དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་ཞོ་སྟོན་རིང་གི་ལྷ་སའི་བདེ་འཇགས་སྲུང་སྐྱོང་ལས་དོན་ལ་རྟོག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-08-27

    427712_yis_1503722691399.jpg

    འདི་ནི་བློ་བཟང་རྒྱལ་མཚན་གྱིས་དགའ་ལྡན་དགོན་པའི་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་དོན་མི་སྣར་གཟིགས་པ་དང་འཚམས་འདྲི་གནང་བའི་གནས་ཚུལ་ཡིན་པ།

    ཟླ་8ཚེས་23ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཐུགས་ཁུར་ཟབ་མོ་ཐུགས་ལ་འཆང་བཞིན་དུ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་དང་། དགའ་ལྡན་དགོན་པ། ནོར་བུ་གླིང་ག་བཅས་སུ་ཕེབས་ནས་དུས་ཆེན་རིང་ལས་གནས་བརྟན་སྲུང་བྱེད་མཁན་ལས་སྒྲུབ་དཔོན་དམག་དང་། སྤྱི་བདེ་ལས་བྱེད་ཉེན་རྟོག་པ། གཞི་རིམ་གྱི་ལས་བྱེད་མང་ཚོགས་བཅས་ལ་བྱམས་བརྩེའི་ངང་གཟིགས་ནས་འཚམས་འདྲི་གནང་བ་དང་འབྲེལ། ཞོ་སྟོན་རིང་གི་བདེ་འཇགས་སྲུང་སྐྱོང་ལས་དོན་ཁག་ལ་རྟོག་ཞིབ་གནང་བ་རེད།

    རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་རུ་བློ་བཟང་རྒྱལ་མཚན་གྱིས་ལས་རེས་མི་སྣ་རེ་རེ་བཞིན་དང་ཕྱག་བཏང་གནང་བ་དང་འབྲེལ་བརྙན་ལམ་བཀོད་འདོམས་མ་ལག་བརྒྱུད་ནས་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་བརྟན་ལྷིང་སྲུང་སྐྱོང་ལས་རེས་གནས་ཚུལ་ལ་ཞིབ་བཤེར་གནང་ཞིང་། ཁོང་གིས་འདི་ལོ་ཚུན་དུ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་བཀོད་འདོམས་ནུས་ལྡན་འོག ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་། སྡེ་ཚན་ཁག ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་མི་སྣ་བཅས་ཀྱིས་གྲ་སྒྲིག་ཨང་བསར་བྱེད་པ་དང་། ལས་དོན་ཏན་ཏིག་སྒྲུབ་པ། མཉམ་དུ་འབད་བརྩོན་བྱེད་པ་བཅས་བྱས་ཏེ་རང་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་ཞི་མཐུན་བརྟན་ལྷིང་གི་ཁོར་ཡུག་བཟང་པོ་བཏོད་ཡོད་ཅེས་གསུངས་པ་རེད།

    ཁོང་གིས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་མི་སྣས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བ་དང་། དུས་བབ་ལ་ཚན་རིག་དང་མཐུན་པའི་བརྡར་ཤ་གཅོད་པ། བརྟན་ལྷིང་སྲུང་སྐྱོང་ནི་ཐམས་ཅད་ལས་ལྷག་པ་དང“ལྗོངས་ཡོངས་མིག་མངས་སྒྲིག་སྐོར་གཅིག་ལྟ་བུའི”བསམ་བློ་བརྟན་པོ་འཛུགས་པ། བདེ་སྡོད་ཉེན་ཟོན་དང་། ཉེན་ཤེས་བདེ་བསམ། མ་བྱུང་སྔོན་འགོག་བཅས་བྱེད་པ། སེམས་ཁྲལ་གྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ། འགན་འཁྲི་འཁུར་རྒྱུར་ཤུགས་སྣོན་རྒྱག་པ། མི་མངོན་པའི་རྐྱེན་ངན་སྣ་ཚོགས་གྲལ་བཤེར་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། རང་སྐྱོང་ལྗོངས་ཀྱི་སྤྱོད་གོ་ཆོད་པའི་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་རབ་དང་རིམ་པ་ཞིབ་ཕྲ་དང་། གཏིང་ཟབ། ཏན་ཏིག་ཡོང་བ་བྱེད་པ། ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་པ་བཅས་བྱས་ཏེ་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

    ལོ་ལྟར་ཞོ་སྟོན་རིང་། ནོར་བུ་གླིང་ག་ནི་ལྷ་ས་གྲོང་ཁྱེར་གྱི་ཞོ་སྟོན་གྱི་བྱེད་སྒོའི་ལྟེ་གནས་ཀྱི་གྲས་ཤིག་ཡིན་པ་དང་། གྲོང་མི་དང་ཡུལ་སྐོར་བ་གཅིག་མཇུག་གཉིས་མཐུད་ངང་དེ་གར་དགའ་འཛོམས་བྱས་ནས་ལྷ་མོར་ལྟ་བ་དང་གླིང་ག་གཏོང་བར་ཡོང་གི་ཡོད། འདི་ལོ་ནོར་བུ་གླིང་གའི་དོ་དམ་ཁྲུའུ་ཡིས“ཚོང་ལས་བྱེད་སྒོ་གཉེར་མི་ཆོག་པ”དང་། “རླངས་འཁོར་གཏོང་མི་ཆོག་པ” “གུར་ཕུབ་མི་ཆོག་པ”བཅས་ཀྱི་བཀག་རྒྱ་ཆེན་པོ་གསུམ་བཏང་བ་དང་འབྲེལ། མཉམ་འབྲེལ་ཉེན་ཟོན་སྐོར་གཡེང་རུ་ཁག་བཙུགས་ནས་མཚན་མོའི་རིང་གད་སྙིགས་གཙང་ཕྱག་དང་མེ་ཟོན་ཞིབ་བཤེར་བྱས་ཏེ་གྲོང་མི་ཚོ་སྤྲོ་སྣང་དོད་པའི་ཞོ་སྟོན་ཞིག་གཏོང་ཐུབ་པའི་འགན་ལེན་བྱས་ཡོད་པ་རེད།

