དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་གཞིས་རྩེར་དེང་རབས་ཞིང་ལས་ལ་ སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བཞུགས་མོལ་ཚོགས་འདུའི་ཐོག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-08-16

    ཟླ་8ཚེས་9ནས་ཚེས་13ཉིན་བར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་གཞིས་རྩེའི་རྫོང་དང་ཆུས་ཁག་གཅིག་ལ་བརྟག་ཞིབ་གནང་བ་དང་རྫོང་དང་ཆུས་ཁག་དང་། འབྲེལ་ཡོད་ཁེ་ལས། ཚན་རྩལ་རིགས་གཅིག་མཁས་ཅན་བཅས་སོ་སོ་དང་བཞུགས་མོལ་གནང་སྟེ་ཞིང་འབྲོག་ལས་ཐོན་ལས་ཅན་འཕེལ་རྒྱས་དང་ཐོན་ལས་དབུལ་སྐྱོར་སོགས་གནད་དོན་ཐད་བློ་བསྡུས་དགེ་འཚོལ་དང་ཐབས་ཇུས་ཞིབ་འཇུག་བྱས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཡན་ཆིང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་གཞིས་རྩེ་འདི་ཉིད་ས་ཁུལ་གྲོང་ཁྱེར་ལ་བསྒྱུར་ཚུན་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་བྱུང་བ་དང་། སྤྱི་ཚོགས་དུས་བབ་ཞི་མཐུན་བརྟན་ལྷིང་ཡིན་པ། ཞིང་འབྲོག་ལས་ཐོན་ལས་ཅན་དང་ཐོན་ལས་དབུལ་སྐྱོར་ཐད་གྲུབ་འབྲས་རགས་ཙམ་ཐོབ་པ། ཚོང་འགུགས་མ་འདྲེན་ཐད་ཚད་བརྒལ་གསར་པ་བྱུང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་གསར་པ་བྱུང་བ། རྩྭ་ལས་འཕེལ་རྒྱས་ཐད་གཞི་ཁྱོན་རགས་ཙམ་ཆགས་པ། ཞིང་ལས་ལ་ལོ་ལེགས་བྱུང་བ་ལ་སོགས་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་དང་ལྷག་པར་དུ“ཞིང་གསུམ”ལས་དོན་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་གསུངས་པ་རེད།

