དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་ནག་ཆུར་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-10-07

    ཟླ་10ཚེས་1ནས་4ཉིན་བར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་འབྲི་རུ་དང་། སྦྲ་ཆེན། སོག་རྫོང་། ནག་ཆུ་གྲོང་རྡལ་བཅས་སུ་ཕེབས་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་ཞིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཚབ་ཞུས་ནས་གཞི་རིམ་གྱི་ལས་བྱེད་པ་དང་། ལས་རིགས་ཁག་གི་མང་ཚོགས། སློབ་གྲྭའི་དགེ་སློབ། དགོན་སྡེའི་དགེ་འདུན་པ། ལས་སྒྲུབ་དཔོན་དམག སྲིད་ཁྲིམས་ཀྱི་ལས་བྱེད་ཉེན་རྟོག གྲོང་སྡོད་རུ་མི། དགོན་སྡོད་ལས་བྱེད་པ། དཔའ་བོའི་མི་རབས་རྗེས་མ། ཏང་ཡོན་རྒན་གྲས། ལས་བྱེད་པ་རྒན་གྲས། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བཅས་ལ་གཟིགས་པ་དང་འབྲེལ་འཚམས་འདྲི་ཡང་གནང་བ་རེད།

    འབྲི་རུ་རྫོང་གི་ལྟ་སྨོན་དགོན་དང་བན་དཀར་དགོན་དང་། སྦྲ་ཆེན་རྫོང་གི་སྤ་ཚང་དགོན། སོག་རྫོང་གི་ཙན་དན་དགོན། ནག་ཆུ་གྲོང་རྡལ་གྱི་ཞབས་རྟེན་དགོན་བཅས་ཀྱི་རྒྱལ་སྒོའི་ཐོག་རྒྱལ་དར་བཙུགས་པ་དང་དགེ་འདུན་པ་ཚོས་རུ་སྒྲིག་སྟེ་ཕེབས་བསུ་ཞུས་ནས་བསྡད་ཡོད། ད་དུང་དགོན་སྡེ་དོ་དམ་ཨུ་ལྷན་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་གཅིག་སེམས་གཅིག་སྦྲེལ་གྱི་སྐུ་པར་བཀལ་བ་བཅས་ལས་དགེ་འདུན་པ་ཚོས་ཏང་དང་སྲིད་གཞུང་ལ་བཅངས་པའི་ཐུགས་རྗེའི་སེམས་པ་མཚོན་ཐུབ། བློ་བཟང་རྒྱལ་མཚན་གྱིས་རྒྱ་ཆེའི་དགོན་སྡེ་ཁག་ལ་དགའ་འོས་པའི་འགྱུར་ལྡོག་འགྲོ་བཞིན་པ་དེ་ཐོག་ནས་ལྗོངས་ཏང་ཨུད་ཀྱིས་དགོན་སྡེ་དོ་དམ་གྱི་བྱེད་ཐབས་ཁག་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པ་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་དང་བོད་བརྒྱུད་ནང་བསྟན་དང་དེ་བཞིན་བོན་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་བྱུང་ཚེ་གཞི་ནས་ཞི་མཐུན་ཡོང་ཐུབ་པ་མཚོན་ཐུབ།

    རྒྱ་ཆེའི་དགོན་སྡེ་དང་དགེ་འདུན་པ་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བའི་རྩ་བའི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་རྗེས་སུ་འབྲངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་སྐྱོད་པ་དང་། རྒྱལ་གཅེས་ཆོས་གཅེས། སྲོག་ཤིང་ལ་དགའ་གཅེས། སྒྲིག་བཀུར་ཁྲིམས་སྲུང་། རྒྱལ་སྲུང་དམངས་གཅེས་བཅས་བྱས་ནས་དགོན་སྡེའི་ཞི་མཐུན་བརྟན་ལྷིང་གི་དངོས་ཡོད་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་གསུངས་པ་རེད།

    འབྲི་རུ་རྫོང་བན་དཀར་དགོན་དང་། རྩ་ལ་ཤང་། ནག་ཆུ་གྲོང་རྡལ་གྱི་དར་ཆ་ལྷ་མོ་གྲོང་ལྷན་བཅས་སུ་སྐྱོད་སྐབས། བློ་བཟང་རྒྱལ་མཚན་གྱིས་ཤང་གྲོང་རྡལ་གྱི་ལས་བྱེད་པ་དང་། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་ཁོངས་མི། གྲོང་སྡོད་རུ་མི་བཅས་ལ་གཟིགས་པར་ཕེབས་ཤིང་། ཁོང་གིས་རྒྱ་ཆེའི་གཞི་རིམ་ལས་བྱེད་པ་ཚོས་ངར་ཤུགས་ཆེ་ཤོས་འཕེལ་བ་བྱེད་དགོས་པ་མ་ཟད། མང་ཚོགས་ཁྲོད་བསྐྱོད་དེ་མང་ཚོགས་སྐུལ་སློང་བྱས་ནས་གསར་བརྗེ་དང་འཐབ་རྩོད་ཀྱི་རྒྱལ་སྟོན་དུས་ཆེན་ཞིག་དང་ཟླ་མཆོད་དུས་ཆེན་ཞིག་གཏོང་བའི་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་རྦད་དེ་ལྷག་བསམ་རྣམ་དག་བྱེད་པའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཚོགས་ཆེན་བཅུ་དགུ་པའི་རིང་གི་རང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་བདེ་སྲུང་གི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་ཞེས་བླང་བྱ་བཏོན་པ་རེད།

