དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་མངའ་རིས་ས་ཁུལ་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-09-05

    ཉེ་ཆར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་མངའ་རིས་ས་ཁུལ་དུ་བརྟག་ཞིབ་གནང་སྐབས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འདི་ལོའི་ཟླ་10ཚེས་18ཉིན་འཚོག་རྒྱུ་རེད། དེ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ནང་གི་དོན་ཆེན་ཞིག་ཡིན་པས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་དུས་རབས་གསར་པར་སླེབས་རྒྱུར་སྣེ་ཁྲིད་ཐུབ་ངེས་ཡིན་ལ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཕྱིར་ཤུགས་ཆེའི་སྒུལ་ཤུགས་ཀྱང་སྣོན་ངེས་ཡིན།ང་ཚོས་ངེས་པར་དུ་བསམ་པའི་ཉམས་འགྱུར་བཟང་པོར་བརྟེན་ནས་སྒྱུར་འཕེལ་བརྟན་གསུམ་དང་སྣོད་བཅུད་སྲུང་སྐྱོང་སོགས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་ཕུལ་བྱུང་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད། མཛེས་སྡུག་ལྡན་པའི་མངའ་རིས་སུ་གང་སར་སྤྲོ་སྣང་ལྡན་པའི་རྣམ་པས་ཁེངས་ཤིང་། ཟླ་8ཚེས་29ནས་ཟླ་9ཚེས་2ཉིན་བར་བློ་བཟང་རྒྱལ་མཚན་རུ་ཐོག་དང་། དགེ་རྒྱས། སྤུ་ཧྲེང་། རྩྭ་མདའ། སྒར་བཅས་རྫོང་ལྔ་རུ་ཕེབས་ནས་གཞི་རིམ་དུ་དམངས་འཚོའི་གནས་ཚུལ་གསན་པ་དང་། རྣམ་གྲངས་དང་ཐོན་ལས་ལ་གཟིགས་ཞིབ་གནང་བ། སློབ་གྲྭར་ཕེབས་ནས་འཕེལ་རྒྱས་སྐོར་གླེང་བ་བཅས་མཐའ་མཚམས་འཛུགས་སྐྲུན་དང་། “ཞིང་གསུམ”འཕེལ་རྒྱས། དབུལ་སྒྲོལ་འགག་སྒྲོལ་སོགས་ཀྱི་གཙོ་གནད་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་གཞི་རིམ་གྱི་ལས་བྱེད་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས། དྲག་ཆས་ཉེན་རྟོག་མཐའ་སྲུང་དང་འགྲིམ་འགྲུལ་དཔོན་དམག གྲོང་སྡོད་དང་དགོན་སྡོད་ལས་བྱེད་པ་དང་དགོན་སྡེའི་དགེ་འདུན་པ་བཅས་ལ་གཟིགས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་རུ་ཐོག་རྫོང་དུ་རི་གསུམ་ཤང་ལྕགས་སྒང་གྲོང་ཚོའི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་འཛུགས་སྐྲུན་གྱི་གནས་ཚུལ་ལ་གཟིགས་ཞིབ་གནང་ནས་དུད་ཚང་ཕྱུག་པོ་དང་། འཚོ་བ་འབྲིང་གྲས་དུད་ཚང་། དུད་ཚང་དབུལ་པོ་བཅས་ལ་སྔ་རྗེས་སུ་གནས་ཚུལ་བཀའ་འདྲི་གནང་སྟེ་མང་ཚོགས་དང་མཉམ་དུ་ཁྱིམ་ཚང་གི་དཔལ་འབྱོར་ལ་རྩིས་ཞིབ་ཕྲ་བསྐྱོན་པ་དང་། མཚོ་མོ་ངང་ལག་རིང་མོའི་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། དགེ་རྒྱས་རྫོང་དགེ་རྒྱས་གྲོང་རྡལ་འབུར་གུང་གྲོང་ཚོ་དང་། འཆར་འགོད་བྱེད་བཞིན་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྤྱན་གཟིགས་ཁང་། རྣ་ཕུ་འབྲི་གཡག་ཐོན་ལས་རྟེན་གཞི། རྫོང་གྲོང་གི་བདེ་ཁང་ཁུལ་ཆུང་བཅས་སུ་ཕེབས་ནས་འབྲོག་ཁུལ་གྱི་སྒྱུར་བཅོས་དང་། ཐོན་ལས་འཛུགས་སྐྲུན། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་ས་ཆ་དངོས་སུ་གཟིགས་ཞིབ་གནང་བ་རེད། སྤུ་ཧྲེང་རྫོང་བར་ག་ཤང་མཐར་ཕྱིན་གྲོང་ཚོ་དང་། སྤུ་ཧྲེང་གྲོང་རྡལ་ཞི་བདེ་གྲོང་ཚོའི་ཆུ་འཐག