དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་སོ་དྲུག་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-09-27

    ཚེས་25ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་སོ་དྲུག་པ་ལྷ་སར་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་སྐར་མ་དང་། བསྟན་འཛིན་རྣམ་རྒྱལ། བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན། ཤིང་རྩ་བསྟན་འཛིན་ཆོས་གྲགས། འོད་ཟེར། ཞུས་ཞུའེ་ཀོང་། ཅུས་ཅན་ཧྭ། ལི་ཝུན་ཧན། ཉི་མ་ཚེ་རིང་། ཀྲང་ཞའོ་ཧྭ། ཅིས་གོ་ཀང་བཅས་དང་དྲུང་ཆེ་ལིའུ་ཀོང་ཤུས་ཕེབས་ཡོད་པ་རེད།

    ཚོགས་འདུའི་ཐོག་ད་ཐེངས་ཚོགས་འདུའི་གྲོས་རིམ་ལ་གྲོས་ཞིབ་བྱས་རྗེས་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཀྲུའུ་ལེང་ཀང་གིས་མི་དོན་བཀོད་སྒྲིག་དོན་གནད་སྐོར་གྱི་གསལ་བཤད་གནང་བ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཨུ་ཡོན་རུང་ཧྲའོ་ཧྭ་ཡིས《བོད་རང་སྐྱོང་ལྗོངས་ཀྱི་བཟའ་བཅའ་ཐོན་སྐྱེད་བཟོ་ཁང་ཆུང་གྲས་དང་། བཟའ་བཏུང་ཁང་ཆུང་གྲས། བཟའ་བཅའ་ཙག་ཙིག་ཚོང་ཁང་ཆུང་གྲས། བཟའ་བཅའི་ཚོང་པ་ཉི་ཚེ་བ་བཅས་ཀྱི་དོ་དམ་བྱ་ཐབས(འཆར་ཟིན)》ལ་བཟོ་བཅོས་བྱས་ཚུལ་སྐོར་གྱི་སྙན་སེང་ཞུས་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཨུ་ཡོན་ཀེ་ཧྲེང་གིས《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》ལ་བཟོ་བཅོས་བྱས་ཚུལ་སྐོར་གྱི་སྙན་སེང་ཞུས་པ་རེད།

    གཞིས་རྩེ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བཀྲ་ཤིས་ཚེ་རིང་གིས《གཞིས་རྩེ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་གཞུང་དོན་གྲོས་མོལ་བྱེད་སྲོལ》སྐོར་གྱི་གསལ་བཤད་གནང་བ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཨུ་ཡོན་བུ་ཉི་མས《གཞིས་རྩེ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་གཞུང་དོན་གྲོས་མོལ་བྱེད་སྲོལ》སྐོར་གྱི་ཞིབ་བཤེར་སྙན་ཞུ་གནང་ནས་ད་ཐེངས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིབ་བཤེར་ཆོག་མཆན་འགོད་རྒྱུའི་གྲོས་འགོ་བཏོན་གནང་བ།

