དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་ནག་ཆུར་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-10-03

    439609_yis_1506919615021.jpg

    འདི་ནི་ཟླ་9ཚེས་30ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ནག་ཆུ་ས་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་རུ་སྤྱི་བདེ་ལས་བྱེད་ཉེན་རྟོག་པར་གཟིགས་པ་དང་འཚམས་འདྲི་གནང་བཞིན་པ།

    ཟླ་9ཚེས་30ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་ནག་ཆུ་ས་ཁུལ་གྱི་ལམ་སྐྱོང་རུ་ཆེན་དང་། བཀོད་འདོམས་ལྟེ་གནས། ཉེན་རྟོག་ཞབས་ཞུ་ས་ཚིགས། ཡིག་བསྐུར་ངོ་བཅར་སྡེ་ཚན་བཅས་ལ་ཕེབས་པ་མ་ཟད། གཞི་རིམ་དང་ས་གནས་ས་ཐོག་ཏུ་ཕེབས་ནས་བབ་བསྟུན་ཟུར་བཤེར་དང་ངོ་ཐུག་གདོང་འཕྲད་དེ་གནས་ཚུལ་ངོ་མ་དང་གནད་དོན་ལ་བརྟག་དཔྱད་གནང་ཁར་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་ཡུལ་དངོས་སུ་ལྟ་སྐུལ་མཛུབ་ཁྲིད་ཀྱང་གནང་ཞིང་། བརྟན་ལྷིང་སྲུང་སྐྱོང་གི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་མཁན་ལས་བྱེད་ལས་བཟོ་དང་། དཔུང་སྡེའི་དཔོན་དམག སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ། ལམ་སྐྱོང་རུ་མི་བཅས་ལ་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་ཡང་གནང་བ་རེད།

    མེ་འཁོར་ནས་བབས་མ་ཐག་བློ་བཟང་རྒྱལ་མཚན་ནག་ཆུ་རྫོང་འོ་མ་དེང་དགེའི་ལམ་སྐྱོང་རུ་ཆེན་དུ་ཕེབས་ནས་ལམ་རྒྱུད་སྐོར་གཡེང་དང་། མི་མངོན་པའི་རྐྱེན་ངན་གྲལ་བཤེར། སྒར་ཁུལ་འཛུགས་སྐྲུན། ཏང་འཛུགས་སྐྱོང་ལས་དོན་བཅས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་ལྕགས་ལམ་གྱི་བདེ་འཇགས་དེ་ལྗོངས་ཡོངས་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད། ལམ་སྐྱོང་རུ་མིས་ལམ་ཉིད་ཁྱིམ་གཞིས་སུ་བྱས་པ་དང་ལམ་སྐྱོང་ལས་ཀར་བརྩིས་པས་ལྕགས་ལམ་གྱི་སྲུང་དམག་ཅེས་གྲགས་ཡོད། ལམ་སྐྱོང་མཉམ་འགོག་ལས་དོན་གྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་བཏང་ནས་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་ཆེན་པོ་དང་འགོག་སྲུང་ནན་པོ་བྱས་ཏེ་ལམ་སྐྱོང་མཉམ་འགོག་ལས་དོན་གྱི་བྱེད་ཐབས་ཁག་ཁྱོན་ཡོངས་ནས་དོན་འཁྱོལ་དང་ལྕགས་ལམ་གྱི་དབང་རྩའི་བདེ་འཇགས་ཤར་གཏོང་ལ་འགན་ལེན་གང་ནུས་བྱེད་དགོས་ཞེས་གསུངས།

    ས་ཁུལ་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་རུ་བློ་བཟང་རྒྱལ་མཚན་གྱིས་ནག་ཆུའི་རྫོང་11དང་བརྙན་ལམ་འབྲེལ་མཐུད་དང་། མིང་འདོན་གྱིས་ལས་གནས་ཞིབ་བཤེར། ལས་རེས་གནས་ཚུལ་ལ་ཞིབ་བཤེར་གནང་བ་རེད། བློ་བཟང་རྒྱལ་མཚན་གྱིས་ལྗོངས་ཡོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་བསུ་བའི་སྐུལ་སློང་ཚོགས་ཆེན་གྱིས་ཚོགས་ཆེན་བཅུ་དགུ་པའི་བདེ་འཇགས་འགན་ལེན་དང་བརྟན་ལྷིང་སྲུང་སྐྱོང་གི་འགན་སྲུང་དམག་འཐབ་ཀྱི་སྐུལ་སློང་དུང་བརྡ་བསྒྲགས་པ་དང་། ཚོགས་ཆེན་བཅུ་དགུ་པའི་རིང་རང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་འགན་ལེན་ལས་དོན་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུའི་སྐུལ་སློང་བཀའ་རྒྱའང་བཏང་ཡོད། ཚོགས་ཆེན་བཅུ་དགུ་པའི་རིང་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་དེང་སྐབས་ཀྱི་ཐམས་ཅད་ལས་ཀྱང་ལྷག་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། བྱ་སྤྱོད་མགྱོགས་པོ་སྤེལ་བ་དང་ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བའི་ངང་ཁྱོན་ཡོངས་ནས་གནས་སྐབས་དམག་འཐབ་ཀྱི་གནས་སྟངས་སུ་འཇུག་དགོས་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པའི་ཆོད་སེམས་བརྟན་པོས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་བཀོད་སྒྲིག་གསར་གཏོད་ལྡན་པ་དང་ཇི་མ་ཇི་བཞིན་ངང་དོན་འཁྱོལ་གང་ལེགས་བྱེད་དགོས་ཤིང་། ནོར་འཛོལ་གཏན་ནས་མེད་པ་དང་ཁྱོན་ཡོངས་ནས་བརྟན་ལྷིང་ཡོང་བར་བྱས་ཏེ་ཚོགས་ཆེན་བཅུ་དགུ་པའི་རིང་གི་བརྟན་ལྷིང་སྲུང་སྐྱོང་དང་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།