འཁོར་ཆགས་གྲོང་ཚོའི་ཤེ་ར་བ་ལས་སྒྲུབ་ཚོགས་ཆུང་། སྤུ་ཧྲེང་འགག་སྒོའི་རྒྱལ་མཚམས་ཁུལ་བཅས་སུ་ཕེབས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་བ་དང་། རྩམ་འཐག་ལ་གཟིགས་སྐོར་གནང་བ། སྡོད་ཁང་འཛུགས་སྐྲུན་ལ་གཟིགས་ཞིབ་གནང་བ། འགག་སྒོའི་འཕེལ་རྒྱས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་བཅས་ཀྱིས“4·25”ཡི་གེགས་རྗེས་བསྐྱར་སྐྲུན་དང་ཁྱད་ལྡན་གྲོང་རྡལ་ཆུང་ངུ་དང་མཐའ་མཚམས་ཀྱི་འཐབ་ས་དང་པོའི་འཛུགས་སྐྲུན་གནས་ཚུལ་ལ་བརྟག་ཞིབ་གཏིང་ཟབ་གནང་བ་རེད།

    རྩྭ་མདའ་རྫོང་གི་དབུལ་སྐྱོར་ཐོན་ལས་ཁྲོམ་གཞུང་དང་མཐོ་ལྡིང་གྲོང་མི་ཨུ་ཡོན་ལྷན་ཁང་དུ་རྫོང་ཐོན་ལས་དབུལ་སྐྱོར་ལ་སྐུལ་འདེད་དང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་གནས་ཚུལ་གསན་པ་དང་། རྩྭ་མདའ་རྫོང་གི་ཡུལ་སྐོར་ལས་རིགས་འཆར་འགོད་འཕེལ་རྒྱས་དང་ལྷག་དོན་དུ་རྩ་ཧྲེང་གྲོང་ཚོའི་ཁྱིམ་ཚང་མགྲོན་ཁང་གི་འཕེལ་རྒྱས་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ནས་ཡུལ་སྐོར་ཐོན་ལས་རིམ་སྤོར་ལས་དོན་གཏིང་ཟབ་སྤེལ་ཏེ་སྤུས་ཚད་མཐོ་བ་དང་ཁྱད་ཆོས་ལྡན་པའི་ཞབས་ཞུར་བརྟེན་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་དེ་གར་ཡུལ་སྐོར་དུ་འགྲོ་བའི་ཡིད་དབང་འགུག་ཐབས་བྱེད་དགོས་པའི་ཐུགས་རེ་གནང་བ་རེད། སྒར་རྫོང་དགུན་ས་ཤང་དེང་རབས་ཞིང་འབྲོག་ཚན་རྩལ་ཐོན་ལས་གླིང་དང་སྒར་རྫོང་སྣོད་བཅུད་ཞིང་ལས་ཐོན་ལས་གླིང་དུ་སྒྲིག་བཀོད་ཞིང་ལས་འཛུགས་སྐྲུན་གྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

    ཟླ་9ཚེས་2ཉིན་གྱི་ཕྱི་དྲོ་བློ་བཟང་རྒྱལ་མཚན་གྱིས་མངའ་རིས་ས་ཁུལ་གྱི་ལས་དོན་སྙན་སེང་གསན་ཞིང་། མངའ་རིས་ས་ཁུལ་གྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ལ་གདེང་འཇོག་གང་ལེགས་གནང་རྗེས་བློ་བཟང་རྒྱལ་མཚན་གྱིས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལེགས་པར་སྒྲུབ་པ་ནི་སྤྱི་ཡོངས་དང་འབྲེལ་བ་ཡོད་ལ་ཁྱོན་ཡོངས་དང་ཡང་འབྲེལ་བ་ཡོད། སྔ་བར་ཕྱི་གསུམ་དུ་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་ཨང་དང་པོ་ཕྲག་པར་ཁུར་ནས་བདེ་སྡོད་ཉེན་བསམ་དང་ཉེན་བརྡ་རྒྱུན་སྒྲོག་གིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་། མཐའ་མཚམས་དང་ས་མཚམས་དོ་དམ་ཚོད་འཛིན། སྤྱི་ཚོགས་ངོས་ལ་དོ་དམ་ཚོད་འཛིན། བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་བཅས་བྱས་ནས་བློ་བརྟན་འགྱུར་མེད་དང་རྒྱུན་སྲིང་ལྷོད་མེད་ངང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ“གནས་ཚུལ་གང་ཡང་མི་ཐོན་པ་གསུམ”དང་“བརྟན་ལྷིང་གསུམ”ཐུབ་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་མངའ་རིས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་སུ་གཏོང་བ་ནི་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་ལ། མངའ་རིས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཁ་ཚ་དགོས་གཏུག་གི་རེ་འདུན་ཞིག་ཀྱང་རེད། རྨང་གཞིའི་སྒྲིག་བཀོད་ཀྱི་རྨང་གཞི་བརྟན་དུ་བཏང་ནས་ཆུ་དང་། གློག