་དང་། ཞུ་གཏུག གྱོད་གཏུག་བཅས་བྱས་ཆོག་པ་མ་ཟད། འབྲེལ་ཡོད་རྩ་འཛུགས་ལ་འགན་ཁུར་བའི་སྒོ་ནས་དྲིས་ལན་འདེབས་དགོས་པའི་རེ་འདུན་ཡང་བཏོན་ཆོག

    ཏང་གི་རྩ་འཛུགས་རིམ་པ་གང་རུང་ཞིག་ནས་ཀྲུང་དབྱང་བར་ཚང་མར་ཏང་ཡོན་གྱི་གོང་གསལ་ཁེ་དབང་དག་འཕྲོག་པའི་དབང་ཆ་མེད།

    དོན་ཚན་ལྔ་པ། ཏང་ཡོན་བསྡུ་ལེན་བྱེད་སྐབས་ངེས་པར་དུ་ཆབ་སྲིད་ཀྱི་ཚད་གཞི་དེ་ཨང་དང་པོར་བཞག་རྗེས་ཏང་གི་ཀྲི་པུའུ་བརྒྱུད་དེ་མི་རེ་ཟུང་བསྡུ་ལེན་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱེད་དགོས།

    ཏང་ནང་དུ་ཞུགས་རྒྱུའི་རེ་འདུན་ཞུ་མཁན་རྣམས་ཀྱིས་ཏང་ནང་དུ་ཞུགས་རྒྱུའི་རེ་འདུན་ཞུ་ཡིག་གི་རེའུ་མིག་འགོད་དགོས་པ་དང་འབྲེལ། ངོ་སྤྲོད་བྱེད་མཁན་དངོས་གཞིའི་ཏང་ཡོན་གཉིས་དགོས་ཤིང་། ཀྲི་པུའུ་ཡི་ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བ་དང་གོང་རིམ་ཏང་གི་རྩ་འཛུགས་ཀྱི་ཆོག་མཆན་ཐོབ་པ་མ་ཟད། གྲ་སྒྲིག་ཡུན་ཚད་ནང་རྟོག་ཞིབ་བྱས་པ་བརྒྱུད་རྗེས། གཞི་ནས་དངོས་གཞིའི་ཏང་ཡོན་བྱས་ཆོག

    ངོ་སྤྲོད་བྱེད་མཁན་གྱིས་རེ་འདུན་ཞུ་མཁན་གྱི་བསམ་བློ་དང་། གཤིས་རྒྱུད། ལོ་རྒྱུས། ལས་ཀ་བྱེད་ཚུལ་བཅས་ཆ་རྒྱུས་ནན་ཏན་ལོན་པར་བྱ་དགོས་པ་དང་། རེ་འདུན་ཞུ་མཁན་ལ་ཏང་གི་རྩ་འཛིན་དང་ཏང་གི་སྒྲིག་ཡིག་འགྲེལ་བཤད་རྒྱག་དགོས་ཤིང་། ཏང་ཡོན་གྱི་ཆ་རྐྱེན་དང་། འོས་འགན། ཁེ་དབང་བཅས་གསལ་བཤད་བྱ་དགོས་པ་མ་ཟད། ཏང་གི་རྩ་འཛུགས་ལ་འགན་འཁུར་བའི་སྒོ་ནས་སྙན་སེང་ཡང་ཞུ་དགོས།

    ཏང་གི་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གིས་ཏང་ཕྱི་ནང་གི་འབྲེལ་ཡོད་མང་ཚོགས་ཀྱི་ས་ནས་ཏང་ནང་དུ་ཞུགས་རྒྱུའི་རེ་འདུན་ཞུ་མཁན་དེར་བསམ་འཆར་གང་ཡོད་བསྡུ་ལེན་བྱ་རྒྱུར་ཡིད་འཇོག་བྱ་དགོས་པ་དང་ཞིབ་བཤེར་ནན་ཏན་བྱས་ཐོག ཚད་ལོན་འདུག་སྙམ་ན་ཀྲི་པུའུ་ཡི་ཚོགས་ཆེན་ལ་གྲོས་བསྡུར་བྱ་རྒྱུར་འབུལ་དགོས།

    གོང་རིམ་ཏང་གི་རྩ་འཛུགས་ཀྱིས་ཏང་ནང་དུ་ཞུགས་རྒྱུའི་རེ་འདུན་ཞུ་མཁན་དེ་ཏང་ནང་ཞུགས་སུ་འཇུག་པའི་ཆོག་མཆན་མ་བཀོད་གོང་ལ་ཁོང་དང་གླེང་མོལ་བྱེད་མི་མངགས་ནས་ཆ་རྒྱུས་སྔར་ལས་ལྷག་པར་ལོན་པ་བྱེད་པ་དང་སྦྲགས། ཁོང་ལ་རོགས་རམ་བྱས་ནས་ཏང་ལ་ངོས་འཛིན་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་དགོས།

    དམིགས་བསལ་གྱི་གནས་ཚུལ་བྱུང་ན་ཏང་གི་ཀྲུང་དབྱང་དང་། ཞིང་ཆེན། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་ཨུ་ཡོན་ལྷན་ཁང་གིས་ཏང་ཡོན་ཐད་ཀར་བསྡུ་ལེན་བྱས་ཆོག

    དོན་ཚན་དྲུག་པ། གྲ་སྒྲིག་ཏང་ཡོན་གྱིས་ངེས་པར་དུ་ཏང་གི་དར་ཆའི་མདུན་དུ་ཏང་ནང་དུ་ཞུགས་པའི་དམ་བཅའ་འཇོག་དགོས། དམ་བཅའི་ཚིག་གཤམ་གསལ་ཏེ། ངས་རང་མོས་ཐོག་ཀྲུང་གོའི་གུང་ཁྲན་ཏང་ནང་དུ་ཞུགས་ཏེ་ཏང་གི་རྩ་འཛིན་ལ་བརྩི་བཀུར་དང་། ཏང་གི་སྒྲིག་ཡིག་བརྩི་སྲུང་། ཏང་ཡོན་གྱི་འོས་འགན་ལེགས་འགྲུབ། ཏང་གི་ཆོད་དོན་ལག་བསྟར། ཏང་གི་སྒྲིག་ཁྲིམས་ནན་སྲུང་། ཏང་གི་གསང་དོན་དམ་སྲུང་། ཏང་ལ་བློ་དཀར་ཟོལ་མེད། ལས་སྒྲུབ་ཧུར་ཐག་བཅས་བྱས་ནས་གུང་ཁྲན་རིང་ལུགས་ཀྱི་དོན་དུ་ཚེ་གང་འབད་འཐབ་དང་། དུས་དང་རྣམ་པ་ཀུན་ཏུ་ཏང་དང་མི་དམངས་ཀྱི་དོན་དུ་རང་ཉིད་ཀྱི་ཡོད་རྒུ་བློས་གཏོང་རྒྱུའི་གྲ་སྒྲིག་བྱེད་ཅིང་། དུས་ནམ་ཡང་ཏང་ལ་རྒྱབ་གཏོད་མི་བྱེད་པ་དེ་ཡིན།

    དོན་ཚན་བདུན་པ། གྲ་སྒྲིག་ཏང་ཡོན་གྱི་གྲ་སྒྲིག་ཡུན་ཚད་ལོ་གཅིག་ཡིན། ཏང་གི་རྩ་འཛུགས་ཀྱིས་གྲ་སྒྲིག་ཏང་ཡོན་ལ་སློབ་གསོ་དང་རྟོག་ཞིབ་ནན་ཏན་བྱེད་དགོས།

    གྲ་སྒྲིག་ཏང་ཡོན་གྱི་འོས་འགན་ནི་དངོས་གཞིའི་ཏང་ཡོན་དང་གཅིག་མཚུངས་ཡིན། གྲ་སྒྲིག་ཏང་ཡོན་གྱི་ཁེ་དབང་ཐད་ལ་བརྡས་ཐག་གཅོད་པའི་དབང་ཆ་དང་། འདེམས་བྱེད་དབང་ཆ། གདམ་བྱའི་དབང་ཆ་བཅས་མེད་པ་ཕུད། དེ་བྱིངས་དབང་ཆ་རྣམས་དངོས་གཞིའི་ཏང་ཡོན་དང་གཅིག་མཚུངས་ཡིན།

    གྲ་སྒྲིག་ཏང་ཡོན་གྱི་གྲ་སྒྲིག་ཡུན་ཚད་འཐིམས་མཚམས་ཏང་གི་ཀྲི་པུའུ་ཡིས་མི་དེ་དངོས་གཞིའི་ཏང་ཡོན་དུ་བསྒྱུར་ཆོག་མིན་དུས་ཐོག་ཏུ་གྲོས་བསྡུར་བྱེད་དགོས། ཏང་ཡོན་གྱི་འོས་འགན་ནན་ཏན་བསྒྲུབས་པ་དང་། ཏང་ཡོན་གྱི་ཆ་རྐྱེན་འཛོམས་པ་རྣམས་དུས་ཐོག་ཏུ་དངོས་གཞིའི་ཏང་ཡོན་དུ་བསྒྱུར་དགོས་པ་དང་། ད་དུང་མུ་མཐུད་དེ་རྟོག་ཞིབ་དང་སློབ་གསོ་གཏོང་དགོས་པ་འདུག་ན་དེའི་གྲ་སྒྲིག་གི་ཡུན་ཚད་བསྲིངས་ཆོག་ཀྱང་ལོ་གཅིག་ལས་བརྒལ་མི་ཆོག ཏང་ཡོན་གྱི་འོས་འགན་མི་བསྒྲུབ་པ་དང་ཏང་ཡོན་གྱི་ཆ་རྐྱེན་འཛོམས་མེད་ན། དེའི་གྲ་སྒྲིག་ཏང་ཡོན་གྱི་ཐོབ་ཐང་མེད་པ་བཟོ་དགོས། གྲ་སྒྲིག་ཏང་ཡོན་ནས་དངོས་གཞིའི་ཏང་ཡོན་དུ་བསྒྱུར་རྒྱུ་དང་། ཡང་ན་གྲ་སྒྲིག་གི་ཡུན་ཚད་བསྲིང་རྒྱུ། ཡང་ན་གྲ་སྒྲིག་ཏང་ཡོན་གྱི་ཐོབ་ཐང་མེད་པ་བཟོ་རྒྱུ་བཅས་གང་བྱས་རུང་། ཚང་མ་ཀྲི་པུའུ་ཡི་ཚོགས་ཆེན་ཐོག་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱེད་དགོས་པ་དང་གོང་རིམ་ཏང་གི་རྩ་འཛུགས་ཀྱི་ཆོག་མཆན་འཐོབ་དགོས།

    གྲ་སྒྲིག་ཏང་ཡོན་གྱི་གྲ་སྒྲིག་ཡུན་ཚད་དེ་ཀྲི་པུའུ་ཡི་ཚོགས་ཆེན་ཐོག་མི་དེ་གྲ་སྒྲིག་ཏང་ཡོན་དུ་བསྡུ་ལེན་བྱེད་པའི་གྲོས་འཆམ་བྱུང་ཉིན་ནས་བརྩི་དགོས་པ་དང་། ཏང་ཡོན་གྱི་ཏང་ལོ་དེ་གྲ་སྒྲིག་ཡུན་ཚད་འཐིམས་ནས་དངོས་གཞིའི་ཏང་ཡོན་དུ་བསྒྱུར་བའི་ཉིན་ནས་བརྩི་དགོས།

    དོན་ཚན་བརྒྱད་པ། ཏང་ཡོན་སུ་ཞིག་ཡིན་རུང་གོ་གནས་མཐོ་དམན་གང་ཡིན་ལ་མ་བལྟོས་པར་ངེས་པར་དུ་ཏང་གི་ཀྲི་པུའུ་དང་། ཚོ་ཆུང་ངམ་ཡང་ན་རྩ་འཛུགས་ངེས་ཅན་ཞིག་གི་ནང་བཅུག་སྟེ་ཚང་མ་ཏང་གི་རྩ་འཛུགས་ཀྱི་འཚོ་བའི་ནང་ཞུགས་དགོས་པ་དང་། ཏང་ཕྱི་ནང་གི་མང་ཚོགས་རྣམས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས། ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཚོ་ད་དུང་ཏང་ཨུད་དང་ཏང་ཙུའུ་ཡི་དམངས་གཙོའི་འཚོ་བའི་ཚོགས་འདུར་ངེས་པར་དུ་ཞུགས་དགོས། ཏང་གི་རྩ་འཛུགས་ཀྱི་འཚོ་བའི་ནང་མི་ཞུགས་པ་དང་། ཏང་ཕྱི་ནང་གི་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་མི་བྱེད་པའི་ཏང་ཡོན་དམིགས་བསལ་ཅན་གཏན་ནས་ཡོད་མི་ཆོག

    དོན་ཚན་དགུ་པ། ཏང་ཡོན་ལ་རང་ཉིད་ཏང་གི་སྐྱིད་སྡུག་ནས་ཕྱིར་འཐེན་བྱེད་པའི་རང་དབང་ཡོད། ཏང་ཡོན་གྱིས་རང་ཉིད་ཏང་གི་སྐྱིད་སྡུག་ནས་ཕྱིར་འཐེན་བྱ་རྒྱུའི་རེ་འདུན་ཞུས་པ་ཡིན་ན། ཀྲི་པུའུ་ཡི་ཚོགས་ཆེན་གྱིས་གྲོས་བསྡུར་བྱས་རྗེས་མིང་ཐོ་བསུབས་པའི་ཁྱབ་བསྒྲགས་བྱེད་དགོས་པ་མ་ཟད། གོང་རིམ་ཏང་གི་རྩ་འཛུགས་ལ་ཐོ་འགོད་སྙན་སེང་ཡང་ཞུ་དགོས།

    གལ་སྲིད་ཏང་ཡོན་ཞིག་གི་གསར་བརྗེའི་སྙིང་སྟོབས་ཉམས་ནས་ཏང་ཡོན་གྱི་འོས་འགན་མ་བསྒྲུབས་པ་དང་། ཏང་ཡོན་གྱི་ཆ་རྐྱེན་དང་མི་མཐུན་པར་གྱུར་ན། ཏང་ཀྲི་པུའུ་ནས་མི་དེར་སློབ་གསོ་བརྒྱབ་ནས་དུས་བཀག་ནང་ཡོ་བསྲང་བྱེད་དགོས་པའི་བླང་བྱ་འདོན་དགོས་པ་དང་། སློབ་གསོ་བཏང་ནའང་ལེགས་འགྱུར་མ་བྱུང་ན་མི་དེ་ལ་ཏང་གི་སྐྱིད་སྡུག་ནས་ཕྱིར་འཐེན་བྱ་རྒྱུའི་ཁ་ཏ་བྱེད་དགོས། ཏང་ཡོན་ལ་ཏང་གི་སྐྱིད་སྡུག་ནས་ཕྱིར་འཐེན་བྱེད་དགོས་པའི་ཁ་ཏ་བྱེད་སྐབས་ཀྲི་པུའུ་ཡི་ཚོགས་ཆེན་ཐོག་གྲོས་བསྡུར་བྱས་ཏེ་ཐག་གཅོད་དགོས་པ་མ་ཟད། གོང་རིམ་ཏང་གི་རྩ་འཛུགས་ལ་ཆོག་མཆན་སྤྲོད་རྒྱུའི་སྙན་སེང་ཡང་ཞུ་དགོས། གལ་སྲིད་ཏང་གི་སྐྱིད་སྡུག་ནས་ཕྱིར་འཐེན་བྱ་དགོས་པའི་ཁ་ཏ་བྱེད་ཡུལ་ཏང་ཡོན་དེས་ཨུ་ཚུགས་ཀྱིས་ཏང་ནང་ནས་ཕྱིར་འཐེན་མ་བྱས་ན། ཀྲི་པུའུ་ཡི་ཚོགས་ཆེན་ལ་ཕུལ་ནས་གྲོས་བསྡུར་བྱས་ཏེ་མི་དེའི་མིང་ཐོ་བསུབ་རྒྱུའི་གྲོས་ཐག་བཅད་ཐོག གོང་རིམ་ཏང་གི་རྩ་འཛུགས་ལ་ཆོག་མཆན་སྤྲོད་རྒྱུའི་སྙན་སེང་ཞུ་དགོས།

