དབུ་ཤོག>སྲིད་དོན།
  • བྱ་སྤྱོད་མྱུར་དུ་སྤེལ་བ་དང་འགག་སྒྲོལ་དཀའ་སེལ་གྱིས་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་དང་ཞིབ་ཕྲ་བྱས་ཏེ་གཉིས་གཏོད་ལས་དོན་ལ་ཕན་འབྲས་ཐོན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-09-26

    ཚེས་24ཉིན་གྱི་ཕྱི་དྲོ་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་གྱི་གཉིས་གཏོད་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་ལས་དོན་མཛུབ་ཁྲིད་ཚོགས་ཆུང་གིས་ཆེད་དོན་ཚོགས་འདུ་འཚོགས་ནས《བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་གྱི་གཉིས་གཏོད་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་ལས་དོན་གྱི་ཇུས་གཞིར》ཞིབ་བཤེར་གཏན་འབེབས་བྱེད་རྒྱུར་ཞིབ་འཇུག་བྱས་པ་དང་འབྲེལ་གོམ་སྟབས་རྗེས་མའི་རང་ལྗོངས་ཀྱི་གཉིས་གཏོད་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད། ཚོགས་འདུའི་ཐོག་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་གཉིས་གཏོད་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་ལས་དོན་མཛུབ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཀྲོང་ཡན་གྱིས་མྱུར་དུ་བྱ་སྤྱོད་སྤེལ་བ་དང་འགག་སྒྲོལ་དཀའ་སེལ་གྱིས་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་དང་། ཞིབ་ཕྲ། ཡག་པོ་བཅས་བྱས་ཏེ་གཉིས་གཏོད་ལས་དོན་ལ་ཕན་འབྲས་ཐོན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཀྲོང་ཡན་གྱིས་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་གཏོད་པ། འཕེལ་རྒྱས་ཀྱི་འགུལ་ནུས་ཆེ་རུ་གཏོང་བ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་རེད། འདི་ལོའི་ཟླ་7པར་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་ལ་ཁག་གཉིས་པའི་རྒྱལ་ཁབ་ཀྱི་གཉིས་གཏོད་དཔེ་སྟོན་རྟེན་གཞི་བསྐྲུན་རྒྱུའི་ཆོག་མཆན་བདེ་བླག་ཐོབ་ཡོད། དེ་ནི་རང་ལྗོངས་ཀྱི་གཉིས་གཏོད་ལས་དོན་འཕེལ་རྒྱས་ཀྱི་ཚད་བརྒལ་གལ་ཆེན་ཞིག་ཡིན་ལ། གཉིས་གཏོད་ལས་དོན་ལ་སྐུལ་འདེད་གཏོང་བའི་གོ་སྐབས་གལ་ཆེན་ཞིག་དེ་བས་ཡིན། དེ་ཐོག་ནས་རང་ལྗོངས་ཀྱི་གསར་གཏོད་ལས་གཏོད་ཀྱི་གསོན་ཤུགས་རིམ་གྱིས་འཕེལ་བ་མཚོན་གྱི་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་བྱས་ནས་གཉིས་གཏོད་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་ནི“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པ་དང་ལྷག་དོན་དུ་མཐོ་སློབ་སློབ་ཐོན་སློབ་མ་སྲིད་གཞུང་དུ་ལས་ཞུགས་དང་ཁྲོམ་རར་ལས་ཞུགས་ཐུབ་རྒྱུའི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཡིན་པ་གསལ་ཤེས་གང་ལེགས་ཐུབ་པ་བྱེད་དགོས། དེ་རང་ལྗོངས་ཀྱི་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་དང་གསོན་ཤུགས་འཕེལ་བར་བྱེད་པ་དང་། ཕྱོགས་སྒྱུར་འཕེལ་རྒྱས་ཀྱི་འགྲན་སློང་མང་པོར་ཁ་གཏད་གཅོག་པ། རྒྱུན་རྣམ་གསར་པའི་འོག་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ཚེ་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།

