ཟླ་8ཚེས་31ཉིན། “ཀྲུང་དབྱང་ཁེ་ལས་ཀྱིས་དམངས་ཕྱུག་བོད་དར་ལ་རོགས་རམ་བྱེད་པའི”མཉམ་ལས་རྣམ་གྲངས་དོན་འཁྱོལ་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཚོགས་འདུའི་ཐོག་ནན་བཤད་གནང་དོན། “ཀྲུང་དབྱང་ཁེ་ལས་ཀྱིས་དམངས་ཕྱུག་བོད་དར་ལ་རོགས་རམ་བྱེད་པའི”ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ཀྲུང་དབྱང་ཁེ་ལས་དང་ས་གནས་དབར་གྱི་སྦྲེལ་མཐུད་སྤེལ་རེས་སྔར་བས་ཡག་པོ་སྒྲུབ་པ་དང་ཞབས་ཞུ་རྗེས་ཟིན་པ་བྱས་ཐོག གནད་དོན་དང་དམིགས་ཚད་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་དབྱང་དང་ས་གནས་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་གཉིས་ཁེའི་འཕེལ་རྒྱས་མངོན་འགྱུར་བྱས་ནས། མཉམ་ལས་རྣམ་གྲངས་དོན་འཁྱོལ་ལག་བསྟར་མགྱོགས་ཙམ་བྱས་ཏེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་སྔ་ཙམ་བདེ་རྩ་སྐྲུན་དགོས།རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དབང་ཧའེ་ཀྲོའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཀྲོང་ཡན་གྱིས་ནན་བཤད་གནང་དོན། གྲོང་ཁྱེར(ས་ཁུལ)ཁག་དང་། སྡེ་ཚན་ཁག ཁ་གཏད་བོད་སྐྱོར་གྱི་ཀྲུང་དབྱང་ཁེ་ལས། བོད་དུ་བཅའ་སྡོད་ཀྲུང་དབྱང་ཁེ་ལས་ཀྱི་སྒྲིག་གཞི་བཅས་ཀྱིས་ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་བཏང་ནས“ཀྲུང་དབྱང་ཁེ་ལས་ཀྱིས་དམངས་ཕྱུག་བོད་དར་ལ་རོགས་རམ་བྱེད་པ”ནི་ཀྲུང་དབྱང་གིས་བོད་ལ་ཐུགས་ཁུར་དང་རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་བྱེད་པའི་བྱ་ཐབས་ཀྱི་གལ་ཆེའི་གསར་གཏོད་ཅིག་དང་། བོད་ཀྱི་འཕེལ་རྒྱས་མྱུར་པོར་སྐུལ་འདེད་གཏོང་བའི་འགྱུར་མེད་སྟོབས་ལྡན་གྱི་སྟོབས་ཤུགས་ཤིག ཀྲུང་དབྱང་དང་ས་གནས་ཀྱིས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འཐབ་ཇུས་ཀྱི་གཞི་རྟེན་ཞིག་བཅས་ཡིན་པ་མ་ཟད། ཀྲུང་དབྱང་ཁེ་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་གོ་སྐབས་གལ་ཆེན་ཞིག་ཀྱང་དེ་བས་ཡིན་པས། མཉམ་ལས་ལ་སྐུལ་འདེད་གཏོང་བའི་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་བཏང་ནས་བྱེད་སྒོའི་གྲུབ་འབྲས་དོན་འཁྱོལ་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།