    ཏང་ཡོན་ལ་རྒྱུ་མཚན་ལུགས་མཐུན་མེད་པར་བསྟུད་མར་ཟླ་བ་དྲུག་རིང་ཏང་གི་རྩ་འཛུགས་ཀྱི་འཚོ་བར་མ་ཞུགས་པའམ་ཡང་ན་ཏང་དངུལ་མི་འབུལ་བའམ་ཡང་ན་ཏང་གིས་སྤྲད་པའི་ལས་ཀ་མི་བྱེད་པ་བཅས་ཀྱི་རིགས་གང་ཞིག་བྱུང་ན་རང་ཤུགས་སུ་ཏང་གི་སྐྱིད་སྡུག་དང་བྲལ་བར་བརྩི་དགོས། ཀྲི་པུའུ་ཡི་ཚོགས་ཆེན་ཐོག་ཏང་ཡོན་དེ་རིགས་ཀྱི་མིང་ཐོ་བསུབ་རྒྱུའི་ཐག་གཅོད་དགོས་པ་མ་ཟད། གོང་རིམ་ཏང་གི་རྩ་འཛུགས་ལ་ཆོག་མཆན་སྤྲོད་རྒྱུའི་སྙན་སེང་ཡང་ཞུ་དགོས།

    ལེའུ་གཉིས་པ། ཏང་གི་རྩ་འཛུགས་ལམ་ལུགས།

    དོན་ཚན་བཅུ་པ། ཏང་ནི་རང་ཉིད་ཀྱི་རྩ་འཛིན་དང་སྒྲིག་ཡིག་ལ་གཞིགས་ཤིང་དམངས་གཙོ་གཅིག་སྡུད་ལམ་ལུགས་ལྟར་སྒྲིག་འཛུགས་བྱས་པའི་གོང་བུ་གཅིག་ཏུ་གྱུར་པ་ཞིག་ཡིན། ཏང་གི་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་གཞི་རྩའི་རྩ་དོན་གཤམ་གསལ་ཏེ།

    (གཅིག) ཏང་ཡོན་སྒེར་གྱིས་ཏང་གི་རྩ་འཛུགས་ལ་བརྩི་བཀུར་དང་། ཉུང་བས་མང་བར་བརྩི་བཀུར། འོག་རིམ་རྩ་འཛུགས་ཀྱིས་གོང་རིམ་རྩ་འཛུགས་ལ་བརྩི་བཀུར། ཏང་ཡོངས་ཀྱི་རྩ་འཛུགས་ཁག་དང་ཏང་ཡོན་ཡོངས་ཀྱིས་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་དང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་བརྩི་བཀུར་བཅས་བྱེད་དགོས།

    (གཉིས) ཏང་གི་འགོ་ཁྲིད་ལས་ཁུངས་རིམ་པ་ཁག་གིས་མངགས་པའི་འཐུས་ཚབ་ལས་ཁུངས་དང་ཏང་གི་རྩ་འཛུགས་མ་ཡིན་པའི་རྩ་འཛུགས་ཁྲོད་ཀྱི་ཏང་ཙུའུ་ཕུད། དེ་བྱིངས་ཏང་གི་འགོ་ཁྲིད་ལས་ཁུངས་རིམ་པ་ཁག་ཚང་མ་འདེམས་བསྐོ་བྱས་ནས་བདམས་ཐོན་ཡོང་བ་བྱེད་དགོས།

    (གསུམ) ཏང་གི་འགོ་ཁྲིད་ལས་ཁུངས་མཐོ་ཤོས་ནི་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་དང་དེ་ལས་བདམས་ཐོན་བྱུང་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ཡིན། ཏང་གི་ས་གནས་རིམ་ཁག་འགོ་ཁྲིད་ལས་ཁུངས་ནི་ཏང་གི་ས་གནས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་དང་དེ་ཚོ་ལས་བདམས་ཐོན་བྱུང་བའི་ཨུ་ཡོན་ལྷན་ཁང་ཡིན། ཏང་གི་རིམ་ཁག་ཨུ་ཡོན་ལྷན་ཁང་གིས་རང་དང་རིམ་པ་མཉམ་པའི་འཐུས་མིའི་ཚོགས་ཆེན་ལ་འགན་འཁུར་དགོས་པ་མ་ཟད། ལས་ཀའི་སྙན་སེང་ཡང་ཞུ་དགོས།

    (བཞི) ཏང་གི་གོང་རིམ་རྩ་འཛུགས་ཀྱིས་དུས་རྒྱུན་དུ་འོག་རིམ་རྩ་འཛུགས་དང་ཏང་ཡོན་མང་ཚོགས་ཀྱི་བསམ་འཆར་ཉན་འཇོག་དང་། ཁོང་ཚོས་བཏོན་པའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས། ཏང་གི་འོག་རིམ་རྩ་འཛུགས་ཀྱིས་གོང་རིམ་རྩ་འཛུགས་ལ་ལས་ཀའི་སྐོར་དགོངས་སྐོར་དང་སྙན་སེང་ཞུ་དགོས་ལ་རང་ཚུགས་དང་འགན་འཁུར་བའི་སྒོ་ནས་རང་འགན་ཁོངས་སུ་གཏོགས་པའི་གནད་དོན་ཡང་ཐག་གཅོད་བྱེད་དགོས། རྩ་འཛུགས་རིམ་པ་གོང་འོག་གི་དབར་ལ་ཕན་ཚུན་གནས་ཚུལ་ཤོད་རེས་དང་། ཕན་ཚུན་རྒྱབ་སྐྱོར། ཕན་ཚུན་ལྟ་སྐུལ་བཅས་བྱེད་དགོས། ཏང་གི་རིམ་ཁག་རྩ་འཛུགས་ཀྱིས་གཏན་འབེབས་ལྟར་ཏང་གི་ལས་དོན་ཡོངས་བསྒྲགས་བྱས་ཏེ། ཏང་ཡོན་རྣམས་ཏང་ནང་གི་ལས་དོན་ཆ་རྒྱུས་སྔར་ལས་ལྷག་པར་ཡོང་བ་དང་དེར་གང་མང་ཞུགས་ཐུབ་པ་བྱེད་དགོས།

    (ལྔ) ཏང་གི་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གིས་ཐུན་མོང་དུ་འགོ་ཁྲིད་བྱ་རྒྱུ་དང་སོ་སོས་ལས་བགོས་འགན་ལེན་ཟུང་འབྲེལ་བྱེད་པའི་ལམ་ལུགས་ལག་ལེན་བྱེད་དགོས། གནད་དོན་གལ་ཆེ་རིགས་ཚང་མ་ཐུན་མོང་དུ་འགོ་ཁྲིད་དང་། དམངས་གཙོ་གཅིག་སྡུད། རེ་རེ་བྱས་ནས་གྲོས་མོལ། གྲོས་ཚོགས་ཐོག་ཐག་གཅོད་བཅས་བྱེད་པའི་རྩ་དོན་ལྟར་ཏང་གི་ཨུ་ཡོན་ལྷན་ཁང་གིས་ཐུན་མོང་དུ་གྲོས་བསྡུར་བྱས་ཏེ་ཐག་གཅོད་བྱེད་དགོས་པ་དང་། ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཚོས་ཐུན་མོང་གི་གྲོས་ཆོད་དང་ལས་བགོས་ལྟར་སོ་སོའི་འགན་འཁྲི་ཏན་ཏིག་གིས་སྒྲུབ་དགོས།

    (དྲུག) ཏང་གིས་མི་སྒེར་ལ་དད་བཀུར་བྱེད་པའི་རིགས་མཐའ་དག་བཀག་སྡོམ་བྱེད་དགོས། ཏང་གི་འགོ་ཁྲིད་མི་སྣའི་བྱེད་སྒོ་རྣམས་ཏང་དང་མི་དམངས་ཀྱི་ལྟ་སྐུལ་འོག་ཏུ་སྤེལ་རྒྱུའི་འགན་ལེན་བྱེད་དགོས་པ་དང་ཆབས་ཅིག ཏང་དང་མི་དམངས་ཀྱི་ཁེ་ཕན་ཐམས་ཅད་མཚོན་མཁན་འགོ་ཁྲིད་པའི་སྙན་གྲགས་སྲུང་སྐྱོང་བྱེད་དགོས།

    དོན་ཚན་བཅུ་གཅིག་པ། ཏང་གི་རིམ་ཁག་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་དང་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱེད་སྐབས་འདེམས་བསྐོ་བྱེད་མཁན་གྱི་བསམ་འདུན་མཚོན་པར་བྱེད་དགོས། རང་མིང་མ་བཀོད་པར་འདེམས་ཤོག་འཕེན་པའི་འདེམས་བསྐོ་བྱེད་སྟངས་སྤྱོད་དགོས། འོས་མིའི་མཚན་ཐོ་ལ་ཏང་གི་རྩ་འཛུགས་དང་འདེམས་བསྐོ་བྱེད་མཁན་གྱིས་ནང་མོལ་དང་གྲོས་བསྡུར་གང་ལེགས་བྱེད་དགོས། འོས་མིའི་མི་གྲངས་དེ་འདེམས་དགོས་པའི་མི་གྲངས་ལས་མང་བ་སྟེ་ལྷག་གྲངས་ཡོད་པའི་འདེམས་བསྐོ་བྱེད་ཐབས་ཐད་ཀར་ལག་བསྟར་བྱས་ནས་འདེམས་བསྐོ་དངོས་སུ་བྱས་ཆོག་ལ། སྔོན་ལ་ལྷག་གྲངས་ཡོད་པའི་འདེམས་བསྐོ་བྱེད་ཐབས་སྤྱད་དེ་སྟ་གོན་གྱི་འདེམས་བསྐོ་བྱས་ནས་འོས་མིའི་མཚན་ཐོ་ཐོན་རྗེས་འདེམས་བསྐོ་དངོས་སུ་བྱས་ནའང་ཆོག འདེམས་བསྐོ་བྱེད་མཁན་ལ་འོས་མིའི་གནས་ཚུལ་ཤེས་རྟོགས་བྱེད་པ་དང་། འོས་མི་བརྗེ་སྒྱུར་བྱེད་པའི་རེ་བ་འདོན་པ། འོས་མི་སུ་ཞིག་ཀྱང་མི་འདེམས་པ། མི་གཞན་དག་འདེམས་པ་བཅས་ཀྱི་དབང་ཆ་ཡོད། རྩ་འཛུགས་གང་དང་མི་སུས་ཀྱང་ཐབས་གང་རུང་ལ་བརྟེན་ནས་འདེམས་བསྐོ་བྱེད་མཁན་ལ་མི་སུ་ཞིག་འདེམས་བསྐོ་བྱེད་དུ་འཇུག་པའམ་ཡང་ན་མི་འཇུག་པའི་བཙན་སྐུལ་བྱས་མི་ཆོག

    ཏང་གི་ས་གནས་རིམ་ཁག་འཐུས་མིའི་ཚོགས་ཆེན་དང་གཞི་རིམ་འཐུས་མིའི་ཚོགས་ཆེན་ཐོག་འདེམས་བསྐོ་བྱེད་སྐབས་ཏང་གི་སྒྲིག་ཡིག་དང་འགལ་བའི་གནས་ཚུལ་བྱུང་ན། རིམ་པ་གཅིག་གིས་མཐོ་བའི་ཏང་གི་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་ཁུངས་འཚོལ་བྱས་རྗེས་འདེམས་བསྐོ་དེ་རྩིས་མེད་དུ་གཏོང་རྒྱུ་དང་འོས་བབ་ཀྱི་བྱེད་ཐབས་སྤྱོད་རྒྱུའི་ཐག་གཅོད་པ་དང་འབྲེལ། རང་ལས་རིམ་པ་གཉིས་ཀྱིས་མཐོ་བའི་ཏང་གི་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུས་ནས་ཞིབ་བཤེར་ཆོག་མཆན་ཐོབ་མཚམས་དངོས་སུ་ལག་བསྟར་བྱ་རྒྱུའི་ཁྱབ་བསྒྲགས་བྱེད་དགོས།

    ཏང་གི་རིམ་ཁག་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིར་འགན་འཛིན་ཡུན་ཚད་ལམ་ལུགས་ལག་བསྟར་བྱེད་དགོས།

    དོན་ཚན་བཅུ་གཉིས་པ། ཏང་གི་ཀྲུང་དབྱང་དང་ས་གནས་རིམ་ཁག་ཨུ་ཡོན་ལྷན་ཁང་གིས་དགོས་གལ་བྱུང་ཚེ་ཏང་གི་འཐུས་མིའི་གྲོས་ཚོགས་སྐོང་ཚོགས་བྱས་ཏེ་དུས་ཐོག་ཏུ་ཐག་གཅོད་དགོས་པའི་གནད་དོན་གལ་ཆེ་རིགས་གྲོས་བསྡུར་དང་གཏན་འཁེལ་བྱས་ཆོག འཐུས་མིའི་གྲོས་ཚོགས་ཀྱི་འཐུས་མིའི་མི་གྲངས་དང་འཐུས་མི་བདམས་ཐོན་བྱེད་ཐབས་དེ་འཐུས་མིའི་གྲོས་ཚོགས་སྐོང་ཚོགས་བྱེད་མཁན་ཨུ་ཡོན་ལྷན་ཁང་གིས་གཏན་འཁེལ་བྱེད་དགོས།

    དོན་ཚན་བཅུ་གསུམ་པ། ཏང་གི་རྩ་འཛུགས་གསར་པ་འཛུགས་པའམ་ཡང་ན་ཏང་གི་སྔར་ཡོད་རྩ་འཛུགས་མེད་པ་བཟོ་རྒྱུ་དེ་ངེས་པར་དུ་གོང་རིམ་ཏང་གི་རྩ་འཛུགས་ཀྱིས་གཏན་འཁེལ་བྱེད་དགོས།

    ཏང་གི་ས་གནས་རིམ་ཁག་འཐུས་མིའི་ཚོགས་ཆེན་དང་གཞི་རིམ་འཐུས་མིའི་ཚོགས་ཆེན་གྲོལ་རྗེས་ཀྱི་རིང་ལ། གོང་རིམ་ཏང་གི་རྩ་འཛུགས་ཀྱིས་དགོས་གལ་འདུག་བསམ་དུས། འོག་རིམ་ཏང་གི་རྩ་འཛུགས་ཀྱི་འགན་འཁུར་བའི་ལས་གནས་སྤོ་བའམ་འགན་གཞན་དག་འཁུར་བར་མངགས་གཏོང་བྱས་ཆོག

    ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ས་གནས་རིམ་ཁག་ཨུ་ཡོན་ལྷན་ཁང་གིས་རང་གི་འཐུས་ཚབ་ལས་ཁུངས་མངགས་གཏོང་བྱས་ཆོག

    དོན་ཚན་བཅུ་བཞི་པ། ཏང་གི་ཀྲུང་དབྱང་དང་། ཞིང་ཆེན། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་ཨུ་ཡོན་ལྷན་ཁང་གིས་སྐོར་གཟིགས་ལམ་ལུགས་ལག་བསྟར་བྱེད་དགོས་པ་དང་། སྐབས་རེའི་ལས་འགན་འཁུར་ཡུན་ནང་དོ་དམ་བྱེད་སའི་ས་གནས་དང་། སྡེ་ཚན། ཁེ་ལས་དང་བྱ་ལས་སྡེ་ཚན་བཅས་ཀྱི་ཏང་རྩ་འཛུགས་ལ་སྐོར་གཟིགས་ཡོངས་ཁྱབ་ཏུ་ཁེབས་པར་བྱེད་དགོས།

