དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ཉིང་ཁྲི་གྲོང་ཁྱེར་དུ་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛次仁   |     སྤེལ་དུས།  2017-10-14

     ཉིན་ཤས་གོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དང་། སྤོ་བོ་རྫོང་། མེ་ཏོག་རྫོང་། སྨན་གླིང་རྫོང་། སྣང་རྫོང་སོགས་སུ་ཕེབས་ནས་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་དོན་འཁྱོལ་བྱ་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ་རེད། གྲོང་སྡོད་དགོན་སྡོད་ཀྱི་ལས་དོན་མཁྱེན་རྟོགས་ཞིབ་ཕྲ་གནང་རྗེས་འཐབ་ས་དང་པོའི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འབྲེལ་འཚམས་འདྲིའང་གནང་བ་རེད། ཁོང་གིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་ཏན་ཏིག་གཏོང་བ་དང་། བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་ཚགས་ཚུད་ཡོང་བ་བྱེད་པ། སྔ་ཙམ་དམ་འཛིན་དང་། ཆུང་ཙག་ནས་དམ་འཛིན། དོན་དངོས་དམ་འཛིན་བཅས་བྱས་ཏེ་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་ནས་གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

    སྤོ་བོ་རྫོང་རྡོ་དུང་དགོན་དང་། བྲག་ཡིབ་ཆུས་བླ་མ་གླིང་དགོན། སྣང་རྫོང་བམ་རི་ཆོས་སྡེ་དགོན་བཅས་སུ་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད་པ་དང་། དགེ་འདུན་པ་ཚོས་རང་སྐྱོང་ལྗོངས་ཀྱིས་དགོན་ཕན་གྲྭ་ཕན་སྲིད་ཇུས་བཏོན་པ་ལས་ཚང་མར་དྲོ་སྐྱིད་དེ་བས་མང་བ་ཚོར་བས་རྒྱལ་གཅེས་ཆོས་གཅེས་ཀྱི་ལམ་བུའི་ཐོག་རྒྱུན་སྲིང་ལྷོད་མེད་ངང་བསྐྱོད་ངེས་ཡིན་ཞེས་བརྗོད་ཡོད། ཀྲོང་ཡན་གྱིས་རྡོ་དུང་དགོན་དང་། བླ་མ་གླིང་དགོན། བམ་རི་ཆོས་སྡེ་དགོན་བཅས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་ལྡན་ཡོད་པས་རྒྱ་ཆེའི་གྲྭ་བཙུན་ཚོས་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་སྲོག་ཤིང་ལ་བརྩི་བཀུར་དང་། རྒྱལ་གཅེས་ཁྲིམས་སྲུང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱས་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་རང་རྟོགས་ངང་བཀག་འགོག་མཐའ་གཅིག་ཏུ་བྱས་ནས་དད་ལྡན་མང་ཚོགས་ཚོས་སེམས་ནུས་དེ་བས་མང་བ་ཐོན་སྐྱེད་གོང་འཕེལ་དང་དཀའ་སྤྱད་ཕྱུག་འགྱུར་ཐོག་འདོན་རྒྱུར་སློབ་གསོ་དང་ཁྲིད་སྟོན་གྱིས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཁོང་གིས་དགོན་སྡོད་ལས་བྱེད་པས་ཆོས་ལུགས་ལས་དོན་སྐོར་གྱི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་དང་བྱེད་ཕྱོགས་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། “ཁྲིད་སྟོན”ཐད་གཙོ་གནད་ཐོག་ཤུགས་སྣོན་རྒྱག་པ། དོ་དམ་དང་། ཞབས་ཞུ། ཁྲིད་སྟོན་བཅས་ཀྱི་འགན་འཁྲི་ཆེ་རུ་གཏོང་བ། ཆོས་ལུགས་ལས་དོན་ལ་ཁྲིམས་བཞིན་དོ་དམ་བྱེད་པ་དང་ཞབས་ཞུར་དོ་དམ་བྱེད་རིང་དགོན་སྡེའི་གྲྭ་བཙུན་ཚོས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་དངོས་སུ་ཚོར་བ་དང་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་བྱས་ནས་ཆོས་ལུགས་འཆམ་མཐུན་དང་སྤྱི་ཚོགས་ཞི་མཐུན་ཡོང་བ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    