    གཞིས་རྩེའི“ཞིང་གསུམ”དང་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལས་དོན་སྔར་བས་ཡག་པོ་སྒྲུབ་ཆེད། བློ་བཟང་རྒྱལ་མཚན་གྱིས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་བསམ་བློར་སྔར་བས་བཅིངས་འགྲོལ་གཏོང་བ་དང་བསམ་ཕྱོགས་གསལ་པོ་བཟོས་ཏེ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་རྩེ་རིམ་ཇུས་འགོད་དང་མཐའ་ཚད་བསམ་བློར་ཤུགས་སྣོན་བརྒྱབ་ནས་གཞིས་རྩེ་གྲོང་ཁྱེར་གྱི་ཐོན་ཁུངས་ལེགས་ཆ་དེ་དཔལ་འབྱོར་ལེགས་ཆར་དངོས་སུ་འགྱུར་ཐུབ་པ་བྱེད་དགོས་པ་དང་། གཟིགས་སྐྱོང་སྲིད་ཇུས་བཟོས་ཏེ་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཁེ་ལས་ཆེན་པོ་བོད་དུ་འདྲེན་འགུགས་བྱེད་པ་དང་། ཚད་གཞི་མཐོ་བའི་ས་ཞིང་འཛུགས་མགྱོགས་སུ་གཏོང་བ། ནས་ཀྱི་ཐོན་འཕར་ལག་རྩལ་ཁྱབ་གདལ་དང་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ། བོད་རང་སྐྱོང་ལྗོངས་མྱང་ཆུའི་ཆུ་རྒྱུད་ཀྱི་རྒྱལ་ཁབ་རིམ་པའི་ནས་ཐོན་ལས་གླིང་གང་མགྱོགས་རེ་ཞུ་བྱེད་པ། འབད་འཐབ་ཧུར་ཐག་བཅས་བྱས་ཏེ་ནས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ། ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱས་ཏེ་སྔོ་ཚལ་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྤུས་ལེགས་ས་བོན་གསར་པ་ནང་འདྲེན་བྱས་ནས་སྔོ་ཚལ་གྱི་ལས་དོན་དེ་ཡག་པོ་སྒྲུབ་དགོས་པ། གཟན་རྩྭའི་རྟེན་གཞི་འཛུགས་སྐྲུན་ལ་མུ་མཐུད་དམ་འཛིན་ཡག་པོ་དང་འདེབས་ལས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་རྩྭ་ཕྱུགས་ཟུང་འབྲེལ་དང་རྒྱུན་མཐུད་འཕེལ་རྒྱས་ཡག་པོ་ཡོང་བ་བྱས་ཐོག་རྩྭ་ལས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ། ཚན་རྩལ་ནས་ཐོན་འབོར་དང་། སྤུས་ཀ ཕན་འབྲས་བཅས་ཡོང་བ་མཐའ་འཁྱོངས་བྱས་ཏེ་ཁྱབ་གདལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ད་ཡོད་ཀྱི་ཆེད་ལས་ལག་རྩལ་མི་སྣ་ཡག་པོ་སྤྱོད་པ། ཞིང་འབྲོག་ལས་ཐད་ཚན་རྩལ་གྲུབ་འབྲས་གལ་ཆེན་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། གྲུབ་འབྲས་བེད་སྤྱོད་བྱེད་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཚན་རྩལ་འདེགས་སྐྱོར་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པ། ཐོན་ལས་གླིང་དང་། ཁྲོམ་རའི་བྱེད་པོ། ཐོན་ལས་དར་ཁུལ། ལས་རིགས་གསར་པའི་ཞིང་འབྲོག་པ་བཅས་གསོ་སྦྱོང་ཤུགས་ཆེན་བྱས་ནས་ཁྲོམ་རའི་ལས་དོན་ཡག་པོ་སྒྲུབ་དགོས་པ། འགག་སྒྲོལ་དཀའ་སེལ་གྱིས་གནད་སྨིན་དབུལ་སྒྲོལ་དང་། ཧེ་བག་ཅན་གྱི་སྲིད་ཇུས་ལག་བསྟར། འབབ་འཕར་བརྟན་པོའི་ལམ་སྲོལ་འཛུགས་པ། སློབ་གསོ་ཁྲིད་སྟོན། འགན་འཁྲིར་ཤུགས་སྣོན་སོགས་ལ་ཤུགས་སྣོན་བརྒྱབ་ནས་གནད་སྨིན་དབུལ་སྐྱོར་གྱི་དམག་འཐབ་ཡག་པོ་རྒྱག་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    གཞིས་རྩེར་བརྟག་ཞིབ་གནང་རིང་བློ་བཟང་རྒྱལ་མཚན་གྱིས་ད་དུང་གཞིས་རྩེ་གྲོང་ཁྱེར་དང་། རྫོང་མི་དམངས་འཐུས་ཚོགས་ཀྱི་ལས་ཁུངས་ཁག་གཅིག “མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ”བཅས་ལ་གཟིགས་ཞིབ་གནང་བ་དང་། ཁོང་གིས་དུས་བབ་གསར་པའི་འོག་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཏང་གིས་འགོ་ཁྲིད་མཐའ་འཁྱོངས་བྱེད་པ། མི་དམངས་འཐུས་ཚོགས་ལས་དོན་གྱི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་འགན་ལེན་བྱེད་པ། རང་ལྗོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་ལས་ཁུངས་དང་། མདུན་ལམ་ཡོད་པའི་དབང་འཛིན་ལས་ཁུངས། དངོས་སྒྲུབ་ཀྱི་འཐུས་མིའི་ལས་ཁུངས། འགན་འཁུར་གྱི་ལས་སྒྲུབ་ལས་ཁུངས་བཅས་སུ་ཕྱོགས་ཡོངས་ནས་བསྐྲུན་ཏེ་གཞིས་རྩེ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་གཞི་རིམ་གྱི་དམངས་གཙོའི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

    མ་དངུལ་སྒོར་དུང་ཕྱུར་23.24བཏང་བའི་གཞིས་རྩེ་གནམ་ཐང་ནས་གཞིས་རྩེ་གྲོང་ཁྱེར་བར་གྱི་ཆེད་སྤྱོད་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་ཉེར་ཡོད། ལམ་རྒྱུད་ཀྱི་མཛེས་ལྗོངས་ལྟ་ན་སྡུག་པ་དང་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་ཐུབ་ཡོད། བློ་བཟང་རྒྱལ་མཚན་གྱིས་རྣམ་གྲངས་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་ཁོང་གིས་མུ་མཐུད་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་མཛེས་སྡུག་ལྡན་པའི་འགྲོ་ལམ་ཤར་གཏོང་ཐུབ་པ་དང་སྟབས་བདེ་བའི་ལམ་ཞིག་བཏོད་ནས་རང་ལྗོངས་ཀྱི་ཕྱི་ཕྱོགས་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འགྲིམ་འགྲུལ་གྲུབ་ཆ་གལ་ཆེན་ཞིག་ཏུ་དངོས་སུ་འགྱུར་བའི་ཐུགས་རེ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།