    ཀྲུང་དབྱང་གི་འབྲེལ་ཡོད་པུའུ་ཨུད་དང་རྒྱལ་ཁབ་ལས་ཁུངས་སྡེ་ཚན་ཏང་ཙུའུ(ཏང་ཨུ)ཡིས་ལས་ཀའི་དགོས་མཁོ་ལྟར་སྐོར་གཟིགས་ལས་ཀ་བྱེད་དགོས། ཏང་གི་གྲོང་ཁྱེར(ས་ཁུལ། ཀྲོའུ། མོང)དང་རྫོང(གྲོང་ཁྱེར། ཆུས། ཆི)གི་ཨུ་ཡོན་ལྷན་ཁང་གིས་སྐོར་གཟིགས་ལམ་ལུགས་འཛུགས་དགོས།

    དོན་ཚན་བཅོ་ལྔ་པ། ཏང་གི་རིམ་ཁག་འགོ་ཁྲིད་ལས་ཁུངས་ཀྱིས་འོག་རིམ་རྩ་འཛུགས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐག་གཅོད་སྐབས་སྤྱིར་བཏང་གི་གནས་ཚུལ་འོག་ཏུ་འོག་རིམ་རྩ་འཛུགས་ཀྱི་བསམ་འཆར་བསྡུ་ལེན་བྱེད་དགོས། འོག་རིམ་རྩ་འཛུགས་ཀྱིས་རྒྱུན་སྲོལ་ལྟར་རང་ཉིད་ཀྱི་འགན་དབང་སྤྱོད་ཐུབ་པར་འགན་ལེན་བྱེད་དགོས། འོག་རིམ་རྩ་འཛུགས་ཀྱིས་ཐག་གཅོད་དགོས་པའི་གནད་དོན་ཡིན་ཞིང་། དམིགས་བསལ་གྱི་གནས་ཚུལ་མ་བྱུང་ན། གོང་རིམ་འགོ་ཁྲིད་ལས་ཁུངས་ཀྱིས་ཐེ་གཏོགས་བྱེད་མི་རུང་།

    དོན་ཚན་བཅུ་དྲུག་པ། འབྲེལ་ཡོད་རྒྱལ་ཡོངས་རང་བཞིན་གྱི་སྲིད་ཇུས་ཀྱི་གནད་དོན་གལ་ཆེན་རིགས་ལ་ཏང་ཀྲུང་དབྱང་ཁོ་ནར་མ་གཏོགས་གཏན་འཁེལ་བྱེད་དབང་མེད། སྡེ་ཚན་སོ་སོ་དང་ས་གནས་ཁག་གི་ཏང་རྩ་འཛུགས་ཀྱིས་ཀྲུང་དབྱང་ལ་གྲོས་འགོ་བཏོན་ཆོག་པ་ལས་རང་མཚམས་ཀྱིས་ཐག་གཅོད་པ་དང་ཕྱི་ཕྱོགས་སུ་འདོད་ཚུལ་འདོན་པའི་རིགས་བྱས་མི་ཆོག

    ཏང་གི་འོག་རིམ་རྩ་འཛུགས་ཀྱིས་ངེས་པར་དུ་གོང་རིམ་རྩ་འཛུགས་ཀྱི་ཆོད་དོན་རྣམས་ལག་བསྟར་མཐའ་གཅིག་ཏུ་བྱེད་དགོས། འོག་རིམ་རྩ་འཛུགས་ཀྱིས་གོང་རིམ་རྩ་འཛུགས་ཀྱི་ཆོད་དོན་དེ་རང་གི་ས་ཁུལ་དང་རང་གི་སྡེ་ཚན་གྱི་དངོས་ཡོད་གནས་ཚུལ་དང་མི་འཚམ་པ་འདུག་བསམས་ན། དེ་བསྒྱུར་དགོས་པའི་རེ་འདུན་ཞུས་ཆོག གལ་ཏེ་གོང་རིམ་རྩ་འཛུགས་ཀྱིས་སྔར་གྱི་ཆོད་དོན་དེ་ཉིད་མཐའ་གཅིག་ཏུ་འཛིན་པ་ཡིན་ན། འོག་རིམ་རྩ་འཛུགས་ཀྱིས་ངེས་པར་དུ་ལག་ལེན་བྱ་དགོས་པ་ལས། མི་མཐུན་པའི་བསམ་འཆར་ཡོངས་བསྒྲགས་སུ་བཏོན་མི་ཆོག འོན་ཀྱང་རང་ལས་རིམ་པ་གཉིས་ཀྱིས་མཐོ་བའི་རྩ་འཛུགས་ལ་སྙན་སེང་ཞུ་བའི་དབང་ཆ་ཡོད།

    ཏང་གི་རིམ་ཁག་རྩ་འཛུགས་ཀྱི་ཚགས་པར་དང་དུས་དེབ་དང་དྲིལ་བསྒྲགས་ཡོ་བྱད་གཞན་དག་བཅས་ཀྱི་ཐོག་ངེས་པར་དུ་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས། གྲོས་ཆོད་བཅས་དྲིལ་བསྒྲགས་བྱེད་དགོས།

    དོན་ཚན་བཅུ་བདུན་པ། ཏང་གི་རྩ་འཛུགས་ཀྱིས་གནད་དོན་གྲོས་བསྡུར་དང་གཏན་འཁེལ་བྱེད་སྐབས་ངེས་པར་དུ་ཉུང་བས་མང་བར་བརྩི་བཀུར་བྱེད་པའི་རྩ་དོན་ལག་བསྟར་བྱེད་དགོས། གནད་དོན་གལ་ཆེ་རིགས་གཏན་འཁེལ་བྱེད་སྐབས་བརྡས་ཐག་གཅོད་དགོས། མི་ཉུང་ཤས་ཀྱི་བསམ་འཆར་མི་འདྲ་བ་དག་ལ་བསམ་གཞིག་ནན་ཏན་བྱེད་དགོས། གལ་ཏེ་གནད་དོན་གལ་ཆེན་ཐད་རྩོད་གླེང་བྱུང་བ་དང་། ཕྱོགས་གཉིས་ཀའི་མི་གྲངས་མང་ཉུང་ཧ་ལམ་འདྲ་བ་བྱུང་བའི་སྐབས་སུ། ཛ་དྲག་ཆེ་བའི་གནས་ཚུལ་འོག་ངེས་པར་དུ་མི་མང་བའི་བསམ་འཆར་ལྟར་ལག་ལེན་བྱེད་དགོས་པ་མ་གཏོགས་དེ་བྱིངས་གནས་སྐབས་སུ་གྲོས་ཐག་གཅོད་མཚམས་བཞག་སྟེ་བརྟག་དཔྱད་ཞིབ་འཇུག་སྔར་ལས་ལྷག་པར་བྱེད་ཅིང་ཕན་ཚུན་བསམ་འཆར་བརྗེ་རེས་བྱས་ཏེ་གྲོས་ཚོགས་རྗེས་མའི་ཐོག་ཏུ་བརྡས་ཐག་གཅོད་དགོས། དམིགས་བསལ་གྱི་གནས་ཚུལ་བྱུང་དུས་རྩོད་གླེང་བྱེད་པའི་གནས་ཚུལ་དེ་གོང་རིམ་རྩ་འཛུགས་ལ་སྙན་སེང་ཞུས་ཏེ་འདུམ་གཅོད་གནང་རོགས་ཞུས་ཆོག ཏང་ཡོན་སྒེར་གྱིས་ཏང་གི་རྩ་འཛུགས་ཀྱི་ཚབ་བྱས་ནས་འདོད་ཚུལ་གལ་ཆེན་འདོན་པའི་སྐབས་སུ་གལ་ཏེ་ཏང་གི་རྩ་འཛུགས་ཀྱིས་གཏན་ཁེལ་བའི་ཆོད་དོན་གྱི་ཁྱབ་ཁོངས་ལས་བརྒལ་བའི་འདོད་ཚུལ་འདོན་དགོས་བྱུང་ན། ངེས་པར་དུ་རང་ཉིད་གཏོགས་སའི་ཏང་རྩ་འཛུགས་ལ་གྲོས་བསྡུར་དང་གཏན་འཁེལ་བྱ་རྒྱུར་འབུལ་བའམ་ཡང་ན་གོང་རིམ་ཏང་གི་རྩ་འཛུགས་ལ་དགོངས་སྐོར་ཞུ་དགོས། གོ་གནས་མཐོ་དམན་གང་ཡིན་ལ་མ་བལྟོས་པར་ཏང་ཡོན་སུ་ཞིག་ཡིན་རུང་གནད་དོན་གལ་ཆེན་རྣམས་སྒེར་གྱིས་ཐག་གཅོད་བྱེད་མི་རུང་། གལ་ཏེ་ཛ་དྲག་ཆེ་བའི་གནས་ཚུལ་དང་ཕྲད་ནས་ངེས་པར་དུ་སྒེར་གྱིས་གཏན་འཁེལ་བྱེད་དགོས་ན། གཏན་འཁེལ་བྱས་རྗེས་མགྱོགས་མྱུར་གྱིས་ཏང་གི་རྩ་འཛུགས་ལ་སྙན་སེང་ཞུ་དགོས། འགོ་ཁྲིད་སུ་ཞིག་ཡིན་ནའང་རང་གཅིག་པུས་བརྒྱ་ཁ་གཅིག་གཅོད་དང་རང་ཉིད་རྩ་འཛུགས་ལས་བརྒལ་མི་ཆོག

    དོན་ཚན་བཅོ་བརྒྱད་པ། ཏང་གི་ཀྲུང་དབྱང་དང་། ས་གནས། གཞི་རིམ་རྩ་འཛུགས་བཅས་ཀྱིས་ངེས་པར་དུ་ཏང་འཛུགས་སྐྱོང་ལ་མཐོང་ཆེན་བྱ་དགོས་ཤིང་། ཏང་གི་དྲིལ་བསྒྲགས་ལས་ཀ་དང་། སློབ་གསོའི་ལས་ཀ རྩ་འཛུགས་ཀྱི་ལས་ཀ སྒྲིག་ཁྲིམས་ཞིབ་བཤེར་གྱི་ལས་ཀ མང་ཚོགས་ཀྱི་ལས་ཀ འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀ་སོགས་ལ་རྒྱུན་དུ་གྲོས་བསྡུར་དང་ཞིབ་བཤེར་བྱ་དགོས་པ་དང་། ཏང་ཕྱི་ནང་གི་བསམ་བློ་དང་ཆབ་སྲིད་ཀྱི་གནས་ཚུལ་ལ་ཞིབ་འཇུག་བྱ་རྒྱུར་ཡིད་འཇོག་བྱེད་དགོས།

    ལེའུ་གསུམ་པ། ཏང་གི་ཀྲུང་དབྱང་རྩ་འཛུགས།

    དོན་ཚན་བཅུ་དགུ་པ། ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ལོ་ལྔ་རེར་ཐེངས་རེ་འཚོག་དགོས་པ་དང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་སྐོང་ཚོགས་བྱེད་དགོས། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་དགོས་གལ་འདུག་བསམས་པའམ་ཡང་ན་ཞིང་ཆེན་རིམ་པའི་རྩ་འཛུགས་གསུམ་ཆ་གཅིག་ཡན་ཆད་ཀྱིས་རེ་འདུན་ཞུས་ན། དུས་བཀག་གི་སྔོན་ལ་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་འཚོགས་ཆོག་པ་དང་། གནས་ཚུལ་ཛ་དྲག་ཆེ་རིགས་མ་བྱུང་ན་ཚོགས་ཆེན་ཕྱིར་འགྱངས་ཀྱིས་འཚོག་མི་ཆོག

    རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་མི་གྲངས་མང་ཉུང་དང་འདེམས་བསྐོ་བྱེད་ཐབས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་གཏན་འཁེལ་བྱེད་དགོས།

    དོན་ཚན་ཉི་ཤུ་པ། ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་འགན་དབང་གཤམ་གསལ་ཏེ།

    (གཅིག) ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་ཉན་པ་དང་འབྲེལ། དེར་ཞིབ་བཤེར་བྱ་རྒྱུ་དང་།

    (གཉིས) ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་ལ་ཞིབ་བཤེར་བྱ་རྒྱུ།

    (གསུམ) ཏང་གི་གནད་དོན་གལ་འགངས་ཆེ་རིགས་གྲོས་བསྡུར་བྱེད་པ་དང་འབྲེལ། ཐག་གཅོད་བྱ་རྒྱུ།

    (བཞི) ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་རྒྱག་རྒྱུ།

    (ལྔ) ཀྲུང་དབྱང་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱ་རྒྱུ།

    (དྲུག) ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱ་རྒྱུ་བཅས་ཡིན།

    དོན་ཚན་ཉེར་གཅིག་པ། ཏང་གི་རྒྱལ་ཡོངས་འཐུས་མིའི་གྲོས་ཚོགས་ཀྱི་འགན་དབང་ནི་གནད་དོན་གལ་འགངས་ཆེ་རིགས་གྲོས་བསྡུར་དང་ཐག་གཅོད་བྱ་རྒྱུ་དང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཁ་ཤས་ལེགས་སྒྲིག་དང་སྣོན་འདེམས་བྱ་རྒྱུ་དེ་ཡིན། ཀྲུང་དབྱང་ཨུ་ཡོན་དང་རྗེས་སྣོན་ཀྲུང་དབྱང་ཨུ་ཡོན་ལེགས་སྒྲིག་དང་སྣོན་འདེམས་བྱ་རྒྱུའི་མི་གྲངས་དེ་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐོག་འདེམས་བསྐོ་བྱས་པའི་ཀྲུང་དབྱང་ཨུ་ཡོན་དང་རྗེས་སྣོན་ཀྲུང་དབྱང་ཨུ་ཡོན་ཁག་སོ་སོའི་བསྡོམས་གྲངས་ཀྱི་ལྔ་ཆ་གཅིག་ལས་བརྒལ་མི་ཆོག

    དོན་ཚན་ཉེར་གཉིས་པ། ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་རེའི་འགན་འཁུར་ཡུན་ཚད་ནི་ལོ་ལྔ་རེ་ཡིན། གལ་ཏེ་དུས་བཀག་གི་སྔོན་ནམ་ཡང་ན་དུས་འགྱངས་ཀྱིས་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་འཚོགས་ཚེ། དེའི་འགན་འཁུར་ཡུན་ཚད་ཀྱང་དེ་མཚུངས་སུ་བསྒྱུར་དགོས། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་ནི་ངེས་པར་དུ་ཏང་ལོ་ལྔ་ཡན་ལོན་པ་ཡིན་དགོས། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་གྱི་མི་གྲངས་མང་ཉུང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ནས་གཏན་འཁེལ་བྱེད་དགོས། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་མ་ཚང་བའི་སྐབས་སུ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་རྗེས་སྣོན་ཨུ་ཡོན་ནང་ནས་འདེམས་ཤོག་ཐོབ་གྲངས་མང་ཉུང་ལ་གཞིགས་ནས་རིམ་པ་ལྟར་ཁ་སྐོང་བྱེད་དགོས།

    ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ནི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྐོང་འཚོག་བྱ་དགོས་ཤིང་། ལོ་རེར་ཉུང་མཐར་ཡང་ཐེངས་རེ་འཚོག་དགོས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ལ་ལས་ཀའི་སྙན་སེང་ཞུ་དགོས་པ་དང་དེའི་ལྟ་སྐུལ་དང་དུ་ལེན་དགོས།

    རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྲོལ་རྗེས་ཀྱི་རིང་ལ། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཆོད་ལག་ལེན་བྱས་ཏེ་ཏང་གི་ལས་ཀ་ཡོངས་རྫོགས་ལ་འགོ་ཁྲིད་དང་། ཕྱི་ཕྱོགས་ལ་ཀྲུང་གོའི་གུང་ཁྲན་ཏང་གི་འཐུས་ཚབ་བྱ་རྒྱུ།

