དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ཉིང་ཁྲིའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-10-09

    ཟླ་10ཚེས་4དང་5ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་དང་བྲག་ཡིབ་ཆུས་སུ་བརྟན་ལྷིང་སྲུང་སྐྱོང་དང་བདེ་སྲུང་ལས་ཀའི་གནས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བར་ཕེབས་པ་དང་། ལས་གནས་བརྟན་སྲུང་བྱེད་མཁན་གྱི་ལས་སྒྲུབ་མི་སྣ་དང་ལས་རེས་མི་སྣར་གཟིགས་པ་དང་འཚམས་འདྲི་གནང་བ། མིག་སྔའི་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་སྐོར་གྱི་སྙན་ཞུ་གསན་པ་དང་ཆབས་ཅིག་དུས་ཆེན་རིང་ལས་གནས་བརྟན་སྲུང་དང་ལས་ཀ་མུ་མཐུད་བྱས་ཏེ་ཉིང་ཁྲི་གྲོང་ཁྱེར་གྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཆེད་དཀའ་སྤྱད་འབད་འཐབ་བྱེད་མཁན་རྒྱ་ཆེའི་ལས་སྒྲུབ་དཔོན་དམག་དང་། སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ། ལས་བྱེད་ལས་བཟོ་བཅས་ལ་བྱམས་བརྩེའི་འཚམས་འདྲི་གནང་ཞིང་། ཁོང་གིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་མིག་སྔའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་དོན་འཁྱོལ་ནན་ཏན་བྱེད་པ་དང་། ལྷག་བསམ་རྣམ་དག་གིས་འགན་འཁྲི་ཁུར་བ་དང་ཚད་མཐོའི་དོགས་ཟོན་བྱེད་པ་དང་དུས་དང་རྣམ་པ་ཀུན་ཏུ་འཕྲལ་སྡོམ་ལས་དོན་སྤེལ་ཏེ་བརྟན་ལྷིང་སྲུང་སྐྱོང་དང་འཕྲལ་སྡོམ་ཐག་གཅོད་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།

    ལྷ་ས་ནས་རླངས་འཁོར་བཞུགས་ཏེ་སྤྱི་ལེ་200ཙམ་ཕེབས་རྗེས་ཀྲོང་ཡན་གསུམ་མདོ་ཞིབ་བཤེར་ས་ཚིགས་སུ་ཕེབས་ནས་ཞིབ་བཤེར་ས་ཚིགས་ཀྱི་ལས་སྒྲུབ་གྲ་སྒྲིག་དང་། མཉམ་འགོག་སྐོར་གཡེང་། འཕྲལ་སྡོམ་ཐག་གཅོད། ཞབས་ཞུ་དོ་དམ་སོགས་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ནས་ཞིབ་བཤེར་ས་ཚིགས་ཀྱི་ལས་སྒྲུབ་མི་དམངས་ཉེན་རྟོག་པས་ལས་དོན་ཞིབ་ཚགས་སྤེལ་བར་ཁས་ལེན་གང་ལེགས་གནང་བ་རེད། ཟླ་མཆོད་དུས་ཆེན་གྱི་སྐབས་དང་འཁེལ་བས་ཀྲོང་ཡན་གྱིས་ད་དུང་མི་དམངས་ཉེན་རྟོག་པར་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་དང་ཆབས་ཅིག་ཚང་མར་སྣང་མེད་ལྷོད་གཡེང་གི་བསམ་བློ་ཁྱད་བསད་བྱེད་པ་དང་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་དོགས་ཟོན་བྱས་ཏེ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གང་ཡང་མི་ཐོན་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཉིང་ཁྲི་གྲོང་ཁྱེར་འགྲུལ་སྐྱེལ་བབས་ཚུགས་སུ་ཀྲོང་ཡན་སྔ་རྗེས་སུ་བདེ་འཇགས་ཞིབ་བཤེར་བྱེད་ས་དང་། སྤ་སེ་འཚོང་སའི་ཚོམས་ཆེན། ལྟ་སྐུལ་ཚོད་འཛིན་ལྟེ་གནས། རླངས་འཁོར་སྒུག་སའི་ཚོམས་ཆེན། རླངས་འཁོར་བབས་ཚུགས་བཅས་སུ་ཕེབས་ནས་བདེ་འཇགས་སྒྲིག་བཀོད་དང་། བདེ་འཇགས་དོ་དམ། འཁོར་རིགས་འགྲོ་འོང་། ཐོན་སྐྱེད་སྒྲུབ་རིམ་སོགས་གནས་ཚུལ་ལ་གཟིགས་ཞིབ་གནང་བ་རེད།

    ཀྲོང་ཡན་གྱིས་འགྲིམ་འགྲུལ་གྱི་ལྟེ་བའི་ཁུལ་སོགས་མི་ཚོགས་མང་ས་ནི་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་གཙོ་གནད་ཡིན་པས་བདེ་འཇགས་ཀྱི་འདུ་ཤེས་སྐར་ཆ་ཙམ་ཡང་ལྷོད་གཡེང་གཏོང་མི་རུང་ལ་བདེ་འཇགས་ཀྱི་ལྷུ་ཚིགས་གཅིག་ཀྱང་ལུས་མི་རུང་། བདེ་འཇགས་ཀྱི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་བདེ་འཇགས་སྒྲིག་བཀོད་ལ་ཞིབ་བཤེར་ཞིབ་དཔྱད་ནན་ཏན་ངང་ཡག་པོ་བྱས་ཏེ་ཚོད་འཛིན་ལྟ་སྐུལ་གྱི་བྱ་ཐབས་དང་སྟོབས་ཤུགས་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཀྲོང་ཡན་གྱིས་མིག་སྔར་རང་ལྗོངས་ཀྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་བརྟན་ལྷིང་སྲུང་སྐྱོང་དང་བདེ་སྲུང་ལས་དོན་ཁྱོན་ཡོངས་ནས་འགག་སྒྲོལ་དུས་མཚམས་སུ་སླེབས་པས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞན་ཆ་གསབ་པ་དང་ཕྱོགས་བསྡུས་ཐབས་ཇུས་ལག་བསྟར་གྱིས་ལས་ཀའི་བྱ་ཐབས་ཁག་ལ་སླར་ཡང་ཞིབ་བཤེར་དང་སླར་ཡང་དོན་འཁྱོལ་བྱེད་པ་དང་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་ཟངས་གྱང་ལྕགས་རྩིག་ཕྱོགས་ཡོངས་ནས་བརྟན་པོ་བཙུགས་ཏེ་དམངས་འཚོའི་ཁྱབ་ཁོངས་གལ་ཆེན་ལ་གནད་དོན་མི་ཐོན་པའི་འགན་ལེན་མཐའ་གཅིག་ཏུ་བྱེད་པ་དང་། ཚན་པ་ཁག་གི་ནང་ངོས་བདེ་འཇགས་འགན་ལེན་མཐའ་གཅིག་ཏུ་བྱེད་པ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་འགན་ལེན་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ་ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།