མེ་ཏོག་རྫོང་གུང་རི་གྲོང་ཚོ་དང་། དམག་སྡེ་གྲོང་ཚོ། མེ་ཏོག་གྲོང་ཚོ། རྣམ་རྒྱལ་སྒང་གྲོང་ཚོ། སྨན་གླིང་རྫོང་གི་བམ་གྲོང་གྲོང་ཚོ་དང་། བདེ་སྐྱིད་གྲོང་གསར་བཅས་སུ་ཀྲོང་ཡན་གྱིས་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་དང་གླེང་མོལ་གནང་སྟེ་ས་གནས་ཡུལ་མིའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། གྲོང་ཚོའི་ནང་བརྟན་ལྷིང་ཞི་མཐུན་དང་། འབྱོར་འབྲིང་ཁང་གསར་བདེ་འཇགས་སྤྱོད་གོ་ཆོད་པ། ཆུ་གློག་ལམ་འཕྲིན་སོགས་ལེ་ལག་ཚང་བའི་སྒྲིག་ཆས་ཀྱང་སྔ་རྗེས་སུ་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པ་མ་ཟད། ཐོན་ལས་གོང་འཕེལ་བརྒྱུད་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་ཆེན་པོ་བྱུང་བ་མཁྱེན་རྗེས་ཀྲོང་ཡན་དགྱེས་ཚོར་ཆེན་པོ་བྱུང་ཡོད། ཁོང་གིས་མིག་རྒྱང་རིང་པོས་འབྱོར་འབྲིང་གྲོང་ཚོ་བསྐྲུན་རྒྱུར་ལྟ་སྟངས་ཡང་དག་འཛིན་ཏེ་འཆར་འགོད་ཡག་པོ་བྱས་ནས་གྲོང་ཚོ་རེར་སྤུས་རྟགས་རེ་དང་། གོ་རིམ་ལྡན་པ། རང་རང་གི་ཁྱད་ཆོས་ལྡན་པ་བཅས་ཀྱི་འཆར་འགོད་འཛུགས་སྐྲུན་བྱ་རྒྱུ་དེ་རྒྱུད་རིམ་ཧྲིལ་པོར་ཁྱབ་རྒྱུ་མཐའ་འཁྱོངས་བྱས་ནས་འཛུགས་སྐྲུན་གྱི་སྤུས་ཚད་ལ་དོ་སྣང་གིས་རྣམ་གྲངས་འཛུགས་སྐྲུན་ལ་ལོ་རྒྱུས་དང་། མི་དམངས། ལག་ལེན་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། དུས་མཚུངས་ཐོན་ལས་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་བཏང་ནས་གྲོང་ཚོ་ཚང་མར་ཐོན་ལས་རེ་ཡོད་པའི་བརྩོན་ལེན་བྱས་ཏེ་མང་ཚོགས་ཚོ་ཐག་ཉེ་སར་ལས་ཞུགས་ཐུབ་པ་དང་འབབ་འཕར་ཕྱུག་འགྱུར་ཡོང་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཀྲོང་ཡན་གྱིས་རིམ་ཁག་གི་སྡེ་ཚན་ཁག་དང་ལྷག་པར་དུ་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཆབ་སྲིད་ལ་སྣང་ཆེན་དང་། སྤྱི་ཡོངས་ལ་སྣང་ཆེན། སྒྲིག་ལམ་ལ་སྣང་ཆེན། འགན་འཁྲི་འཁུར་རྒྱུར་སྣང་ཆེན་བཅས་བྱས་ནས་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ་དང་། ལས་ཀའི་སྒྲིག་ཁྲིམས་ནན་དུ་གཏོང་བ། སྡོད་བྱའི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱ་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་སྒོ་ནས་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་བྱེད་ཐུབ་པ་བྱས་ཏེ་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་དང་བྱ་ཐབས་ཁག་ཇི་མ་ཇི་བཞིན་དོན་འཁྱོལ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།