    དོན་ཚན་ཉེར་གསུམ་པ། ཏང་གི་ཀྲུང་དབྱང་ཆབ་སྲིད་ཅུས་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་བཅས་ནི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐོག་འདེམས་བསྐོ་བྱེད་དགོས། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ནི་ངེས་པར་དུ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྲས་ནས་འདེམས་དགོས།

    ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་གྲོལ་རྗེས་ཀྱི་རིང་ལ། ཀྲུང་དབྱང་ཆབ་སྲིད་ཅུས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་འགན་དབང་སྤྱོད་རྒྱུ།

    ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ནི་ཀྲུང་དབྱང་ཆབ་སྲིད་ཅུས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དོན་གཅོད་ལས་ཁུངས་ཡིན་ཞིང་། དེའི་ཁོངས་མི་ནི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འོས་མིང་བཏོན་ཏེ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱེད་དགོས།

    ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྐོང་འཚོག་བྱ་རྒྱུའི་འགན་འཁུར་དགོས་པ་མ་ཟད། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ལས་ཀའང་གཙོ་སྐྱོང་བྱེད་དགོས།

    ཏང་གི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མི་རྣམས་ནི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་གཏན་འཁེལ་བྱ་རྒྱུ་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་ཞིས་འགན་འཁྲི་འཁུར་བའི་ལམ་ལུགས་ལག་ལེན་བསྟར་དགོས།

    སྐབས་རེ་རེའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལས་བདམས་ཐོན་བྱུང་བའི་ཀྲུང་དབྱང་གི་འགོ་ཁྲིད་ལས་ཁུངས་དང་ཀྲུང་དབྱང་གི་འགོ་ཁྲིད་པས་སྐབས་རྗེས་མའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་འཚོག་རིང་སྐབས་རྗེས་མའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ནས་ཀྲུང་དབྱང་གི་འགོ་ཁྲིད་ལས་ཁུངས་དང་ཀྲུང་དབྱང་གི་འགོ་ཁྲིད་པ་གསར་པ་བདམས་ཐོན་མ་བྱུང་བར་དུ་ཏང་གི་རྒྱུན་ལྡན་གྱི་ལས་ཀ་རྣམས་མུ་མཐུད་དེ་གཙོ་སྐྱོང་བྱ་དགོས།

    དོན་ཚན་ཉེར་བཞི་པ། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་ཏང་གི་རྩ་འཛུགས་ཀྱིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སློབ་སྟོན་ལྟར་ལས་ཀ་བྱེད་དགོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་དམག་དཔུང་ནང་གི་ཏང་གི་ལས་ཀ་དང་ཆབ་སྲིད་ཀྱི་ལས་ཀར་འགན་འཁུར་རྒྱུ་དང་། དམག་དཔུང་ནང་གི་ཏང་གི་རྩ་འཛུགས་ཀྱི་སྒྲིག་སྲོལ་དང་སྒྲིག་གཞིའི་ཐད་ལ་གཏན་འབེབས་བྱ་རྒྱུ།

    ལེའུ་བཞི་པ། ཏང་གི་ས་གནས་རྩ་འཛུགས།

    དོན་ཚན་ཉེར་ལྔ་པ། ཏང་གི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་འཐུས་མིའི་ཚོགས་ཆེན་དང་། ཆུས་བཙུགས་ཡོད་པའི་གྲོང་ཁྱེར་དང་རང་སྐྱོང་ཁུལ་གྱི་འཐུས་མིའི་ཚོགས་ཆེན། རྫོང(ཆི)དང་། རང་སྐྱོང་རྫོང་། ཆུས་བཙུགས་མེད་པའི་གྲོང་ཁྱེར་དང་གྲོང་ཁྱེར་གྱི་ཐད་སྐྱོང་ཆུས་བཅས་ཀྱི་འཐུས་མིའི་ཚོགས་ཆེན་བཅས་ལོ་ལྔ་རེར་ཐེངས་རེ་འཚོག་རྒྱུ།

    ཏང་གི་ས་གནས་ཀྱི་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་ནི་རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་གིས་སྐོང་འཚོག་བྱ་རྒྱུ། གནས་ཚུལ་དམིགས་བསལ་ཅན་བྱུང་ན། རང་ལས་རིམ་པ་གཅིག་གིས་མཐོ་བའི་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་རྗེས་དུས་བཀག་གི་སྔོན་ནམ་ཕྱིར་འགྱངས་ཀྱིས་སྐོང་འཚོག་བྱས་ཆོག ཏང་གི་ས་གནས་ཀྱི་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་གི་འཐུས་མིའི་མི་གྲངས་དང་འདེམས་བསྐོ་བྱེད་ཐབས་དེ་རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་གིས་གཏན་འཁེལ་བྱ་རྒྱུ་མ་ཟད། རང་ལས་རིམ་པ་གཅིག་གིས་མཐོ་བའི་ཏང་གི་ཨུ་ཡོན་ལྷན་ཁང་ལ་ཆོག་མཆན་ཡང་ཞུ་རྒྱུ།

    དོན་ཚན་ཉེར་དྲུག་པ། ཏང་གི་ས་གནས་ཀྱི་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་གི་འགན་དབང་གཤམ་གསལ་ཏེ།

    (གཅིག) རང་དང་རིམ་པ་མཉམ་པའི་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་ཉན་པ་དང་འབྲེལ་དེར་ཞིབ་བཤེར་བྱ་རྒྱུ་དང་།

    (གཉིས) རང་དང་རིམ་པ་མཉམ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་ལ་ཞིབ་བཤེར་བྱ་རྒྱུ།

    (གསུམ) ས་ཁུལ་དེ་གའི་ཁོངས་གཏོགས་ཀྱི་གནད་དོན་གལ་འགངས་ཆེ་རིགས་གྲོས་བསྡུར་བྱེད་པ་དང་འབྲེལ་གྲོས་ཆོད་འཇོག་རྒྱུ།

    (བཞི) རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་འདེམས་བསྐོ་དང་། རང་དང་རིམ་པ་མཉམ་པའི་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱ་རྒྱུ་བཅས་ཡིན།

    དོན་ཚན་ཉེར་བདུན་པ། ཏང་གི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར། ཆུས་བཙུགས་ཡོད་པའི་གྲོང་ཁྱེར། རང་སྐྱོང་ཁུལ་བཅས་ཀྱི་ཨུ་ཡོན་ལྷན་ཁང་སྐབས་རེའི་འགན་འཁུར་ཡུན་ཚད་ལོ་ལྔ་རེ་ཡིན། ཨུ་ཡོན་ལྷན་ཁང་དེ་དག་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་ངེས་པར་དུ་ཏང་ལོ་ལྔ་ཡན་ལོན་པ་ཡིན་དགོས། ཏང་གི་རྫོང(ཆི)དང་། རང་སྐྱོང་རྫོང་། ཆུས་བཙུགས་མེད་པའི་གྲོང་ཁྱེར། གྲོང་ཁྱེར་གྱི་ཐད་སྐྱོང་ཆུས་བཅས་ཀྱི་ཨུ་ཡོན་ལྷན་ཁང་སྐབས་རེའི་འགན་འཁུར་ཡུན་ཚད་ལོ་ལྔ་རེ་ཡིན། ཨུ་ཡོན་ལྷན་ཁང་དེ་དག་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་ངེས་པར་དུ་ཏང་ལོ་གསུམ་ཡན་ལོན་པ་ཡིན་དགོས།

    ཏང་གི་ས་གནས་ཀྱི་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་དུས་བཀག་གི་སྔོན་ནམ་དུས་འགྱངས་ཀྱིས་འཚོགས་ཚེ། དེ་ལས་བདམས་ཐོན་བྱུང་བའི་ཨུ་ཡོན་ལྷན་ཁང་གི་འགན་འཁུར་ཡུན་ཚད་ཀྱང་དེ་མཚུངས་སུ་བསྒྱུར་རྒྱུ།

    ཏང་གི་ས་གནས་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་གྱི་མི་གྲངས་ནི་སོ་སོར་རང་ལས་རིམ་པ་གཅིག་གིས་མཐོ་བའི་ཨུ་ཡོན་ལྷན་ཁང་གིས་གཏན་འཁེལ་བྱ་རྒྱུ། ཏང་གི་ས་གནས་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གི་ཨུ་ཡོན་མ་ཚང་བའི་སྐབས་སུ་རྗེས་སྣོན་ཨུ་ཡོན་ནང་ནས་འདེམས་ཤོག་ཐོབ་གྲངས་མང་ཉུང་ལ་གཞིགས་ནས་རིམ་པ་ལྟར་ཁ་སྐོང་བྱ་རྒྱུ།

    ཏང་གི་ས་གནས་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གི་ཚང་འཛོམས་གྲོས་ཚོགས་ལོ་རེར་ཉུང་མཐར་ཡང་ཐེངས་གཉིས་རེ་འཚོག་རྒྱུ།

    འཐུས་མིའི་ཚོགས་ཆེན་གྲོལ་རྗེས་ཀྱི་རིང་ལ་ཏང་གི་ས་གནས་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གིས་གོང་རིམ་ཏང་གི་རྩ་འཛུགས་ཀྱི་སློབ་སྟོན་དང་རང་དང་རིམ་པ་མཉམ་པའི་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཆོད་ལག་བསྟར་བྱ་རྒྱུ་དང་། ས་གནས་དེ་གའི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ། དུས་བཀག་ལྟར་གོང་རིམ་ཏང་གི་ཨུ་ཡོན་ལྷན་ཁང་ལ་ལས་དོན་སྙན་སེང་ཞུ་རྒྱུ།

    དོན་ཚན་ཉེར་བརྒྱད་པ། ཏང་གི་ས་གནས་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གི་ཚང་འཛོམས་གྲོས་ཚོགས་ཀྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཧྲུའུ་ཅི་རྒན་གཞོན་བཅས་འདེམས་བསྐོ་བྱ་རྒྱུ་མ་ཟད། གོང་རིམ་ཏང་གི་ཨུ་ཡོན་ལྷན་ཁང་ལ་ཆོག་མཆན་ཡང་ཞུ་རྒྱུ། ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་གྲོལ་རྗེས་ཀྱི་རིང་ལ་ཏང་གི་ས་གནས་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་ལྷན་ཁང་གི་འགན་དབང་སྤྱོད་རྒྱུ་དང་། སྐབས་རྗེས་མའི་འཐུས་མིའི་ཚོགས་ཆེན་འཚོག་རིང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གསར་པ་བདམས་ཐོན་མ་བྱུང་བར་དུ་རྒྱུན་གཏན་གྱི་ལས་ཀ་རྣམས་མུ་མཐུད་དེ་གཙོ་སྐྱོང་བྱ་རྒྱུ། ཏང་གི་ས་གནས་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དུས་བཀག་ལྟར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ལ་ལས་ཀའི་སྙན་སེང་ཞུ་རྒྱུ་དང་དེའི་ལྟ་སྐུལ་དང་དུ་ལེན་དགོས།

    དོན་ཚན་ཉེར་དགུ་པ། ཏང་གི་ས་ཁུལ་ཨུ་ཡོན་ལྷན་ཁང་དང་ས་ཁུལ་ཨུ་ཡོན་ལྷན་ཁང་དང་འདྲ་མཚུངས་ཀྱི་རྩ་འཛུགས་ནི་ཏང་གི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་ཨུ་ཡོན་ལྷན་ཁང་གིས་རྫོང་ཁ་ཤས་དང་། རང་སྐྱོང་རྫོང་ཁ་ཤས། གྲོང་ཁྱེར་ཁ་ཤས་བཅས་ཀྱི་ཁྱབ་ཁོངས་སུ་མངགས་པའི་འཐུས་ཚབ་ལས་ཁུངས་ཡིན། ལས་ཁུངས་དེས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་ཨུ་ཡོན་ལྷན་ཁང་གིས་དབང་ཆ་བསྐུར་བ་ལྟར་ས་ཁུལ་དེ་གའི་ལས་ཀར་འགོ་ཁྲིད་བྱ་རྒྱུ།

    ལེའུ་ལྔ་པ། ཏང་གི་གཞི་རིམ་རྩ་འཛུགས།

    དོན་ཚན་སུམ་ཅུ་པ། ཁེ་ལས་དང་། གྲོང་གསེབ། ལས་ཁུངས། སློབ་གྲྭ ཚན་རིག་ཞིབ་འཇུག་ཁང་། སྲང་ལམ་སྡེ་ཁུལ། སྤྱི་ཚོགས་ཀྱི་རྩ་འཛུགས། མི་དམངས་བཅིངས་འགྲོལ་དམག་གི་བརྒྱ་ཤོག་བཅས་དང་གཞི་རིམ་སྡེ་ཚན་གཞན་དག་གི་ནང་དངོས་གཞིའི་ཏང་ཡོན་གསུམ་ཡན་ཡོད་ཕྱིན། དེ་ཚོ་ཚང་མར་ཏང་གི་གཞི་རིམ་རྩ་འཛུགས་འཛུགས་དགོས།

    ཏང་གི་གཞི་རིམ་རྩ་འཛུགས་དེ་ལས་ཀའི་དགོས་མཁོ་དང་ཏང་ཡོན་མི་གྲངས་ལ་གཞིགས་ཏེ་གོང་རིམ་ཏང་གི་རྩ་འཛུགས་ཀྱི་ཆོག་མཆན་ཐོབ་རྗེས་སོ་སོར་ཏང་གི་གཞི་རིམ་ཨུ་ཡོན་ལྷན་ཁང་དང་། སྤྱི་ཁྱབ་ཀྲི་པུའུ་ཨུ་ཡོན་ལྷན་ཁང་། ཀྲི་པུའུ་ཨུ་ཡོན་ལྷན་ཁང་བཅས་འཛུགས་རྒྱུ། གཞི་རིམ་ཨུ་ཡོན་ལྷན་ཁང་དེ་ཏང་ཡོན་གྱི་ཚོགས་ཆེན་ནམ་འཐུས་མིའི་ཚོགས་ཆེན་ཐོག་ནས་བདམས་ཐོན་བྱ་རྒྱུ་དང་། སྤྱི་ཁྱབ་ཀྲི་པུའུ་ཨུ་ཡོན་ལྷན་ཁང་དང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་དག་ཏང་ཡོན་གྱི་ཚོགས་ཆེན་ཐོག་ནས་བདམས་ཐོན་བྱ་རྒྱུ། ཨུ་ཡོན་གྱི་འོས་མི་འདོན་དུས་ཏང་ཡོན་དང་མང་ཚོགས་ཀྱི་བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་བྱེད་དགོས།

    དོན་ཚན་སོ་གཅིག་པ། ཏང་གི་གཞི་རིམ་ཨུ་ཡོན་ལྷན་ཁང་དང་། སྤྱི་ཁྱབ་ཀྲི་པུའུ་ཨུ་ཡོན་ལྷན་ཁང་། ཀྲི་པུའུ་ཨུ་ཡོན་ལྷན་ཁང་བཅས་སྐབས་རེའི་འགན་འཁུར་ཡུན་ཚད་ལོ་གསུམ་ནས་ལོ་ལྔའི་བར་ཡིན། གཞི་རིམ་ཨུ་ཡོན་ལྷན་ཁང་དང་། སྤྱི་ཁྱབ་ཀྲི་པུའུ་ཨུ་ཡོན་ལྷན་ཁང་། ཀྲི་པུའུ་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཧྲུའུ་ཅི་རྒན་གཞོན་བདམས་ཐོན་བྱུང་རྗེས། གོང་རིམ་ཏང་གི་རྩ་འཛུགས་ལ་ཆོག་མཆན་སྤྲོད་རྒྱུའི་སྙན་སེང་ཞུ་དགོས།