    ཀྲོང་ཡན་གྱིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་གཙོ་གནད་ལ་དམ་འཛིན་དང་ཚད་བརྒལ་ཡོང་ཐབས་བྱས་ཏེ་གཉིས་གཏོད་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་ལ་དམ་འཛིན་ཏན་ཏིག་བྱེད་དགོས། དེའང་གཅིག་ནས་འཇུར་མིག་གི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཏེ་གཉིས་གཏོད་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་གཏོད་དགོས། གཏིང་ཤུགས་ལྡན་པ་དང་། རིན་ཐང་ལྡན་པ། སྐུལ་ཁྲིད་ཐུབ་པ་བཅས་ཀྱི་རྣམ་གྲངས་ཁག་གཅིག་བདམས་ནས་གཅིག་སྡུད་ཐོག་ཤུགས་བརྒྱབ་སྟེ་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་ནུས་པ་འདོན་སྤེལ་བྱེད་དགོས། དཔེ་སྟོན་ནུས་པ་འདོན་སྤེལ་བྱེད་པ་བརྒྱུད་གསར་གཏོད་ལས་གཏོད་དེ་ཉིད་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དོན་གཉེར་དང་བྱ་སྤྱོད་ཀྱི་གོམས་གཤིས་ཤིག་ཏུ་འགྱུར་བ་བྱེད་དགོས་པ་དང་། གཉིས་ནས་འདེགས་སྐྱོར་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ལས་གཏོད་གསར་གཏོད་ཀྱི་མི་མངོན་པའི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་འབྲེལ་ཡོད་སྲིད་ཇུས་ལེ་ལག་ཚང་བ་ཡོང་རྒྱུར་འཚོལ་ཞིབ་བྱེད་པ་དང་། ཕྱོགས་སྡོམ་བྱེད་པ། འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ཚན་རྩལ་མི་སྣ་དང་། ཁེ་ལས་ཀྱི་ལས་བཟོ། སྤྱི་ཚོགས་ཀྱི་མངོན་འགྱུར་པ་སོགས་བྱེད་པོ་སྣ་ཚོགས་ཀྱི་ཧུར་བརྩོན་རང་བཞིན་སྔར་བས་སྐོང་འཐེན་བྱེད་པ་དང་། ཁྲོམ་རའི་བྱེད་པོ་སྣ་ཚོགས་ཀྱིས་རྒྱུན་ཆད་མེད་པར་ཁེ་ལས་གསར་པ་གཉེར་བ་དང་། ཐོན་རྫས་གསར་པ་གསར་སྤེལ་བྱེད་པ། ཁྲོམ་ར་གསར་པ་རྒྱ་སྐྱེད་གཏོང་བ་བཅས་ལ་སྔར་བས་རྒྱབ་སྐྱོར་བྱས་ཏེ་མི་དེ་བས་མང་བས་ལས་གཏོད་བྱེད་ཕོད་པ་དང་། ལས་གཏོད་ཐུབ་པ། ལས་གཏོད་ཤེས་པ་བཅས་བྱེད་དགོས་པ། གསུམ་ནས་དཔེ་མཚོན་ནུས་ལྡན་བཏོད་དེ་གཉིས་གཏོད་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། “འཛུགས་སྐྲུན་བྱེད་ཀྱིན་ཕྱོགས་སྡོམ་དང་ཁྱབ་གདལ་གཏོང་བའི”རྩ་དོན་གཞིར་བཟུང་བསྐྱར་ཟློས་ཆོག་པའི་ཚོད་ལྟ་བྱ་ཐབས་ལ་དུས་ཐོག་ཏུ་ཕྱོགས་སྡོམ་བྱས་ནས་སྣེའུ་ཁུལ་གསར་གྱི་གཉིས་གཏོད་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་བརྟེན་སར་བརྩི་བ་དང་གོ་སྐབས་སུ་བཟུང་ནས་རང་ལྗོངས་ཀྱི་ཐོན་ཁུངས་གསོག་འཇོག་དང་སྒོ་འབྱེད་མཉམ་སྤྱོད་ལ་སྐུལ་འདེད་བཏང་སྟེ་ཁྲོམ་རའི་བྱེད་པོ་སྣ་ཚོགས་ཀྱིས་དཔེ་སྟོན་རྟེན་གཞིའི་ལས་སྟེགས་སྤྱད་ནས་ལས་གཏོད་གསར་གཏོད་ལ་རྒྱབ་སྐྱོར་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།