ཀྲོང་ཡན་གྱིས་བླང་བྱ་བཏོན་དོན། དམིགས་ཚད་ལ་དམིགས་ནས་ཁྱད་ལྡན་དང་ལེགས་ཆའི་ཐོན་ལས་དང་། འཐབ་ཇུས་ཀྱི་གསར་དར་ཐོན་ལས། ལེགས་ཆའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན། སྒོ་དབྱེའི་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་གཏོད་པ། ལག་རྩལ་དོ་དམ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་ཕྱོགས་6ཐད་ཀྱི་ལས་དོན་གལ་ཆེན་འཕེལ་རྒྱས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། མཉམ་ལས་གཉིས་ཁེར་སྐུལ་འདེད་ཏན་ཏན་ཏིག་ཏིག་གཏོང་དགོས། གྲོང་ཁྱེར(ས་ཁུལ)ཁག་དང་སྡེ་ཚན་ཁག་གིས་གསར་གཏོད་དང་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་མ་ཟད། གཙོ་གནད་མ་འཇོག་ཁོར་ཡུག་ལེགས་སུ་གཏོང་བ་དང་། ནོར་སྲིད་དཔྱ་ཁྲལ་ལ་རྒྱབ་སྐྱོར་གྱི་སྲིད་ཇུས་དོན་འཁྱོལ། ཐོན་ཁུངས་དང་ས་ཆ་འགན་ལེན་ལ་ཤུགས་སྣོན། ཐོན་སྐྱེད་རྒྱུ་ཆ་གཙོ་བོ་བཀོད་སྒྲིག་ལུགས་མཐུན། དངུལ་རྩའི་ཞབས་ཞུའི་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱས་ནས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཁོར་ཡུག་བཟང་པོ་གཏོད་རྒྱུར་ཤུགས་སྣོན་རྒྱག་དགོས། ཀྲུང་དབྱང་ཁེ་ལས་ཀྱིས་ཉམས་བཟང་གཏོད་པ་དང་འགན་འཁུར་ཕོད་པར་བྱས་ནས་ཆབ་སྲིད་ཀྱི་འགན་འཁྲི་དང་། སྤྱི་ཚོགས་ཀྱི་འགན་འཁྲི། དཔལ་འབྱོར་གྱི་འགན་འཁྲི་བཅས་འཁུར་བའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱ་རྒྱུར་དེ་བས་དོ་སྣང་དང་། བོད་དང་མཉམ་འདྲེས་དང་ཡུན་རིང་བོད་སྐྲུན་ལ་དོ་སྣང་། རྣམ་གྲངས་མ་འཇོག་གི་བྱེད་པོའི་འགན་འཁྲི་འཁུར་བར་དོ་སྣང་། དམངས་འཚོར་དོ་སྣང་གིས་གནད་སྨིན་དབུལ་སྐྱོར་ལ་ཀྲུང་དབྱང་ཁེ་ལས་ཀྱི་སྟོབས་ཤུགས་སྣོན་པ། ལས་ཞུགས་སྔོན་ལ་བྱེད་པར་དོ་སྣང་གིས་ཐེམ་ཁོངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་བྱེད་དུ་གང་ལེགས་འཇུག་པ། སྔོན་ཚུད་ནས་འཆར་གཞི་འགོར་རྒྱུར་དོ་སྣང་གིས་བོད་ཀྱི་གཞུང་ཁོངས་ཁེ་ལས་ལུགས་སྒྱུར་བསྐྱར་སྒྲིག་བྱེད་པར་ཧུར་ཐག་ཞུགས་པ། ཏང་འཛུགས་སྐྱོང་ལ་དོ་སྣང་གིས་བོད་དུ་བཅའ་སྡོད་ཀྲུང་དབྱང་ཁེ་ལས་ཀྱི་སྒྲིག་གཞིའི་ཏང་འཛུགས་སྐྱོང་ལས་ཀའི་གཏོགས་ཁོངས་ཅན་གྱི་དོ་དམ་ལ་སྐུལ་མ་ཧུར་ཐག་གཏོང་བ་བཅས་བྱས་ནས་རོགས་རམ་གྱི་ནུས་པ་དོན་སྤེལ་ཡག་པོ་ཏན་ཏིག་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་དང་བོད་དུ་ཡོད་པའི་ཀྲུང་དབྱང་ཁེ་ལས་ཀྱིས་གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ། སྣེ་ཁྲིད་སྡེ་ཚན་གྱི་མཐུན་སྦྱོར་འགན་འཁྲི་ཏན་ཏིག་དཀྲི་བ་དང་། རྣམ་གྲངས་གནས་ཡུལ་གྱི་བྱེད་པོའི་འགན་འཁྲི་ཏན་ཏིག་དཀྲི་བ། སྐུལ་སྤེལ་ཚོགས་འདུའི་ལམ་ལུགས་འཐུས་སྒོ་ཚང་པོ་འཛུགས་པ། བོད་དུ་བཅའ་སྡོད་ཀྲུང་དབྱང་ཁེ་ལས་ཀྱི་སྒྲིག་གཞིའི་སྡོམ་རྩིས་ལས་དོན་ནན་ཏན་སྒྲུབ་པ། ལྟ་བཤེར་དང་བརྡ་ཁྱབ་གཏོང་བར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས་པའི་རེ་བ་བཏོན་གནང་བ་རེད།