    དོན་ཚན་སོ་གཉིས་པ། ཏང་གི་གཞི་རིམ་རྩ་འཛུགས་ནི་སྤྱི་ཚོགས་ཀྱི་གཞི་རིམ་རྩ་འཛུགས་ནང་གི་ཏང་གི་འཐབ་འཛིང་བཙན་རྫོང་ཡིན་པ་དང་། ཏང་གི་ལས་དོན་ཡོད་ཚད་དང་འཐབ་འཛིང་ནུས་ཤུགས་ཀྱི་རྨང་གཞི་ཡིན། དེའི་གཞི་རྩའི་ལས་འགན་གཤམ་གསལ་ཏེ།

    (གཅིག) ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་དྲིལ་བསྒྲགས་དང་ལག་བསྟར་བྱ་རྒྱུ་དང་། ཏང་ཀྲུང་དབྱང་དང་། གོང་རིམ་རྩ་འཛུགས། རྩ་འཛུགས་རང་ངོས་བཅས་ཀྱི་གྲོས་ཆོད་དྲིལ་བསྒྲགས་དང་ལག་བསྟར་བྱ་རྒྱུ། ཏང་ཡོན་གྱི་གདོང་ལེན་དང་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ། སྔོན་ཐོན་དང་དཔེ་བཟང་བརྩོན་ལེན་ཧུར་ཐག་བྱ་རྒྱུ། ཏང་ཕྱི་ནང་གི་ལས་བྱེད་པ་དང་མང་ཚོགས་མཐུན་སྒྲིལ་དང་སྒྲིག་འཛུགས་བྱས་ནས་རང་སྡེ་ཚན་གྱིས་ཁུར་བའི་ལས་འགན་རྣམས་ཧུར་བརྩོན་གྱིས་བསྒྲུབ་རྒྱུ་བཅས་དང་།

    (གཉིས) ཏང་ཡོན་རྣམས་སྒྲིག་འཛུགས་བྱས་ཏེ་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་སློབ་སྦྱོང་ནན་ཏན་བྱ་རྒྱུ་དང་། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་དང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་རྒྱུ། ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས། གྲོས་ཆོད་བཅས་སློབ་སྦྱོང་བྱ་རྒྱུ། ཏང་གི་གཞི་རྩའི་ཤེས་བྱ་སློབ་སྦྱོང་བྱ་རྒྱུ། ཚན་རིག་དང་། རིག་གནས། བཅའ་ཁྲིམས། ལས་སྒོ་བཅས་ཐད་ཀྱི་ཤེས་བྱ་སློབ་སྦྱོང་བྱ་རྒྱུ།

    (གསུམ) ཏང་ཡོན་ལ་སློབ་གསོ་དང་། དོ་དམ། ལྟ་སྐུལ། ཞབས་ཞུ་བཅས་བྱས་ཏེ་ཏང་ཡོན་གྱི་བྱང་ཚད་མཐོ་རུ་འགྲོ་བ་དང་། ཕུགས་བསམ་དང་དད་སེམས་བརྟན་པོ་འགྱུར་བ། ཏང་གཤིས་ཤུགས་ཆེ་རུ་འགྲོ་བ་བཅས་བྱེད་པ་དང་། ཏང་གི་རྩ་འཛུགས་ཀྱི་འཚོ་བ་ནན་དུ་གཏོང་བ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་སྤེལ་བ། ཏང་གི་སྒྲིག་ཁྲིམས་བརྩི་སྲུང་དང་ལག་ལེན། ཏང་ཡོན་གྱིས་འོས་འགན་ཏན་ཏིག་གིས་སྒྲུབ་པར་ལྟ་སྐུལ། ཏང་ཡོན་གྱི་ཁེ་དབང་ལ་བཙན་གནོད་མི་ཕོག་པའི་འགན་ལེན་བཅས་བྱ་རྒྱུ། ཕྱོགས་མིའི་ཏང་ཡོན་ལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་བྱ་རྒྱུ།

    (བཞི) མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱས་ཐོག་ཏང་ཡོན་དང་ཏང་གི་ལས་ཀའི་ཐད་མང་ཚོགས་ཀྱི་སྐྱོན་བརྗོད་དང་བསམ་འཆར་ཇི་འདྲ་ཡོད་པ་རྟག་ཏུ་ཤེས་རྟོགས་དང་། མང་ཚོགས་ཀྱི་ལུགས་མཐུན་ཁེ་དབང་དང་ཁེ་ཕན་སྲུང་སྐྱོང་། མང་ཚོགས་ཀྱི་བསམ་བློ་དང་ཆབ་སྲིད་ཀྱི་ལས་ཀ་ལེགས་སྒྲུབ་བཅས་བྱ་རྒྱུ།

    (ལྔ) ཏང་ཡོན་དང་མང་ཚོགས་ཀྱི་ཧུར་བརྩོན་བྱེད་སེམས་དང་གསར་སྐྲུན་བྱེད་སེམས་འདོན་སྤེལ་གང་ལེགས་དང་། ཁོང་ཚོའི་ཁྲོད་ཀྱི་ཤེས་ལྡན་པ་ཕུལ་བྱུང་ཅན་རྣམས་རྙེད་པ་དང་། གསོ་སྐྱོང་། འོས་སྦྱོར་བཅས་བྱས་ནས་སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ནང་ཁོང་ཚོས་སོ་སོའི་བློ་གྲོས་དང་ཡོན་ཏན་འབུལ་རྒྱུར་བསྔགས་སྐུལ་དང་རྒྱབ་སྐྱོར་བྱ་རྒྱུ།

    (དྲུག) ཏང་ལ་ཞུགས་རྒྱུའི་རེ་འདུན་བཏོན་པའི་ཧུར་བརྩོན་ཅན་རྣམས་ལ་སློབ་གསོ་དང་གསོ་སྐྱོང་བྱས་ནས་ཏང་ཡོན་བསྡུ་ལེན་གྱི་རྒྱུན་གཏན་ལས་ཀ་ལེགས་པར་བསྒྲུབ་རྒྱུ་དང་། ཐོན་སྐྱེད་དང་ལས་ཀ་དངོས་སུ་བྱེད་ས་དང་གཞོན་ནུ་རྣམས་ཀྱི་ཁྲོད་ནས་ཏང་ཡོན་བསྡུ་ལེན་བྱེད་པར་མཐོང་ཆེན་བྱ་རྒྱུ།

    (བདུན) ཏང་ཡོན་ལས་བྱེད་པ་དང་ལས་དོན་པ་གཞན་དག་སུ་ཞིག་ཡིན་རུང་ཚང་མས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་བརྩི་སྲུང་ནན་པོ་བྱ་དགོས་པ་དང་། རྒྱལ་ཁབ་ཀྱི་ནོར་སྲིད་དཔལ་འབྱོར་སྐོར་གྱི་ཁྲིམས་སྲོལ་དང་མི་དོན་ལམ་ལུགས་བརྩི་སྲུང་ནན་པོ་བྱ་དགོས་པ་ལས་རྒྱལ་ཁབ་དང་། ཐུན་མོང་། མང་ཚོགས་བཅས་ཀྱི་ཁེ་ཕན་ཧམ་བཟུང་བྱེད་མི་རུང་བའི་ལྟ་སྐུལ་བྱ་རྒྱུ།

    (བརྒྱད) ཏང་ཡོན་དང་མང་ཚོགས་ལ་ཕྱོགས་ལྷུང་ངན་པ་རང་རྟོགས་ཀྱིས་བཀག་འགོག་དང་། ཁྲིམས་འགལ་ལུགས་འགལ་གྱི་སྤྱོད་ངན་སྣ་ཚོགས་ལ་སེམས་ཐག་གཙང་བཅད་ཀྱིས་འཐབ་རྩོད་བྱེད་དགོས་པའི་སློབ་གསོ་གཏོང་རྒྱུ་བཅས་ཡིན།

    དོན་ཚན་སོ་གསུམ་པ། སྲང་ལམ་དང་། ཤང་། གྲོང་རྡལ་བཅས་ཀྱི་ཏང་གི་གཞི་རིམ་ཨུ་ཡོན་ལྷན་ཁང་དང་གྲོང་ཚོ་དང་སྡེ་ཁུལ་གྱི་ཏང་གི་རྩ་འཛུགས་བཅས་ཀྱིས་ས་ཁུལ་དེ་གའི་ལས་ཀ་དང་གཞི་རིམ་སྤྱི་ཚོགས་ལེགས་སྐྱོང་ལས་ཀར་འགོ་ཁྲིད་བྱ་རྒྱུ་དང་། སྲིད་འཛིན་རྩ་འཛུགས་དང་། དཔལ་འབྱོར་རྩ་འཛུགས། མང་ཚོགས་རང་སྐྱོང་རྩ་འཛུགས་བཅས་ཀྱིས་འགན་དབང་གང་ལེགས་སྤྱོད་པར་རྒྱབ་སྐྱོར་དང་ཁག་ཐེག་བྱ་རྒྱུ།

    རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་ཏང་ཨུད(ཏང་ཙུའུ)ཀྱིས་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་ཁ་ཕྱོགས་ཁྲིད་སྟོན་དང་། ཁྱོན་ཡོངས་ལ་དོ་དམ། དོན་ཐོག་འཁྱོལ་བར་འགན་ལེན་བཅས་བྱ་རྒྱུ་དང་། གཏན་འབེབས་ལྟར་ཁེ་ལས་ཀྱི་དོན་དག་གལ་ཆེན་རྣམས་གྲོས་བསྡུར་དང་ཐག་གཅོད་བྱ་རྒྱུ། རྒྱལ་ཁབ་ལ་དབང་བའི་ཁེ་ལས་དང་ཐུན་མོང་གི་ཁེ་ལས་ནང་གི་ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་ཁེ་ལས་ཀྱི་ཐོན་སྐྱེད་དང་གཉེར་སྐྱོང་བྱ་བར་དམིགས་ནས་ལས་དོན་བསྒྲུབ་རྒྱུ། ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་རྣམས་ཁེ་ལས་སོ་སོའི་ནང་ལག་ལེན་དཔྱིས་ཕྱིན་པར་བྱེད་པར་ཁག་ཐེག་དང་ལྟ་སྐུལ་དང་། མ་རྐང་འཇོག་མཁན་ལྷན་ཚོགས་དང་། ལས་འཛིན་པའི་ལྷན་ཚོགས། ལྟ་ཞིབ་ལྷན་ཚོགས། ཅིང་ལི(བཟོ་གྲྭའི་འགོ་འཛིན)བཅས་ཀྱིས་བཅའ་ཁྲིམས་ལྟར་འགན་དབང་སྤྱོད་པར་རྒྱབ་སྐྱོར། བློ་གཅིག་སེམས་གཅིག་གིས་ལས་བཟོ་པ་མང་ཚོགས་ལ་བརྟེན་པ་དང་། ལས་བཟོ་པའི་འཐུས་མིའི་ཚོགས་ཆེན་གྱིས་ལས་དོན་སྒྲུབ་པར་རྒྱབ་སྐྱོར། ཁེ་ལས་ཀྱི་གནད་དོན་གལ་ཆེན་རྣམས་ཇུས་ཐག་གཅོད་པར་ཞུགས་པ། ཏང་གི་རྩ་འཛུགས་རང་ངོས་ལེགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་འབྲེལ་བསམ་བློ་དང་ཆབ་སྲིད་ཀྱི་ལས་ཀ་དང་། བསམ་པའི་དཔལ་ཡོན་སྤེལ་བ། བཟོ་ཚོགས་དང་གུང་གཞོན་སྡེ་ཚོགས་ལ་སོགས་པའི་མང་ཚོགས་ཚོགས་པའི་རྩ་འཛུགས་ལ་འགོ་ཁྲིད་བཅས་བྱ་རྒྱུ།

    སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་ཁྲོད་ཀྱི་ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་ལག་ལེན་མཐར་ཕྱིན་པ་བསྟར་ནས་ཁེ་ལས་ཀྱིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་བརྩི་སྲུང་བྱེད་པར་ཁྲིད་སྟོན་དང་ལྟ་སྐུལ་བྱ་རྒྱུ་དང་། བཟོ་ཚོགས་དང་གུང་གཞོན་སྡེ་ཚོགས་ལ་སོགས་པའི་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་འགོ་ཁྲིད་དེ་ལས་བཟོ་པ་མང་ཚོགས་དང་མཐུན་སྒྲིལ་བྱས་ནས་གོང་བུར་བསྒྲིལ་ཏེ་ཕྱོགས་གང་ཅིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་། ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་གཏོང་རྒྱུ།

    སྤྱི་ཚོགས་ཀྱི་རྩ་འཛུགས་ནང་གི་ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་དྲིལ་བསྒྲགས་དང་ལག་བསྟར་དང་། བཟོ་ཚོགས་དང་གུང་གཞོན་སྡེ་ཚོགས་ལ་སོགས་པའི་མང་ཚོགས་ཚོགས་པའི་རྩ་འཛུགས་ལ་འགོ་ཁྲིད་པ། ཏང་ཡོན་རྣམས་ལ་སློབ་གསོ་དང་དོ་དམ། མང་ཚོགས་ལ་ཁྲིད་སྟོན་དང་ཞབས་ཞུ་བཅས་བྱས་ནས་བྱ་གཞག་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས།

    སྲིད་འཛིན་འགོ་ཁྲིད་ཀྱིས་འགན་འཁུར་བའི་ལམ་ལུགས་ལག་ལེན་བསྟར་བའི་བྱ་གཞག་ཚན་པའི་ནང་གི་ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་བྱེད་དགོས། ཏང་ཨུད་ཀྱི་འགོ་ཁྲིད་འོག་གི་སྲིད་འཛིན་འགོ་ཁྲིད་ཀྱིས་འགན་འཁུར་བའི་ལམ་ལུགས་ལག་ལེན་བསྟར་བའི་བྱ་གཞག་ཚན་པའི་ནང་གི་ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་གནད་དོན་གལ་འགངས་ཆེ་རིགས་གྲོས་བསྡུར་དང་འབྲེལ་གྲོས་ཐག་གཅོད་རྒྱུ་དང་། དུས་མཚུངས་སུ་སྲིད་འཛིན་འགོ་ཁྲིད་ཀྱིས་རང་ཉིད་ཀྱི་འགན་དབང་གང་ལེགས་སྤྱོད་ཐུབ་པར་ཁག་ཐེག་བྱ་རྒྱུ།

    ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་རིམ་པ་ཁག་ནང་གི་ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་སྲིད་འཛིན་འགན་འཁུར་བར་གཞོགས་འདེགས་ཀྱིས་ལས་འགན་ལེགས་འགྲུབ་དང་ལས་ཀ་བྱེད་སྟངས་ལེགས་བཅོས་བྱ་རྒྱུ་དང་། སྲིད་འཛིན་འགན་འཁུར་བ་ཚུད་པའི་ཏང་ཡོན་ཚང་མར་སློབ་གསོ་དང་། དོ་དམ། ལྟ་སྐུལ་བཅས་བྱེད་དགོས་པ་ལས་སྡེ་ཚན་དེ་ཉིད་ཀྱི་ལས་སྒོར་འགོ་ཁྲིད་བྱེད་མི་དགོས།

    དོན་ཚན་སོ་བཞི་པ། ཏང་ཀྲི་པུའུ་ནི་ཏང་གི་རྨང་གཞིའི་རྩ་འཛུགས་ཡིན་ཞིང་། ཏང་ཡོན་ལ་ཐད་ཀར་སློབ་གསོ་དང་། དོ་དམ། ལྟ་སྐུལ་བཅས་བྱེད་པ་དང་། མང་ཚོགས་སྒྲིག་འཛུགས་དང་། མང་ཚོགས་ལ་དྲིལ་བསྒྲགས། མང་ཚོགས་གོང་བུར་འགྲིལ་བ། མང་ཚོགས་ལ་ཞབས་ཞུ་བཅས་བྱེད་པའི་འགན་འཁྲི་འཁུར་དགོས།

