དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་མལ་གྲོ་གུང་དཀར་གྱི་གཞི་རིམ་འཐབ་ཕྱོགས་དང་པོར་ཕེབས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-11-07

    ཟླ་11ཚེས་3ཉིན་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་གྱི་གཞི་རིམ་འཐབ་ཕྱོགས་དང་པོར་ཕེབས་ཏེ་འབྲེལ་གཏུགས་ས་ཚིགས་ཀྱི་ལས་བྱེད་མང་ཚོགས་དང་། ཁེ་ལས་ཀྱི་ལས་བཟོ། དགེ་སློབ། དགོན་སྡེའི་གྲྭ་བཙུན་བཅས་ལ་ངོ་འཕྲད་གདོང་ཐུག་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད།

     ལོ་ལྔའི་རིང་བློ་བཟང་རྒྱལ་མཚན་གྱིས་ལོ་ལྟར་བཀྲ་ཤིས་སྒང་ཤང་སྤང་ས་དགོན་དུ་ཕེབས་ནས་དགོན་སྡེ་གསར་གཏོད་དང་དོ་དམ་ལས་དོན་ལ་སྐུལ་འདེད་གཏོང་གི་ཡོད། བློ་བཟང་རྒྱལ་མཚན་གྱིས་ཚང་མ་དང་མཉམ་དུ་ཉེ་འགྲམ་གྱི་འགྱུར་ལྡོག་དང་གོ་བདེ་རྟོགས་སླའི་བྱ་ཐབས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་གནང་ཞིང་། ཁོང་གིས་བོད་ཀྱི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་ནི་ཚང་མས་དངོས་སུ་མཐོང་ཐུབ་པ་ཞིག་ཡིན་པ་དང་ད་ཆའི་ལས་སླ་པོར་བྱུང་བ་ཞིག་མིན་པའི་བདེ་སྐྱིད་ལྡན་པའི་འཚོ་བའི་ཐད་ཚང་མར་མྱོང་ཚོར་ཟབ་མོ་ལྡན་ངེས་རེད། གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་པ་མེད་པས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་བསྐྱོད་ན་བོད་ཀྱི་འབྱུང་འགྱུར་སྔར་བས་འོད་སྟོང་འབར་བ་ཞིག་ཡོང་ངེས་རེད་ཅེས་གསུངས་པ་རེད། བློ་བཟང་རྒྱལ་མཚན་མང་ཚོགས་ཁྲོད་ཕེབས་པ་དང་ཚང་མས་སློབ་སྦྱོང་གི་མྱོང་ཚོར་གཅིག་རྗེས་གཉིས་མཐུད་ངང་ལྷུག་པོར་གླེང་ཞིང་། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཟླ་བ་བཀྲ་ཤིས་དང་། ཁྱུང་པ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཕུན་ཚོགས། གྲོང་མི་བློ་བཟང་ཤེས་རབ་བཅས་ཀྱིས་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ་སྲོག་ཤིང་ལ་དགའ་ཞེན་དང་། མེས་རྒྱལ་ལ་དགའ་ཞེན། ཁྱིམ་གཞིས་ལ་དགའ་ཞེན། འཚོ་བར་དགའ་ཞེན་བཅས་བྱས་ནས་རྒྱལ་ཁབ་ཀྱི་ཁོངས་མི་ཞིག་ཡིན་པའི་འགན་འཁྲི་སྒྲུབ་ཀྱི་ཡིན་ཞེས་ཡིད་ཆེས་ཀྱིས་ཁེངས་པའི་ངང་བཤད།