    རྩྭ་ཐང་གི་དཔའ་བོ་བུ་བདེའི་བྱས་རྗེས་ལས་མི་རབས་ནས་མི་རབས་ལ་ཤུགས་རྐྱེན་ཐེབས་ཡོད། བྲག་ཆེན་རྫོང་དུ་བློ་བཟང་རྒྱལ་མཚན་བུ་བདེའི་བཟའ་ཟླ་གྲགས་པའི་ཁྱིམ་དུ་ཕེབས་ཏེ་དཔའ་བོའི་སྐུ་པར་ལ་གཟིགས་པ་དང་འབྲེལ་བུ་བདེའི་ནང་མིར་འཚམས་འདྲི་ཡང་ཞུས་པ་རེད། བློ་བཟང་རྒྱལ་མཚན་གྱིས་བློ་མཐུན་བུ་བདེ་ནི་རྒྱལ་ཡོངས་སུ་སྙན་གྲགས་ཁྱབ་པ་དང་བོད་ཀྱི་ཁྱིམ་ཚང་མི་རེ་ངོ་རེས་ཤེས་པའི་དཔའ་བོ་རྙིང་པ་ཞིག་ཡིན་ལ་རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་ཞིག་ཀྱང་ཡིན། དཔའ་བོའི་མི་རབས་རྗེས་མ་དང་། བྲག་ཆེན་དང་བྱང་ཐང་གི་མི་དམངས། བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་བློ་མཐུན་བུ་བདེའི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་མུ་མཐུད་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་བློ་བརྟན་འགྱུར་མེད་ཀྱིས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས། ཁོང་གིས་ད་དུང་ཏང་ཡོན་རྒན་གྲས་རྡོ་ནན་དང་། ལས་བྱེད་པ་རྒན་གྲས་ཚེ་རིང་སྲིད་དར། སོག་རྫོང་དུ་འཚོ་བ་སྐྱེལ་བཞིན་པའི་གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རིག་འཛིན་ཆོས་གྲགས་ལ་ཡང་གཟིགས་པ་རེད།

    འབྲི་རུ་རྫོང་གི་ཤག་ཆུ་ཁ་མངགས་གཏོང་ཁང་དང་། སྤྱི་བདེའི་ཞིབ་བཤེར་ས་ཚིགས། རླན་ཆུ་ཤང་མངགས་གཏོང་ཁང་། འབྲི་རུ་རྫོང་བརྟན་ལྷིང་སྲུང་སྐྱོང་པུའུ། ནག་ཆུ་གྲོང་རྡལ་དབྱར་རྩྭ་དགུན་འབུ་ཁྲོམ་རའི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས། སོག་རྫོང་དྲག་ཆས་ཉེན་རྟོག་རུ་འབྲིང་བཅས་སུ་བློ་བཟང་རྒྱལ་མཚན་གྱིས་འཐབ་ཕྱོགས་དང་པོའི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་དཔོན་དམག་ལ་བྱམས་བརྩེའི་ངང་གཟིགས་པ་དང་འབྲེལ་འཚམས་འདྲི་ཡང་ཞུས་པ་རེད། ཁོང་གིས་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་དཔོན་དམག་ཚོས་དུས་རྟག་ཏུ་འཕྲལ་སྡོམ་ཐག་གཅོད་ཀྱི་གྲ་སྒྲིག་ཡག་པོ་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་ཏང་གི་བཀའ་ལ་ཉན་པ་དང་། རྒྱལ་ཁ་ལེན་ཐུབ་པ། སྤྱོད་ཚུལ་བཟང་བ་བཅས་ཐུབ་པ་དང་དཔའ་ངར་ཆེ་སྐྱེད་ཀྱི་འཐབ་སེམས་དང་། ངང་ཚུལ་བཟང་བ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་སྒོ་ནས་བརྟན་ལྷིང་སྲུང་སྐྱོང་གི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་དང་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་ཞེས་ནན་བཤད་གནང་བ་རེད།

    ཚེས་3ཉིན་གྱི་ཕྱི་དྲོ་བློ་བཟང་རྒྱལ་མཚན་ནག་ཆུ་ས་ཁུལ་གྱི་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་བའི་སྐུལ་སློང་ཚོགས་ཆེན་ལ་ཞུགས་ཤིང་། ཁོང་གིས་འགག་རྩའི་དུས་སུ་འགན་འཁྲི་ཁུར་མིན་ལ་ལྟ་དགོས། རིམ་ཁག་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཚོས་ཡིན་མིན་ཆེན་པོའི་ལངས་ཕྱོགས་དབྱེ་འབྱེད་བྱེད་སྐབས་ངེས་པར་དུ་རིགས་པ་དྭངས་གསལ་དང་། མི་རིགས་མཐུན་སྒྲིལ་གྱི་བྱ་སྤྱོད་ལ་སྲུང་སྐྱོང་བརྟན་པོ་བྱེད་པ། མི་རིགས་ཁག་གི་མང་ཚོགས་ལ་ལྷག་བསམ་ཟོལ་མེད་ཀྱི་བརྩེ་བ་འཆང་བ། ཚོགས་ཆེན་བཅུ་དགུ་པའི་བརྟན་ལྷིང་སྲུང་སྐྱོང་དང་བདེ་སྲུང་གི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་བཅས་བྱས་ཏེ“གནད་དོན་ཆེ་འབྲིང་ཆུང་གསུམ་གང་ཡང་མི་ལྷག་པའི”ལས་ཀའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།