    ལེའུ་དྲུག་པ། ཏང་གི་ལས་བྱེད་པ།

    དོན་ཚན་སོ་ལྔ་པ། ཏང་གི་ལས་བྱེད་པ་ནི་ཏང་གི་བྱ་གཞག་གི་རྐང་འཛིན་པ་དང་མི་དམངས་ཀྱི་སྤྱི་ཞབས་པ་ཡིན་པས། བློ་དཀར་སྤྱོད་གཙང་དང་འགན་འཁུར་ཕོད་པ་བྱེད་ཐུབ་པ་དགོས། ཏང་གིས་སྤྱོད་ཡོན་གཉིས་ལྡན་དང་ཀུན་སྤྱོད་སྔོན་ལ་འཛིན་པའི་རྩ་དོན་ལ་གཞིགས་ནས་ལས་བྱེད་པ་གདམ་གསེས་བྱ་རྒྱུ་དང་། ཕྱོགས་བཞི་མཚམས་བརྒྱད་དང་སྤྱོད་ཡོན་གཉིས་ལྡན་གྱི་མི་ཁོ་ན་བསྐོ་གཞག་བྱ་རྒྱུ་མཐའ་འཁྱོངས་དང་། བྱ་གཞག་སྔོན་དུ་འཇོག་པ་དང་གཞུང་དྲང་ཚུལ་མཐུན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་རང་གི་དགའ་ཉེ་ཁོ་ན་བསྐོ་གཞག་བྱེད་པར་ངོ་རྒོལ་བྱས་ཐོག ལས་བྱེད་པའི་དཔུང་སྡེ་གསར་བརྗེ་ཅན་དང་། ལོ་ན་གཞོན་པ། ཤེས་ཡོན་ལྡན་པ། ཆེད་ལས་ཅན་བཅས་སུ་འགྱུར་བར་འབད་བརྩོན་བྱེད་དགོས།

    ཏང་གིས་ལས་བྱེད་པར་སློབ་གསོ་དང་། གསོ་སྦྱོང་། འདེམས་སྒྲུག དཔྱད་ཞིབ། ལྟ་སྐུལ་བཅས་བྱ་རྒྱུ་སྤྱི་དང་། ཁྱད་པར་དུ་ན་གཞོན་ལས་བྱེད་པ་ཕུལ་བྱུང་ཅན་གསོ་སྐྱོང་དང་འདེམས་སྒྲུག་བྱེད་པར་མཐོང་ཆེན་བྱ་རྒྱུ། ལས་བྱེད་པའི་ལམ་ལུགས་སྒྱུར་བཅོས་ལ་སྐུལ་སྤེལ་ཧུར་ཐག་གཏོང་རྒྱུ།

    ཏང་གིས་བུད་མེད་ལས་བྱེད་པ་དང་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་དང་འདེམས་སྒྲུག་བྱེད་པར་མཐོང་ཆེན་བྱ་རྒྱུ།

    དོན་ཚན་སོ་དྲུག་པ། ཏང་གི་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་རྣམས་ཀྱིས་དད་སེམས་འགྱུར་མེད་དང་། མི་དམངས་ལ་ཞབས་ཞུ། སྲིད་བརྩོན་དོན་གཉེར། འགན་འཁུར་ཕོད་པ། གཞུང་དྲང་སྤྱོད་གཙང་བཅས་བྱ་དགོས་པ་དང་། སྒྲིག་ཡིག་འདིའི་དོན་ཚན་གསུམ་པར་བཀོད་པའི་ཏང་ཡོན་གྱི་འོས་འགན་ཁག་ངེས་པར་དུ་དཔེ་བཟང་གི་སྒོ་ནས་སྒྲུབ་དགོས་པ་མ་ཟད། ངེས་པར་དུ་གཤམ་གསལ་གྱི་གཞི་རྩའི་ཆ་རྐྱེན་ཡང་འཛོམས་དགོས་པ་སྟེ།

    (གཅིག) འགན་འཁྲི་སྒྲུབ་པར་མཁོ་བའི་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་ཀྱི་ཆུ་ཚད་ཡོད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྣེ་ཁྲིད་ཀྱིས་དོན་འཁྱོལ་མཐར་ཕྱིན་བྱེད་པ། ཧུར་བརྩོན་ཆེན་པོས་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་ལ་བརྟེན་ནས་གནད་དོན་དངོས་དབྱེ་ཞིབ་དང་ཐག་གཅོད་བྱེད་པ། སློབ་སྦྱོང་ལ་མཐོང་ཆེན་དང་། ཆབ་སྲིད་ལ་དང་དོད། སྲོལ་བཟང་དར་སྤེལ་བཅས་མཐའ་འཁྱོངས་བྱས་ནས་དཀའ་ཉེན་སྣ་ཚོགས་ཀྱི་ཉམས་སད་ཐེག་ཐུབ་པ་བཅས་དང་།

    (གཉིས) གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་ལྡན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་ཡིད་ཆེས་བརྟན་པོ་འཆང་བ། ཏང་གི་གཞི་རྩའི་ལམ་ཕྱོགས་དང་བྱེད་ཕྱོགས་དང་སྲིད་ཇུས་ཁག་ལག་ལེན་མཐའ་གཅིག་ཏུ་བྱེད་པ། སྒྱུར་བཅོས་སྒོ་འབྱེད་བྱ་རྒྱུའི་སེམས་ཐག་གཅོད་པ། དེང་རབས་ཅན་དུ་འགྱུར་བའི་བྱ་གཞག་ལ་རང་ནུས་གང་ཡོད་འདོན་པ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་རིང་དཀའ་སྤྱད་ལས་སྒྲུབ། སྲིད་སྐྱོང་གི་བྱས་རྗེས་ལྟ་བ་ཡང་དག་པ་འཛིན་པ་བཅས་བྱས་ནས་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་བྱས་རྗེས་དངོས་སུ་འཇོག་པ།

    (གསུམ) བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་མདུན་སྐྱོད། གསར་གཏོད་གསར་སྐྲུན་བཅས་མཐའ་འཁྱོངས་བྱེད་པ་དང་། བརྟག་དཔྱད་ཞིབ་འཇུག་ནན་ཏན་བྱེད་པ། ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་རྣམས་ས་ཁུལ་དེ་ག་དང་སྡེ་ཁག་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཕན་འབྲས་རྨད་དུ་བྱུང་བའི་སྒོ་ནས་ལས་དོན་སྤེལ་བ་དང་། སྐད་ཆ་དྲང་པོ་ཤོད་པ། ལས་དོན་དངོས་སུ་སྒྲུབ་པ། ཕན་འབྲས་དངོས་སུ་གཉེར་བ་བཅས་བྱེད་ཐུབ་པ།

    (བཞི) གསར་བརྗེའི་བྱ་གཞག་སྒྲུབ་སེམས་དང་ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་ཆེ་ལ་ལག་ལེན་གྱི་ཉམས་མྱོང་ཡོད་ཅིང་། འགོ་ཁྲིད་ཀྱི་ལས་སྒོ་འཕེར་བའི་སྒྲིག་འཛུགས་བྱེད་ནུས་དང་། རིག་གནས་ཀྱི་ཡོན་ཚད། ཆེད་ལས་ཀྱི་ཤེས་ཡོན་བཅས་ཡོད་པ།

    (ལྔ) མི་དམངས་ཀྱིས་སྤྲད་པའི་དབང་ཆ་རྣམས་ལག་བསྟར་ཡང་དག་པ་བྱེད་ཅིང་། རྩ་དོན་མཐའ་འཁྱོངས་དང་། བཅའ་ཁྲིམས་ལྟར་ལས་སྒྲུབ། གཞུང་དྲང་སྤྱོད་གཙང་། སྲིད་བརྩོན་དམངས་བསམ། རང་དཔེ་གཞན་སྟོན། དཀའ་སྤྱད་བབ་ཆགས། མང་ཚོགས་དང་འབྲེལ་འདྲིས་དམ་ཟབ། ཏང་གི་མང་ཚོགས་ལམ་ཕྱོགས་མཐའ་འཁྱོངས། རང་རྟོགས་ཀྱི་སྒོ་ནས་ཏང་དང་མང་ཚོགས་ཀྱི་སྐྱོན་བརྗོད་དང་ལྟ་སྐུལ་དང་ལེན། ཀུན་སྤྱོད་བློ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཏང་གཤིས་སྨྲ་བ། གཤིས་སྤྱོད་བཟང་པོ་གཙིགས་སུ་འཛིན་པ། མིག་དཔེ་བཟང་པོ་སྟོན་པ་བཅས་བྱས་ཏེ་རང་བརྩི་དང་། རང་ཞིབ། རང་གཅུན། རང་སྐུལ་བཅས་བྱེད་ཐུབ་པ་དང་། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། བག་མེད་ལོངས་སྤྱོད་ཀྱི་སྤྱོད་ཚུལ་བཅས་ལ་ངོ་རྒོལ་དང་། དབང་ཆ་གང་བྱུང་དུ་སྤྱོད་པ་དང་སྒེར་གྱི་ཁེ་ཕན་གཉེར་བའི་རིགས་ལ་ངོ་རྒོལ་བཅས་བྱེད་པ།

    (དྲུག) ཏང་གི་དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་དང་སྲུང་སྐྱོང་བྱས་ཐོག དམངས་གཙོའི་སྤྱོད་ཚུལ་ལྡན་ལ་ཕྱོགས་ཡོངས་ལ་བསམ་བློ་གཏོང་བའི་འདུ་ཤེས་ཡོད་པ་དང་། རང་ཉིད་དང་བསམ་འཆར་མི་མཐུན་པ་ཡོད་མཁན་བློ་མཐུན་ཚུད་པའི་བློ་མཐུན་རྣམས་དང་མཐུན་སྒྲིལ་མཁས་པོ་བྱས་ཏེ་མཉམ་དུ་ལས་ཀ་བྱེད་པ་བཅས་ཡིན།

    དོན་ཚན་སོ་བདུན་པ། ཏང་ཡོན་ལས་བྱེད་པས་ཏང་ཕྱིའི་ལས་བྱེད་པ་དང་མཉམ་ལས་མཉམ་སྒྲུབ་བྱེད་མཁས་པོ་བྱས་ཏེ་ཁོང་ཚོར་བརྩི་འཇོག་བྱ་དགོས་པ་དང་། ཁེངས་སྐྱུང་གིས་ཁོང་ཚོའི་དགེ་མཚན་སློབ་སྦྱོང་བྱེད་དགོས།

    ཏང་གི་རྩ་འཛུགས་རིམ་པ་ཁག་གིས་ནུས་པ་དང་ཡོན་ཏན་ངོ་མ་ཡོད་ཅིང་འགོ་ཁྲིད་ཀྱི་ལས་ཀ་སྤྲོད་རུང་བའི་ཏང་ཕྱིའི་ལས་བྱེད་པ་གསར་རྙེད་དང་འོས་སྦྱོར་མཁས་པོ་བྱས་ཏེ་ཁོང་ཚོར་གོ་གནས་དང་དབང་ཆ་གཉིས་ཀ་ཡོད་པར་འགན་ལེན་བྱེད་པ་དང་སྦྲགས་ཁོང་ཚོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

    དོན་ཚན་སོ་བརྒྱད་པ། ཏང་གི་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་དམངས་གཙོས་འདེམས་བསྐོ་བྱས་པའམ་ཡང་ན་འགོ་ཁྲིད་ལས་ཁུངས་ནས་བསྐོ་གཞག་བྱས་པ་གང་ཡིན་ནའང་། ཁོང་ཚོའི་གོ་གནས་དེ་ཚེ་གང་ལ་བཟུང་ཆོག་པ་ཞིག་མིན་པར་ཚང་མ་བསྒྱུར་ཆོག་པའམ་ཕྱིར་འཐེན་བྱས་ཆོག

    ལོ་ན་བགྲེས་པ་དང་གཟུགས་པོ་བདེ་ཐང་མིན་པའི་རྐྱེན་གྱིས་ལས་ཀ་མུ་མཐུད་བྱེད་མི་འོས་པའི་ལས་བྱེད་པ་རྣམས་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་ལས་འཁྱུར་དང་ལས་བྲལ་ངལ་གསོ་བྱེད་དགོས།

    ལེའུ་བདུན་པ། ཏང་གི་སྒྲིག་ཁྲིམས།

    དོན་ཚན་སོ་དགུ་པ། ཏང་གི་སྒྲིག་ཁྲིམས་ནི་ཏང་གི་རིམ་ཁག་རྩ་འཛུགས་དང་ཏང་ཡོན་ཡོངས་ཀྱིས་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་བྱ་སྤྱོད་སྤེལ་བའི་ལམ་སྲོལ་ཡིན་པ་དང་། ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་སྲུང་སྐྱོང་དང་ཏང་གི་ལས་འགན་རྣམས་ལེགས་གྲུབ་བྱེད་པའི་འགན་ལེན་ཡིན། ཏང་རྩ་འཛུགས་ཀྱིས་ངེས་པར་དུ་ཏང་གི་སྒྲིག་ཁྲིམས་ལག་བསྟར་དང་སྲུང་སྐྱོང་ནན་ཏན་བྱ་དགོས་པ་དང་། གུང་ཁྲན་ཏང་ཡོན་རྣམས་ཀྱིས་ངེས་པར་དུ་མ་བསྐུལ་དང་བླངས་ཀྱི་སྒོ་ནས་ཏང་གི་སྒྲིག་ཁྲིམས་ཀྱི་གཅུན་སྡོམ་དང་དུ་ལེན་དགོས།

    དོན་ཚན་བཞི་བཅུ་པ། ཏང་གི་སྒྲིག་ཁྲིམས་སུ་གཙོ་བོ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ཚུད་ཡོད།

    སྔ་བསླབ་ཕྱི་འདོམས་དང་ནད་བཅོས་སྲོག་སྐྱོབ་བྱ་རྒྱུ་དང་། ཁྲིམས་ནན་པོ་འཛིན་པ་དང་སྒྲིག་ཁྲིམས་དང་འགལ་རིགས་རྩད་གཅོད་བདའ་འདེད་གཏོང་བ། དོན་སྔ་ཙམ་དང་ཆུང་ཐོག་ནས་འཛིན་པ་དང་སྐྱོན་ཆུང་ཐོག་ནས་སེལ་བ་བཅས་མཐའ་འཁྱོངས་བྱས་ཏེ་ནོར་འཁྲུལ་གྱི་ངོ་བོ་དང་ནོར་འཁྲུལ་ཤོར་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་སྐྱོན་བརྗོད་སློབ་གསོ་གཏོང་བའམ་ཐ་ན་སྒྲིག་ཁྲིམས་ཐོག་ནས་ཆད་པ་གཅོད་དགོས། ལྟ་སྐུལ་དང་སྒྲིག་བསྟར་ཐད་ཀྱི“རྣམ་པ་བཞི”ལ་བརྟེན་ནས“གདོང་མདོག་དམར་འགྱུར་དང་རྔུལ་ཆུ་བཞུར་བ་བྱ་རྒྱུ”དེ་རྒྱུན་རྣམ་ཞིག་ཏུ་འགྱུར་བར་འཇུག་རྒྱུ་དང་། ཏང་གི་སྒྲིག་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་དང་རྩ་འཛུགས་ཀྱིས་ལེགས་སྒྲིག་བྱ་རྒྱུ་དེ་ཏང་དོ་དམ་དང་ལེགས་སྐྱོང་བྱེད་ཐབས་གལ་ཆེན་ཞིག་བྱ་རྒྱུ། སྒྲིག་ཁྲིམས་དང་ཉེས་ཁྲིམས་ལས་ཚབས་ཆེན་འགལ་བའི་ཏང་ཡོན་ནི་ངེས་པར་དུ་ཏང་གི་སྐྱིད་སྡུག་ནས་འབུད་དགོས།