    ཉིང་ཁྲི་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་རྡོ་རྗེ་ཚེ་རིང་གིས《ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཁྱེར་གྱི་བཀོད་པ་དང་ཁོར་ཡུག་འཕྲོད་བསྟེན་གྱི་དོ་དམ་སྲོལ་ཡིག》སྐོར་གྱི་གསལ་བཤད་གནང་བ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཨུ་ཡོན་རུང་ཧྲའོ་ཧྭ་ཡིས《ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཁྱེར་གྱི་བཀོད་པ་དང་ཁོར་ཡུག་འཕྲོད་བསྟེན་གྱི་དོ་དམ་སྲོལ་ཡིག》སྐོར་གྱི་ཞིབ་བཤེར་སྙན་ཞུ་གནང་ནས་ད་ཐེངས་ཀྱི་རྒྱུན་ལས་ཨུ་ལྷན་ཚོགས་འདུའི་ཐོག་ཞིབ་བཤེར་ཆོག་མཆན་འགོད་རྒྱུའི་གྲོས་འགོ་བཏོན་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲང་ཞའོ་ཧྭ་ཡིས《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་འཐུས་མིའི་མི་གྲངས་བགོ་བཤའ་དང་འདེམས་བསྐོའི་གནད་དོན་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་གཏན་འབེབས(འཆར་ཟིན)》སྐོར་གྱི་གསལ་བཤད་གནང་བ་རེད། ད་ཐེངས་འཐུས་མིའི་མི་གྲངས་བགོ་བཤའ་རྒྱག་རྒྱུ་དེ་སྤྱི་ཡོངས་ནས་བསྡོམས་འབོར་ལ་འགྱུར་བ་མེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་གཅིག་མཚུངས། གསུམ་འདྲ་མཉམ། ལུགས་མཐུན་ལེགས་སྒྲིག བལྟོས་བཅས་བརྟན་པོ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཡོད་པ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཅུས་ཅན་ཧྭ་ཡིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མེ་ཟོན་བཅའ་ཁྲིམས》དང《བོད་རང་སྐྱོང་ལྗོངས་ཀྱི་མེ་ཟོན་སྲོལ་ཡིག》ལག་ལེན་བསྟར་ཚུལ་ལ་ཞིབ་བཤེར་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གི་སྙན་ཞུ་གནང་ནས“བཅའ་ཁྲིམས་གཅིག་དང་སྲོལ་ཡིག་གཅིག”ལག་ལེན་བསྟར་ཚུལ་བཟང་པོ་བྱུང་བའི་ངོས་འཛིན་གནང་བ་རེད། དཀའ་ངལ་དང་གནད་དོན་ལ་དམིགས་ཏེ་མེ་ཟོན་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་། མེ་ཟོན་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་སྐུལ་འདེད་གཏོང་བ། ལྟ་སྐུལ་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་འབྲོག་ཁུལ་དང་དགོན་སྡེའི་མེ་ཟོན་བདེ་འཇགས་ཀྱི་ལས་ཀའི་རྨང་གཞི་བརྟན་དུ་གཏོང་བ། མེ་ཟོན་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོ་དང་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་གྲོས་འགོ་བཏོན་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཝུན་ཧན་གྱིས《གཞིས་རྩེ་དང་། ཆབ་མདོ། ནག་ཆུ་བཅས་གྲོང་ཁྱེར(ས་ཁུལ)གསུམ་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྒྲུབ་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་བརྟག་ཞིབ་སྙན་ཞུ》གནང་བ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཆེད་དོན་བརྟག་ཞིབ་ཚོགས་ཆུང་གསུམ་བཙུགས་ཏེ་གྲོང་ཁྱེར(ས་ཁུལ)3གྱི་རྫོང་27དང་རྣམ་གྲངས་ས་ཚིགས་120ལ་བསྐྱོད་དེ་བརྒྱུད་རིམ་ལྡན་པའི་བརྟག་ཞིབ་གནང་བ་དང་། རྫོང་8ལ་གནས་སྡོད་བརྟག་ཞིབ་གནང་སྟེ་དབུལ་སྐྱོར་བྱ་ཐབས་དང་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཤེས་རྟོགས་གཏིང་ཟབ་དང་དཀའ་ངལ་དང་གནད་དོན་གནས་པར་དབྱེ་ཞིབ་ནན་ཏན་གྱིས་དམིགས་སའི་རང་བཞིན་གྱི་བསམ་འཆར་དང་གྲོས་འགོ་བཏོན་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་མངགས་བཅོལ་ལྟར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་ཀྱིས《གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གནས་ཚུལ་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆེད་དོན་ལས་ཀའི་སྙན་ཞུ》གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་མངགས་བཅོལ་ལྟར། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཕུར་བུ་ཚེ་རིང་གིས《འདི་ལོའི་ལོ་སྟོད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་ལེན་བསྟར་ཚུལ་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་ཞུ》གནང་བ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཨུ་ཡོན་ཝང་ཏ་ཧའེ་ཡིས《འདི་ལོ་ཚུན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་ལེན་བསྟར་ཚུལ་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་ཞུར》གྲོས་ཞིབ་དང་བསམ་འཆར་བཏོན་གནང་བ་རེད། འདི་ལོའི་ལོ་སྟོད་དུ་ལྗོངས་ཡོངས་ཀྱི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་དང་ཡག་ཐོག་ལེགས་བརྩོན་གྱི་རྣམ་པ་བཟང་པོ་ཐོན་ནས་མགྱོགས་མྱུར་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་། སྤྱི་ཚོགས་ཀྱི་འཛད་རྫས་ཕྱིར་ཚོང་བྱེད་ཚད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ནས་དཔལ་འབྱོར་གྱི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ་དང་། ཐོན་ལས་གསུམ་པ་རྒྱུན་སྲིང་བརྟན་པོ་བྱུང་བ། དཔལ་འབྱོར་འཁོར་སྐྱོད་ཀྱི་ཁོར་ཡུག་བརྟན་པོ་ཡིན་པ། སྒྱུར་བཅོས་སྒོ་དབྱེའི་གསོན་ཤུགས་ཆེ་རུ་འགྲོ་བ་བཅས་ཀྱི་རྣམ་པ་བཟང་པོ་ཐོན་ཡོད་པ་རེད།

    རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་མངགས་བཅོལ་ལྟར་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་ཐིང་ཀྲང་ལང་ཧྥུའུ་ཁོན་གྱིས《འདི་ལོ་ཚུན་གྱི་བོད་རང་སྐྱོང་ལྗོངས་ཀྱི་སྔོན་རྩིས་ལག་ལེན་བསྟར་ཚུལ་སྐོར་གྱི་སྙན་ཞུ》དང《བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་2017ལོའི་སྔོན་རྩིས་ལེགས་སྒྲིག་ཇུས་གཞིའི་སྐོར་གྱི་སྙན་ཞུ》གནང་བ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཨུ་ཡོན་ཡའོ་རུའེ་ཧྥུང་གིས《འདི་ལོ་ཚུན་གྱི་བོད་རང་སྐྱོང་ལྗོངས་ཀྱི་སྔོན་རྩིས་ལག་ལེན་བསྟར་ཚུལ་སྐོར་གྱི་སྙན་ཞུར》གྲོས་ཞིབ་བསམ་འཆར་བཏོན་གནང་བ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཨུ་ཡོན་རྡོ་རྗེ་ཚེ་དབང་གིས《བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་2017ལོའི་སྔོན་རྩིས་ལེགས་སྒྲིག་ཇུས་གཞིར་ཞིབ་བཤེར་བྱས་འབྲས་སྐོར་གྱི་སྙན་ཞུ》གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།