ལམ། འཕྲིན་གཏོང་། དྲོད་རླངས་མཁོ་འདོན། གསོ་རླུང་མཁོ་འདོན་བཅས་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་སྟེ་མངའ་རིས་སུ་སླར་ཡང་ཆུ་དང་གློག་མི་དཀོན་པ་དང་། ཐག་རིང་དང་བཀག་སྡོམ་མི་ཡིན་པ། གྲང་ངར་དང་གསོ་རླུང་དཀོན་པའི་གནས་ཚུལ་མི་ཐོན་པ་བྱེད་དགོས། ས་ཆའི་ཐོན་ཁུངས་གསར་སྤེལ་ལ་དམ་འཛིན་བྱས་ནས་ཆུ་འདྲེན་སྒྲིག་བཀོད་རྗེས་ལུས་ཀྱི་ཞན་ཆ་གསབ་སྟེ་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཁྱད་ལྡན་ཞིང་འབྲོག་ལས་ལ་དམ་འཛིན་ཡག་པོ་བྱས་ཏེ་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་སྣ་ཁ་འཛོམས་ལ་གཞི་ཁྱོན་ལྡན་པ་དང་། སྤུས་ཚད་མཐོ་ལ་གསར་གཏོད་ཡོད་པ། ཁྲོམ་ར་ཡོད་ལ་གཉེར་སྐྱོང་ལ་མཐོང་ཆེན་བཅས་བྱས་ཏེ་ཐོན་ཁུངས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས། ཡུལ་སྐོར་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་བཏང་ནས་འཆར་འགོད་ཡག་པོ་བྱེད་པ་དང་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། དོ་དམ་ཚད་ལྡན་དུ་གཏོང་བ། ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། མང་ཚོགས་ཞུགས་ཁྱོན་ཆེ་རུ་གཏོང་བ་བཅས་བྱས་ཏེ་གནས་རི་གནས་མཚོ་དང་། ཞང་ཞུང་རིག་གནས། གུ་གེ་རྒྱལ་རབས། བྲུ་རོང་མཛེས་ལྗོངས། གནམ་དཔྱད་དང་སྐར་ཚོགས་བཀྲ་བའི་ནམ་མཁའ་བཅས་ཀྱི་ཡུལ་སྐོར་སྤུས་རྟགས་ཆེན་པོ་ལྔ་གཏོད་དགོས་ཞེས་གསུངས།

    བློ་བཟང་རྒྱལ་མཚན་གྱིས“སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་ལ་གངས་འཁྱག་གིས་བསྡམས་པའི་ས་གཞིའང་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ཟབ་ཏུ་བཏང་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྐྲུན་པའི་འགན་འཁྲི་གཙོ་བོར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ་གངས་ལྗོངས་ས་མཐོའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱས་ཚེ་གཞི་ནས་སྣོད་བཅུད་ཐོན་ཁུངས་ཀྱི་ལེགས་ཆ་ཆེ་ཤོས་འདོན་སྤེལ་ཐུབ་པ་དང་། གཞི་ནས་སྣོད་བཅུད་ཁྱད་ཆོས་ཀྱི་གཏིང་ཤུགས་ཆེ་ཤོས་སྔོག་འདོན་ཐུབ་པ། གཞི་ནས་སྣོད་བཅུད་སྲུང་སྐྱོང་གི་རིན་ཐང་ཆེ་ཤོས་མངོན་ཐུབ། སྲུང་སྐྱོང་ལ་མཐོང་ཆེན་གྱིས་དམར་ཐིག་གི་འདུ་ཤེས་དང་མཐའ་ཚད་ཀྱི་བསམ་གཞིར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་རྣམ་འགྱུར་བརྟན་པ་དང་། ལམ་ལུགས་ནན་པ། བྱ་ཐབས་ནུས་ལྡན་བཅས་ལ་བརྟེན་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་དགོས། འཛུགས་སྐྲུན་ལ་མཐོང་ཆེན་གྱིས་རྒྱལ་ཁབ་ས་ཆ་སྔོ་འགྱུར་གསར་སྤེལ་ཤུགས་ཆེན་བྱས་ནས་རེས་སྐོར་གསར་པའི་ཕྱུགས་བཀག་རྩྭ་གསོ་དང་། རྩྭ་རའི་ཁ་གསབ་བྱ་དགའི་ལམ་སྲོལ་ལག་ལེན་བསྟར་ཏེ་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།