    ཏང་ནང་ཏང་གི་སྒྲིག་ཡིག་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལས་འགལ་བའི་བྱེད་ཐབས་སྤྱད་ནས་ཏང་ཡོན་ལ་སྤྱོད་ཚུལ་འཛིན་པའི་རིགས་གཏན་འགོག་དང་། གནག་ལན་སློག་པ་དང་སྙོན་འཛུགས་ཞུ་གཏུག་དང་མ་ཉེས་ཁག་གཡོག་བྱེད་པའི་རིགས་གཏན་འགོག་བྱེད་དགོས། གཏན་འབེབས་དེ་དག་དང་འགལ་མཁན་རྩ་འཛུགས་སམ་སྐྱེ་བོར་ངེས་པར་དུ་ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལྟར་བདའ་འདེད་གཏོང་དགོས།

    དོན་ཚན་ཞེ་གཅིག་པ། ཏང་ཡོན་ལ་སྒྲིག་ཁྲིམས་ཐོག་ནས་ཆད་པ་གཅོད་སྟངས་སྣ་ལྔ་ཡོད་པ་སྟེ། ཐ་ཚིག་སྒྲོག་པ་དང་། ཐ་ཚིག་དྲག་པོ་སྒྲོག་པ། ཏང་ནང་གི་གོ་གནས་ཕྱིར་འཐེན་བྱེད་པ། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པ། ཏང་གི་སྐྱིད་སྡུག་ནས་འབུད་པ་བཅས་ཡིན།

    ཏང་ནང་བཞག་ནས་ལྟ་ཞིབ་བྱེད་ཡུན་རིང་ཤོས་ནི་ལོ་གཉིས་ལས་བརྒལ་མི་རུང་། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་རིང་ཏང་ཡོན་དེར་བརྡས་ཐག་གཅོད་པའི་དབང་ཆ་དང་འདེམས་བསྐོའི་དབང་ཆ། གདམ་བྱའི་དབང་ཆ་བཅས་མེད། ཏང་ཡོན་ཞིག་ཏང་ནང་བཞག་ནས་ལྟ་ཞིབ་བྱས་རྗེས་དེས་དངོས་གནས་ནོར་འཁྲུལ་ཡོ་བསྲང་བྱས་ཡོད་ན་དེའི་ཏང་ཡོན་གྱི་དབང་ཆ་སླར་གསོ་བྱེད་དགོས། ནོར་འཁྲུལ་མཁྲེགས་བཟུང་བྱས་ནས་ཡོ་བསྲང་མ་བྱས་ཚེ་ཏང་གི་སྐྱིད་སྡུག་ནས་འབུད་དགོས། 

    ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་གཏོང་བ་དེ་ནི་ཏང་ནང་གི་ཆད་པ་ཆེ་ཤོས་ཡིན། ཏང་གི་རིམ་ཁག་རྩ་འཛུགས་ཀྱིས་ཏང་ཡོན་ཞིག་ཏང་གི་སྐྱིད་སྡུག་ནས་འབུད་རྒྱུའི་ཐག་གཅོད་པའམ་ཆོག་མཆན་འགོད་པའི་སྐབས་སུ་འབྲེལ་ཡོད་དཔྱད་གཞི་དང་བསམ་འཆར་ལ་ཕྱོགས་ཡོངས་ནས་ཞིབ་འཇུག་བྱེད་དགོས་པ་དང་ཧ་ཅང་གཟབ་ནན་གྱི་སྤྱོད་ཚུལ་འཛིན་དགོས།

    དོན་ཚན་ཞེ་གཉིས་པ། ཏང་ཡོན་ལ་སྒྲིག་ཁྲིམས་ཐོག་གི་ཆད་པ་གཅོད་དུས་ངེས་པར་དུ་ཀྲི་པུའུ་ཡི་ཚོགས་ཆེན་ཐོག་གྲོས་བསྡུར་གྱིས་ཐག་གཅོད་བྱས་རྗེས་ཏང་གི་གཞི་རིམ་ཨུ་ཡོན་ལྷན་ཁང་ལ་ཆོག་མཆན་ཞུ་དགོས་པ་དང་། གལ་ཏེ་དེ་དང་འབྲེལ་བའི་གནད་དོན་ཅུང་གལ་ཆེ་བའམ་རྙོག་འཛིང་ཆེ་བ་ཡིན་པའམ། ཡང་ན་ཏང་ཡོན་ལ་ཏང་གི་སྐྱིད་སྡུག་ནས་འབུད་རྒྱུའི་ཆད་པ་གཅོད་རྒྱུ་ཡིན་ན། གནས་ཚུལ་མི་འདྲ་བར་གཞིགས་ཏེ་རྫོང་རིམ་པའམ་རྫོང་རིམ་པ་ཡན་གྱི་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་ཞིབ་བཤེར་ཆོག་མཆན་ཞུ་དགོས། དམིགས་བསལ་གྱི་གནས་ཚུལ་འབྱུང་སྐབས་རྫོང་རིམ་པ་དང་རྫོང་རིམ་པ་ཡན་གྱི་རིམ་ཁག་ཏང་གི་ཨུ་ཡོན་ལྷན་ཁང་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་ཏང་ཡོན་ལ་སྒྲིག་ཁྲིམས་ཐོག་གི་ཆད་པ་གཅོད་རྒྱུའི་གྲོས་ཐག་ཐད་ཀར་གཅོད་དབང་ཡོད།

    ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་ལ་ཐ་ཚིག་སྒྲོག་པ་དང་ཐ་ཚིག་དྲག་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དེ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱས་རྗེས་ཏང་ཀྲུང་དབྱང་ལ་ཆོག་མཆན་ཞུ་དགོས། ས་གནས་རིམ་ཁག་ཏང་གི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་ལ་ཐ་ཚིག་སྒྲོག་པ་དང་ཐ་ཚིག་དྲག་པོ་སྒྲོག་པའི་ཆད་པ་གཅོད་རྒྱུར་རིམ་པ་གཅིག་གིས་མཐོ་བའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་པ་དང་སྦྲགས་དེ་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་ལ་ཐོ་འགོད་སྙན་སེང་ཞུ་དགོས།

    ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ས་གནས་རིམ་ཁག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་ལ་ཏང་ནང་གི་གོ་གནས་ཕྱིར་འཐེན་དང་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའམ་ཡང་ན་ཏང་གི་སྐྱིད་སྡུག་ནས་འབུད་རྒྱུའི་ཆད་པ་གཅོད་མིན་དེ་ངེས་པར་དུ་མི་དེ་གནས་སའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཀྱི་མི་གྲངས་བསྡོམས་འབོར་གྱི་སུམ་ཆ་གཉིས་ཡན་གྱི་མི་གྲངས་མང་ཤོས་ཀྱིས་ཐག་གཅོད་དགོས། ཚང་འཛོམས་གྲོས་ཚོགས་གྲོལ་རྗེས་ཀྱི་རིང་ལ། ཀྲུང་དབྱང་ཆབ་སྲིད་ཅུས་དང་ས་གནས་རིམ་ཁག་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྔོན་ལ་གོང་གསལ་ཆད་པ་གཅོད་རྒྱུའི་གྲོས་ཐག་བཅད་དེ་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་འཚོག་དུས་རྗེས་སུ་ཁས་ལེན་བྱས་ཆོག ས་གནས་རིམ་ཁག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་ལ་ཆད་པ་གོང་བཞིན་གཅོད་རྒྱུ་ནི་ངེས་པར་དུ་གོང་རིམ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱས་པ་བརྒྱུད་དེ་རིམ་པ་དེའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་ལ་ཆོག་མཆན་ཞུ་དགོས།

    ཉེས་ཁྲིམས་དང་ཚབས་ཆེན་འགལ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་ནི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཏང་གི་སྐྱིད་སྡུག་ནས་འབུད་རྒྱུའི་ཐག་གཅོད་རྒྱུ་དང་། ཉེས་ཁྲིམས་དང་ཚབས་ཆེན་འགལ་བའི་ས་གནས་རིམ་ཁག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་ནི་དེ་དང་རིམ་པ་མཉམ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་སྐྱིད་སྡུག་ནས་འབུད་རྒྱུའི་ཐག་གཅོད་རྒྱུ།

    དོན་ཚན་ཞེ་གསུམ་པ། ཏང་རྩ་འཛུགས་ཀྱིས་ཏང་ཡོན་ལ་ཆད་པ་གཅོད་རྒྱུའི་ཆོད་དོན་འཇོག་སྐབས། དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་དོན་དངོས་ལ་རྩད་ཞིབ་གསལ་པོ་བྱེད་དགོས། ཆད་པ་གཅོད་རྒྱུའི་ཆོད་དོན་གྱིས་གཞི་འཛིན་སའི་དོན་དངོས་ཀྱི་དཔྱད་གཞིའི་ཡིག་རིགས་དང་ཆད་པ་བཅད་པའི་ཆོད་དོན་རྣམས་ངེས་པར་དུ་དོ་བདག་རང་ལ་བསྟན་དགོས་པ་དང་སྦྲགས་ཁོ་རང་གིས་གནས་ཚུལ་གསལ་བཤད་དང་དག་སེལ་བྱས་པར་ཉན་དགོས། གལ་ཏེ་ཆད་པ་བཅད་པའི་ཆོད་དོན་དོ་བདག་གི་བློ་ལ་མ་བབས་ན་རྒྱུ་མཚན་ཞུ་འབུལ་བྱས་ཆོག་ཅིང་། འབྲེལ་ཡོད་ཏང་རྩ་འཛུགས་ཀྱིས་ངེས་པར་དུ་ཐག་གཅོད་རྒྱུའི་འགན་འཁུར་བའམ་ཡང་ན་མྱུར་དུ་བརྒྱུད་སྤྲོད་བྱ་དགོས་པ་ལས་བཀག་ཉར་བྱས་མི་ཆོག དངོས་འབྲེལ་ནོར་འཁྲུལ་གྱི་བསམ་འཆར་དང་ཁུངས་ལུང་མེད་པའི་རེ་འདུན་མཁྲེགས་བཟུང་བྱེད་མཁན་རྣམས་ལ་སྐྱོན་བརྗོད་དང་སློབ་གསོ་གཏོང་དགོས།

    དོན་ཚན་ཞེ་བཞི་པ། ཏང་གི་སྒྲིག་ཁྲིམས་སྲུང་སྐྱོང་ཐད་ཏང་གི་རྩ་འཛུགས་ལ་གལ་ཏེ་འགན་འཛོལ་བྱུང་བ་ཡིན་ན། ངེས་པར་དུ་འགན་འཁྲི་རྩད་གཅོད་བྱེད་དགོས།

    ཏང་གི་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་བ་དང་དེ་ཉིད་ཀྱིས་ཡོ་བསྲང་ཡང་བྱེད་མི་ཐུབ་པའི་ཏང་གི་རྩ་འཛུགས་བྱུང་ན། དེ་ལས་རིམ་པ་གཅིག་གིས་མཐོ་བའི་ཏང་གི་ཨུ་ཡོན་ལྷན་ཁང་གིས་གནས་ཚུལ་རྩད་ཞིབ་ཁུངས་འཚོལ་བྱས་རྗེས། གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ཏེ་དེ་ཉིད་བཅོས་སྒྲིག་གམ་ཡང་ན་མི་དགོས་པ་བཟོ་རྒྱུའི་ཐག་གཅོད་དགོས་པ་དང་འབྲེལ་རང་ལས་རིམ་པ་གཉིས་ཀྱིས་མཐོ་བའི་ཏང་གི་ཨུ་ཡོན་ལྷན་ཁང་ལ་ཞིབ་བཤེར་ཆོག་མཆན་ཞུས་ནས་ལག་ལེན་བསྟར་རྒྱུའི་ཁྱབ་བསྒྲགས་དངོས་སུ་བྱེད་དགོས།

    ལེའུ་བརྒྱད་པ། ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས།

    དོན་ཚན་ཞེ་ལྔ་པ། ཏང་གི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག་ལས་ཀ་བྱ་རྒྱུ། ཏང་གི་ས་གནས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རིམ་པ་ཁག་དང་གཞི་རིམ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་དང་གོང་རིམ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཉིས་བརྩེགས་འོག་ལས་ཀ་བྱ་རྒྱུ། གོང་རིམ་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་འོག་རིམ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས།

    ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གི་སྐབས་རེའི་འགན་འཁུར་ཡུན་ཚད་ནི་རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་གི་འགན་འཁུར་ཡུན་ཚད་དང་འདྲ་མཚུངས་ཡིན།

    ཏང་གི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཀྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཧྲུའུ་ཅི་རྒན་གཞོན་འདེམས་བསྐོ་བྱེད་པ་དང་སྦྲགས་ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་ཆོག་མཆན་ཞུ་རྒྱུ། ཏང་གི་ས་གནས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གི་ཚང་འཛོམས་གྲོས་ཚོགས་ཀྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཧྲུའུ་ཅི་རྒན་གཞོན་འདེམས་བསྐོ་བྱེད་པ་དང་སྦྲགས་རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་ནས་གྲོས་འཆམ་བྱས་རྗེས་གོང་རིམ་ཏང་གི་ཨུ་ཡོན་ལྷན་ཁང་ལ་ཆོག་མཆན་ཞུ་རྒྱུ། ཏང་གི་གཞི་རིམ་ཨུ་ཡོན་ལྷན་ཁང་དུ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའམ་ཡང་ན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་བསྐོ་གཞག་གང་བྱ་རྒྱུ་ནི་དེ་ལས་རིམ་པ་གཅིག་གིས་མཐོ་བའི་ཏང་གི་རྩ་འཛུགས་ཀྱིས་གནས་ཚུལ་དངོས་ལ་གཞིགས་ནས་ཐག་གཅོད་རྒྱུ། ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཨུ་ཡོན་ལྷན་ཁང་དང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་དུ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་བསྐོ་གཞག་བྱ་རྒྱུ།

    ཏང་གི་ཀྲུང་དབྱང་དང་ས་གནས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་རང་དང་རིམ་པ་མཉམ་པའི་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་ལ་ཕྱོགས་ཡོངས་ནས་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ཚོ་ཆུང་མངགས་གཏོང་བྱ་རྒྱུ། སྒྲིག་ཁྲིམས་ཞིབ་བཤེར་ཚོ་ཆུང་གི་འགོ་འཛིན་བཅའ་སྡོད་སྡེ་ཁག་གི་ཏང་གི་འགོ་ཁྲིད་རྩ་འཛུགས་ཀྱི་འབྲེལ་ཡོད་གྲོས་ཚོགས་ལ་ཞུགས་རྒྱུ། ཁོང་ཚོའི་ལས་ཀར་ལས་ཁུངས་དེའི་ཏང་གི་འགོ་ཁྲིད་རྩ་འཛུགས་ཀྱིས་ངེས་པར་དུ་རྒྱབ་སྐྱོར་བྱེད་དགོས།

    དོན་ཚན་ཞེ་དྲུག་པ། ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རིམ་པ་ཁག་ནི་ཏང་ནང་ལྟ་སྐུལ་ཆེད་སྒྲུབ་འགན་ཁུར་ལས་ཁུངས་ཡིན་ཞིང་། དེའི་ལས་འགན་གཙོ་བོ་ནི། ཏང་གི་སྒྲིག་ཡིག་དང་ཏང་ནང་གི་ཁྲིམས་སྲོལ་གཞན་དག་རྣམས་སྲུང་སྐྱོང་བྱ་རྒྱུ་དང་། ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས། གྲོས་ཆོད་བཅས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱ་རྒྱུ། ཏང་གི་ཨུ་ཡོན་ལྷན་ཁང་ལ་གཞོགས་འདེགས་བྱས་ནས་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བར་སྐུལ་འདེད་དང་། ཏང་སྲོལ་ལེགས་འགྱུར་བྱེད་ཤུགས་ཆེ་རུ་གཏོང་བ། རུལ་སུངས་སུ་འགྱུར་རིགས་ལ་ངོ་རྒོལ་གྱི་ལས་ཀ་མཐུན་སྦྱོར་ཡོང་བའི་སྒྲིག་འཛུགས་བཅས་བྱ་རྒྱུ་དེ་ཡིན།

    ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གི་འགན་འཁྲི་ནི་ལྟ་སྐུལ་དང་། སྒྲིག་ཁྲིམས་ལག་བསྟར། འགན་འཁྲི་རྩད་གཅོད་བཅས་བྱ་རྒྱུ་དེ་ཡིན་ཞིང་། ཏང་ཡོན་རྣམས་ལ་རྟག་པར་སྒྲིག་ཁྲིམས་བརྩི་སྲུང་བྱ་རྒྱུའི་སྐོར་གྱི་སློབ་གསོ་གཏོང་བ་དང་། ཏང་གི་སྒྲིག་ཁྲིམས་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་ཆོད་དོན་འཇོག་དགོས་པ་དང་། ཏང་གི་རྩ་འཛུགས་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་འགན་འཁྲི་འཁུར་ཚུལ་དང་འགན་དབང་སྤྱོད་ཚུལ་ལ་ལྟ་སྐུལ་དང་། ཏང་ཡོན་དང་མང་ཚོགས་ཀྱིས་ཉེས་འདོན་དང་ཐེར་འདོན་བྱས་པའི་གནད་དོན་བདག་སྤྲོད་དང་ཐག་གཅོད། ཁ་བརྡ་བྱས་ནས་དྲན་སྐུལ་བྱེད་ཅིང་སྐོང་འདྲི་དང་ཡིག་བསྐུར་འདྲི་རྩད་བཅས་བྱེད་པ། ཏང་གི་རྩ་འཛུགས་དང་ཏང་ཡོན་གྱིས་ཏང་གི་སྒྲིག་ཡིག་དང་ཏང་ནང་གི་ཁྲིམས་སྲོལ་གཞན་དག་དང་འགལ་བའི་གྱོད་དོན་ཅུང་གལ་ཆེ་བའམ་རྙོག་དྲ་ཆེ་བ་རྣམས་ལ་ཞིབ་བཤེར་དང་ཐག་གཅོད་བྱས་ནས་གྱོད་དོན་དེ་ཚོའི་ནང་ཐེ་བའི་ཏང་ཡོན་ལ་ཆད་པ་གཅོད་རྒྱུའམ་ཆད་པ་ཕྱིར་འཐེན། འགན་འཁྲི་རྩད་གཅོད་དམ་ཁག་འགན་བདའ་འདེད་བྱ་རྒྱུའི་གྲོས་འགོ་འདོན་པ། ཏང་ཡོན་གྱིས་ཞུ་གཏུག་དང་རྒྱུ་མཚན་ཞུ་འབུལ་བྱེད་རིགས་བདག་སྤྲོད། ཏང་ཡོན་གྱི་ཁེ་དབང་འགན་ལེན་བཅས་བྱེད་དགོས།

    སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གིས་གྱོད་དོན་ཧ་ཅང་གལ་ཆེ་བའམ་ཡང་ན་རྙོག་དྲ་ཆེ་བ་རྣམས་ཐག་གཅོད་བྱེད་སྐབས་བྱུང་བའི་གནད་དོན་དང་ཐག་བཅད་འབྲས་དེ་རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུ་དགོས། ཏང་གི་ས་གནས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རིམ་པ་ཁག་དང་གཞི་རིམ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་དུས་མཚུངས་སུ་གོང་རིམ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུ་དགོས།

    སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གིས་རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་ཏང་གི་སྒྲིག་ཁྲིམས་དང་འགལ་བའི་བྱ་སྤྱོད་གནས་པ་ཤེས་ན། སྔོན་ལ་བདེན་མིན་ཞིབ་དཔྱད་རགས་ཙམ་བྱས་ཆོག གལ་སྲིད་གྱོད་དོན་ཐོ་འགོད་ཀྱིས་ཞིབ་བཤེར་བྱ་དགོས་པ་འདུག་ན་རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུ་བ་དང་དུས་མཚུངས་རང་ལས་རིམ་པ་གཅིག་གིས་མཐོ་བའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུ་དགོས། རྒྱུན་ལས་ཨུ་ཡོན་དང་འབྲེལ་བ་ཡོད་པ་རྣམས་རང་ལས་རིམ་པ་གཅིག་གིས་མཐོ་བའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་སྙན་ཞུ་ཕུལ་རྗེས་རང་ལས་རིམ་པ་གཅིག་གིས་མཐོ་བའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་སྔོན་ལ་བདེན་མིན་ཞིབ་དཔྱད་རགས་ཙམ་བྱེད་དགོས། ཞིབ་བཤེར་བྱེད་དགོས་པ་འདུག་ན་རང་ལས་རིམ་པ་གཅིག་གིས་མཐོ་བའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་ལ་ཆོག་མཆན་ཞུ་དགོས།

    དོན་ཚན་ཞེ་བདུན་པ། གོང་རིམ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་འོག་རིམ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་ཀར་ཞིབ་བཤེར་བྱེད་པའི་དབང་ཆ་ཡོད་པ་མ་ཟད། འོག་རིམ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་གྱོད་དོན་ལ་ཆོད་དོན་བཞག་པའི་རིགས་ལ་ཆོག་མཆན་འགོད་པའམ་དེ་སྒྱུར་བའི་དབང་ཆའང་ཡོད། གལ་སྲིད་སྒྱུར་རྩིས་ཡོད་པའི་འོག་རིམ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དེའི་ཆོད་དོན་ལ་རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་པ་ཡིན་ན། བསྒྱུར་དོན་དེར་ངེས་པར་དུ་དེ་ལས་རིམ་པ་གཅིག་གིས་མཐོ་བའི་ཏང་གི་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་དགོས།

    ཏང་གི་ས་གནས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རིམ་པ་ཁག་དང་གཞི་རིམ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་གིས་གྱོད་དོན་ཐག་བཅད་པའི་ཆོད་དོན་ཐད་བསམ་འཆར་མི་མཐུན་པ་ཡོད་ན། རང་ལས་རིམ་པ་གཅིག་གིས་མཐོ་བའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་བསྐྱར་ཞིབ་གནང་རོགས་ཞུས་ཆོག་པ་དང་། གལ་སྲིད་རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་ངམ་དེའི་ཁོངས་མིར་ཏང་གི་སྒྲིག་ཁྲིམས་དང་འགལ་བའི་གནས་ཚུལ་ཡོད་པ་ཤེས་རུང་རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་གིས་ཐག་གཅོད་མི་བྱེད་པའམ་ཡང་ན་ཐག་གཅོད་ཡང་དག་པ་མི་བྱེད་པའི་སྐབས་སུ་གོང་རིམ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་རྒྱུ་མཚན་ཞུ་འབུལ་བྱས་ནས་ཐག་གཅོད་གནང་རོགས་ཞུས་ཆོག

    ལེའུ་དགུ་པ། ཏང་ཙུའུ།

    དོན་ཚན་ཞེ་བརྒྱད་པ། ཀྲུང་དབྱང་དང་ས་གནས་ཀྱི་རྒྱལ་ཁབ་ལས་ཁུངས་དང་། མི་དམངས་ཚོགས་པ། དཔལ་འབྱོར་རྩ་འཛུགས། རིག་གནས་རྩ་འཛུགས། ཏང་གི་རྩ་འཛུགས་མ་ཡིན་པའི་འགོ་ཁྲིད་ལས་ཁུངས་གཞན་དག་བཅས་ཀྱི་ནང་དུ་ཏང་ཙུའུ་བཙུགས་ཆོག ཏང་ཙུའུ་ཡིས་འགོ་ཁྲིད་སྲོག་ཤིང་ནུས་པ་འདོན་སྤེལ་བྱེད་དགོས། ཏང་ཙུའུ་ཡི་ལས་འགན་གཙོ་བོ་ནི་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་ལག་ལེན་མཐར་ཕྱིན་བྱེད་པའི་འགན་འཁུར་རྒྱུ་དང་། རང་གི་སྡེ་ཚན་གྱི་ཏང་འཛུགས་སྐྱོང་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བའི་འགན་འཁྲི་འཁུར་རྒྱུ། རང་གི་སྡེ་ཚན་གྱི་གནད་དོན་གལ་འགངས་ཆེ་རིགས་གྲོས་བསྡུར་དང་ཐག་གཅོད་རྒྱུ། ལས་བྱེད་པའི་དོ་དམ་ལས་ཀ་ལེགས་པར་བསྒྲུབ་རྒྱུ། གཞི་རིམ་ཏང་གི་རྩ་འཛུགས་གསར་འཛུགས་དང་ལེགས་སྒྲིག་དང་། ཏང་ཡོན་འཕེལ་རྒྱས་དང་། ཏང་ཡོན་ལ་ཆད་པ་གཅོད་རྒྱུ་སོགས་དོན་དག་གལ་འགངས་ཆེ་རིགས་གྲོས་བསྡུར་དང་ཐག་གཅོད་རྒྱུ། ཏང་ཕྱིའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་བྱས་ནས་ཏང་དང་རྒྱལ་ཁབ་ཀྱིས་སྤྲད་པའི་ལས་འགན་ལེགས་གྲུབ་བྱ་རྒྱུ། ལས་ཁུངས་དང་ཐད་གཏོགས་སྡེ་ཚན་གྱི་ཏང་གི་རྩ་འཛུགས་ཀྱི་ལས་ཀར་འགོ་ཁྲིད་བྱ་རྒྱུ་བཅས་ཡིན།

    དོན་ཚན་ཞེ་དགུ་པ། ཏང་ཙུའུ་ཡི་ཁོངས་མི་ནི་ཏང་ཙུའུ་འཛུགས་རྒྱུར་ཆོག་མཆན་འགོད་མཁན་ཏང་གི་རྩ་འཛུགས་ཀྱིས་གཏན་འཁེལ་བྱ་རྒྱུ་དང་། ཏང་ཙུའུ་ཡི་ནང་ཧྲུའུ་ཅི་བཀོད་སྒྲིག་བྱ་རྒྱུ་དང་། དགོས་པ་བྱུང་ཚེ་ཧྲུའུ་ཅི་གཞོན་པའང་བཀོད་སྒྲིག་བྱས་ཆོག

    ཏང་ཙུའུ་ཡིས་ངེས་པར་དུ་རང་ཉིད་བཙུགས་འཐུས་ཀྱི་ཆོག་མཆན་འགོད་མཁན་ཏང་གི་རྩ་འཛུགས་ཀྱི་འགོ་ཁྲིད་ལ་བརྩི་བཀུར་ཞུ་དགོས།

    དོན་ཚན་ལྔ་བཅུ་པ། རང་གི་ཁོངས་སུ་གཏོགས་པའི་སྡེ་ཚན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་པའི་རྒྱལ་ཁབ་ལས་དོན་སྡེ་ཁག་གིས་ཏང་ཨུད་བཙུགས་ཆོག་ཅིང་། ཏང་ཨུད་འགྲུབ་སྟངས་དང་དེའི་འགན་དབང་། ལས་འགན་བཅས་ནི་ཀྲུང་དབྱང་གིས་ལོགས་སུ་གཏན་འབེབས་བྱ་རྒྱུ།

    ལེའུ་བཅུ་པ། ཏང་དང་གུང་ཁྲན་རིང་ལུགས་གཞོན་ནུ་ཚོགས་པའི་བར་གྱི་འབྲེལ་བ།

    དོན་ཚན་ང་གཅིག་པ། ཀྲུང་གོའི་གུང་ཁྲན་རིང་ལུགས་གཞོན་ནུ་ཚོགས་པ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་སྔོན་ཐོན་གཞོན་ནུ་རྣམས་ཀྱི་མང་ཚོགས་ཀྱི་ཚོགས་པ་ཞིག་དང་། རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་ལག་ལེན་དངོས་ཀྱི་ནང་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་སློབ་སྦྱོང་བྱེད་སའི་སློབ་གྲྭ ཏང་གི་ལས་རོགས་པ་དང་རྗེས་གྲབས་དམག་བཅས་ཡིན། གུང་གཞོན་ཚོགས་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་དང་དུ་ལེན་དགོས། གུང་གཞོན་ཚོགས་པའི་ས་གནས་ཀྱི་རྩ་འཛུགས་རིམ་པ་ཁག་གིས་རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་དང་ལེན་བྱ་རྒྱུ་དང་ཆབས་ཅིག་ཏུ་གུང་གཞོན་ཚོགས་པའི་གོང་རིམ་རྩ་འཛུགས་ཀྱི་འགོ་ཁྲིད་དང་ལེན་བྱ་རྒྱུ།

    དོན་ཚན་ང་གཉིས་པ། ཏང་གི་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གིས་གུང་གཞོན་ཚོགས་པར་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། གཞོན་ནུ་ཚོགས་པའི་ལས་བྱེད་པ་གདམ་གསེས་དང་གསོ་སྦྱོང་བྱ་རྒྱུར་ཡིད་འཇོག་བྱེད་དགོས། གུང་གཞོན་ཚོགས་པས་རྒྱ་ཆེའི་གཞོན་ནུའི་ཁྱད་ཆོས་དང་དགོས་མཁོར་གཞིགས་ཏེ་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་གསར་སྐྲུན་བྱེད་ཤུགས་ཆེན་པོ་ལྡན་པའི་སྒོ་ནས་ལས་ཀ་བྱེད་པར་ཏང་གིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཏེ་གཞོན་ནུ་ཚོགས་པའི་འཕྲལ་སྒྲུབ་རུ་ཁག་གི་ནུས་པ་དང་རྒྱ་ཆེའི་གཞོན་ནུ་དང་འབྲེལ་འདྲིས་བྱེད་པའི་ཟམ་པ་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

    རྫོང་རིམ་པ་དང་རྫོང་རིམ་པ་མན་གྱི་གཞོན་ནུ་ཚོགས་པའི་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གི་ཧྲུའུ་ཅི་དང་། ཁེ་ལས་དང་བྱ་ལས་སྡེ་ཚན་གྱི་གཞོན་ནུ་ཚོགས་པའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ནི་ཏང་ཡོན་ཡིན་ན་རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སུ་ཟུར་ཞུགས་བྱས་ཆོག

    ལེའུ་བཅུ་གཅིག་པ། ཏང་རྟགས་དང་ཏང་གི་དར་ཆ།

    དོན་ཚན་ང་གསུམ་པ། ཀྲུང་གོ་གུང་ཁྲན་ཏང་གི་ཏང་རྟགས་ནི་ཟོར་བ་དང་ཐོ་བ་ལས་གྲུབ་པའི་རི་མོ་ཡིན།

    དོན་ཚན་ང་བཞི་པ། ཀྲུང་གོ་གུང་ཁྲན་ཏང་གི་དར་ཆ་ནི་དར་ཆའི་ངོས་སུ་ཏང་རྟགས་ཀྱི་རི་མོ་གསེར་མདོག་ཅན་དྲུབས་པའི་དར་དམར་ཡིན།

    དོན་ཚན་ང་ལྔ་པ། ཀྲུང་གོ་གུང་ཁྲན་ཏང་གི་ཏང་རྟགས་དང་ཏང་གི་དར་ཆ་ནི་ཀྲུང་གོ་གུང་ཁྲན་ཏང་གི་རྟགས་མཚན་དང་མཚོན་རྟགས་ཡིན། ཏང་གི་རྩ་འཛུགས་རིམ་པ་ཁག་དང་ཏང་ཡོན་ཚང་མས་ཏང་རྟགས་དང་ཏང་གི་དར་ཆའི་བརྗིད་ཉམས་སྲུང་སྐྱོང་བྱེད་དགོས། གཏན་འབེབས་ལྟར་ཏང་རྟགས་དང་ཏང་གི་དར་ཆ་བཟོ་བ་དང་བེད་སྤྱོད་བྱེད་དགོས།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་28ཉིན་འབྱོར་བའི་གློག་འཕྲིན)

    (སྒྲིག་ཡིག་རྩོམ་ཡིག་ཆ་ཚང་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།