    རྫོང་གྲོས་ཚོགས་ལྟེ་གནས་སུ་བློ་བཟང་རྒྱལ་མཚན་གྱིས་ཚོགས་ཆེན་བཅུ་དགུ་པའི་འཐུས་མིའི་ངོས་ནས་ལས་ཁུངས་དང་ཤང་གྲོང་དང་། གྲོང་ཚོ་ཨུ་ལྷན་དང་ཁེ་ལས། སྲིད་ཁྲིམས་ཁོངས་གཏོགས། སློབ་གསོ་འཕྲོད་བསྟེན་ཁོངས་གཏོགས་བཅས་ཀྱི་ཏང་ཡོན་ལས་བྱེད་པ་དང་གཞི་རིམ་འཐུས་མི་དང་ངོ་ཐུག་གདོང་འཕྲད་ཀྱིས་ཐུན་མོང་ཐོག་སློབ་སྦྱོང་དང་སྤེལ་རེས་གནང་ཞིང་། སྒྲོག་འགྲེལ་གནང་རིང་བློ་བཟང་རྒྱལ་མཚན་གྱིས“བོད་ཀྱི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ནི་ཇི་ལྟར་བྱུང་བ་ཡིན་ནམ”དང“བོད་ཀྱིས་ཇི་ལྟར་བྱས་ཏེ་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་དགོས་སམ”སོགས་ཀྱི་གནད་དོན་ཐོག་ནས་ཚང་མའི་སྣེ་ཁྲིད་དེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གནང་བའི་ཐུགས་ཁུར་ཕྱིར་དྲན་གནང་བ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཕུན་སུམ་ཚོགས་པའི་ནང་དོན་ལ་དོན་སྙིང་ཟབ་ལ་གོ་བདེ་བའི་ངང་འགྲེལ་བཤད་བསྐྱོན་པ་རེད། བློ་བཟང་རྒྱལ་མཚན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་འགག་རྩ་ནི་གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། ཏན་ཏིག་དོན་འཁྱོལ་བཅས་བྱ་རྒྱུ་དེ་ཡིན། མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་ཟུང་འབྲེལ་དམ་ཟབ་དང་ནང་དོན་གསལ་རྟོགས་ཐུབ་པ་བྱེད་དགོས། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་འགྱུར་ལྡོག་བྱུང་བའི་ཁྱད་ཆོས་གསར་པ་ཁོང་དུ་གཏིང་ཟབ་ཆུད་པ་བྱེད་པ་དང་བོད་ཀྱི་དམིགས་བསལ་འགལ་ཟླ་ཡུན་རིང་གནས་རྒྱུ་ཡིན་པ་བློ་ལ་བརྟན་པོ་ངེས་ཏེ་འཕེལ་རྒྱས་དང་བརྟན་ལྷིང་ཕྱོགས་གཉིས་ཀར་དམ་འཛིན་བྱས་ནས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་གསུངས། ངོ་ཐུག་གདོང་འཕྲད་ཀྱི་སྒྲོག་འགྲེལ་ལ་ཐུན་མོང་གི་ངོས་འཛིན་གཅིག་མཐུན་བྱུང་ནས་ཚོགས་ཁང་ནང་ཐལ་མོའི་རྡེབ་སྒྲ་ཆེན་པོ་གྲགས་པ་རེད།

    2016ལོར་བསྐྲུན་པའི་རྒྱ་མ་ཁྲི་ཁང་གྲོང་ཚོའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་སུ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲིལ་བསྒྲགས་སྦྱར་ཡིག་ཤིན་ཏུ་མངོན་གསལ་དོད་པ་དང་སྨན་དོན་དང་རིག་གནས་སོགས་གཞི་རྩའི་ཞབས་ཞུའི་ནུས་པ་ཆ་ཚང་འཛོམས་ཡོད། བློ་བཟང་རྒྱལ་མཚན་ལ་དེ་ནས་ཁོང་གི“གཉེན་ཉེ”བཀྲ་ཤིས་དང་སྒྲོལ་དཀར་འཕྲད། བློ་བཟང་རྒྱལ་མཚན་གྱིས་ཁོང་གཉིས་པོའི་ཁྱིམ་ཚང་འཚོ་བ་དང་ཕྲུ་གུའི་སློབ་སྦྱོང་གནས་ཚུལ་བྱམས་བརྩེའི་ངང་བཀའ་འདྲི་གནང་། དེ་རྗེས་ཁྲི་ཁང་གྲོང་ཚོའི་གསར་དུ་བརྒྱབ་པའི་ཚོགས་ཁང་དུ་ཕེབས་ཏེ་གྲོང་གསེབ་ཀྱི་ལས་བྱེད་པ་དང་། མང་ཚོགས། སློབ་མ་བཅས་དང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་མྱོང་ཚོར་སྤེལ་རེས་དང་སློབ་སྦྱོང་གནང་། བློ་བཟང་རྒྱལ་མཚན་གྱིས་དངོས་སྒྲུབ་བྱས་ན་དར་རྒྱས་ཡོང་ཐུབ། སྒུག་ནས་བསྡད་ན་འབྱོར་འབྲིང་མངོན་འགྱུར་ཐུབ་མི་སྲིད། བདེ་སྐྱིད་ལྡན་པའི་འཚོ་བ་ནི་ལས་ལ་བརྩོན་པའི་ལག་གཉིས་ལས་བྱུང་བ་ཞིག་ཡིན་པ་དེ“ཁ་བཤད་ཆུ་ཡི་ལྦུ་བ། ལག་ལེན་གསེར་གྱི་ཐིགས་པ”ཞེས་པའི་གཏམ་དཔེ་ལྟར་རེད། ང་ཚོས་ཀྲུང་དབྱང་གི་ཐུགས་ཁུར་དང་། རྒྱལ་ཡོངས་ཀྱི་རྒྱབ་སྐྱོར། རང་ངོས་ཀྱི་དཀའ་སྤྱད་འབད་འཐབ་བཅས་ཟུང་འབྲེལ་བྱས་ཏེ་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་དང་ཁྱད་ལྡན་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་བྱེད་པ་སོགས་ཀྱི་གོ་སྐབས་དམ་འཛིན་བྱས་ཐོག་སྙིང་སྟོབས་ཆེར་སྐྱེད་དང་ལས་སྒྲུབ་ལས་གཏོད་ཀྱིས་མི་དམངས་ཀྱི་འཚོ་བ་ཕྱུག་པོ་ནས་སྟོབས་འབྱོར་ལྡན་པའི་བར་མཆོང་སྐྱོད་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    རྒྱ་མ་ཤང་ཙི་ཙི་རོང་གྲོང་ཚོའི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས་ས་ཚིགས་ཀྱི་མཚོ་ཚེ་རིང་ཁྱིམ་དུ་གཙོ་འཛིན་མི་རབས་ལྔའི་སྐུ་པར་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་གཅིག་སེམས་གཅིག་འབྲེལ་གྱི་སྐུ་པར་ཁྱིམ་གྱི་གལ་ཆེ་སར་བཀལ་ཡོད། བློ་བཟང་རྒྱལ་མཚན་གྱིས་ཁང་པ་ཚང་མའི་ནང་ཕེབས་ཏེ་འཚོ་བའི་གནས་ཚུལ་ལ་གཟིགས་པ་དང་། ཡོང་འབབ་ཇི་འདྲ་ཡོད་པ་བཀའ་འདྲི་གནང་བ། ཁྱིམ་མི་ཚོའི་ལས་ཀ་གང་འདྲ་ཡོད་མེད་མཁྱེན་རྟོགས་གནང་། ཁོང་གིས་ཚང་མས་གནས་སྤོས་དབུལ་སྐྱོར་དང་། ཐོན་ལས་དབུལ་སྐྱོར། སྲིད་ཇུས་དབུལ་སྐྱོར་བཅས་བརྒྱུད། ད་ཆ་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་པ་དང་གྲོང་མིའི་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་ཕྱིན་ནས་གྲོང་ཁྱེར་གྱི་འཚོ་བ་དང་ཁྱད་མེད། ཁྱེད་ཚོའི་ཁྱིམ་ཚང་གི་འགྱུར་ལྡོག་ཆེན་པོ་ནི་བོད་འདི་ཉིད་ཉེ་བའི་ལོ་ཤས་རིང་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པའི་གསོན་ཉམས་ལྡན་པའི་བསྡུས་རིས་ཤིག་ཡིན་པས་ང་སེམས་གཏིང་ནས་དགའ་པོ་བྱུང་ཞེས་གསུངས། མཚོ་ཚེ་རིང་གིས་འཚོ་བ་ཡག་པོ་ནི་ཏང་གི་སྲིད་ཇུས་བཟང་པོ་ལས་བྱུང་བ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག་མི་སེར་ཚོའི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་ཡོང་རྒྱུ་ཡིན་པ་ང་ཚོར་ཡིད་ཆེས་ཆེན་པོ་ཡོད་ཅེས་སེམས་འགུལ་ཟབ་མོ་ཐེབས་པའི་ངང་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།