    ནོར་བུ་གླིང་གའི་མེ་ཟོན་རུ་ཆེན་ལས་དོན་བཀོད་འདོམས་པུའུ་རུ། བློ་བཟང་རྒྱལ་མཚན་གྱིས་ལས་སྒྲུབ་དཔོན་དམག་དང་སྤྱི་བདེ་ལས་བྱེད་ཉེན་རྟོག་པར་བྱམས་བརྩེའི་ངང་གཟིགས་ནས་འཚམས་འདྲི་གནང་བ་དང་འབྲེལ། ཚང་མས་ནུས་ཤུགས་ཡོད་རྒུས་མང་ཚོགས་ལ་ཞབས་འདེགས་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ལེགས་པོ་བསྒྲུབས་པར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ཡ་རབས་ཁྲིམས་འཛིན་དང་ཚད་མཐུན་ལས་སྒྲུབ་མཐའ་འཁྱོངས་ཀྱིས་དམངས་ཕན་ཞབས་ཞུ་ཡག་པོ་དུས་ཐོག་ཏུ་སྒྲུབ་ནས་བོད་ཀྱི་ཡ་རབས་དང་སྒོ་འབྱེད་ཀྱི་གཟུགས་བརྙན་བཟང་པོ་གཏོད་དགོས་པ་དང་། བསམ་བློ་སྔར་བས་གཅིག་གྱུར་གྱིས་འགན་འཁྲི་གཙང་སྒྲུབ་དང་ལྷག་བསམ་རྣམ་དག་ངང་འགན་འཁྲི་ཁུར་ཏེ་སྤྱི་ཚོགས་ངོས་ལ་སྐོར་ཞིབ་དང་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་དང་། ཐོག་མཐའ་བར་གསུམ་དུ་དོགས་ཟོན་ཆེར་སྐྱེད་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། སྐྱོན་ཆ་གང་ཡང་མི་ཐོན་པའི་འགན་ལེན་བྱེད་པ་བཅས་བྱས་ཏེ་བཀྲ་ཤིས་འཆམ་མཐུན་གྱི་ཁོར་ཡུག་ཁྲོད་མི་རིགས་ཁག་གི་མང་ཚོགས་དང་ཡུལ་སྐོར་བས་སྤྲོ་སྣང་དོད་པའི་ཞོ་སྟོན་ཞིག་གཏོང་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    དགའ་ལྡན་དགོན་དུ་བློ་བཟང་རྒྱལ་མཚན་གྱིས་དགོན་སྡོད་ལས་བྱེད་པ་དང་དགེ་འདུན་པར་གཟིགས་ནས་འཚམས་འདྲི་གནང་བ་དང་འབྲེལ། ཏང་གི་དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་ཚུལ་དང་། དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་ཚུལ་སོགས་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཆོས་ལུགས་ལས་དོན་གྱི་ངོ་བོ་ནི་མང་ཚོགས་ཀྱི་ལས་དོན་ཡིན་པས་རྒྱ་ཆེའི་དགོན་སྡོད་ལས་བྱེད་པས་དུས་བབ་གསར་པའི་འོག་གི་ཆོས་ལུགས་ཁྱབ་ཁོངས་ཀྱི་གཙོ་གནད་ལས་དོན་ལེགས་པར་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་ལེན་ནན་ཏན་བསྟར་ནས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། ཆོས་ལུགས་ལས་དོན་ལ་ཁྲིམས་བཞིན་དོ་དམ་བྱེད་པ། བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱེད་པ། དགོན་སྡེ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་ཡོང་བའི་འགན་ལེན་བྱེད་པ་བཅས་བྱས་ཏེ་ཏང་དང་སྲིད་གཞུང་གི་ཉེ་འཁོར་དུ་རྒྱ་ཆེའི་དད་ལྡན་མང་ཚོགས་རྣམས་མཐུན་སྒྲིལ་ཐུབ་པ་བྱེད་དགོས། རྒྱ་ཆེའི་དགེ་འདུན་པ་ཚོས་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཅེས་སྐྱོང་བློ་ལ་བརྟན་པོར་བཅངས་ནས་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོར་གཅེས་སྤྲས་བྱས་ཏེ་བླ་མ་སྐྱེས་ཆེན་རིམ་བྱུང་གི“རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་གོང་བཀུར། ཞི་བདེར་རེ་སྨོན”བཅས་ཀྱི་སྲོལ་རྒྱུན་བཟང་པོ་མུ་མཐུད་རྒྱུན་འཛིན་དང་དར་སྤེལ་བཏང་ནས་རང་རྟོགས་ངང་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པ་དང་། སྡོམ་སྲུང་ཁྲིམས་སྲུང་བྱེད་པ། ནང་རིག་པའི་ཡོན་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། སྤྱི་ཚོགས་ལ་སེམས་ཁུར་དང་དད་ལྡན་མང་ཚོགས་ལ་ཞབས་འདེགས་ཞུས་ནས་དད་ལྡན་མང་ཚོགས་ཀྱི་བློ་གྲོས་དང་སྟོབས་ཤུགས་ཀྱིས་ཐོན་སྐྱེད་གོང་འཕེལ་དང་ལས་བརྩོན་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བྱས་ཏེ་སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་བོད་བརྒྱུད་ནང་བསྟན་གྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པའི་རེ་བ་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།