དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ནག་ཆུར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-08-15

    ཟླ་8ཚེས་9ནས་12ཉིན་བར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་བརྟག་ཞིབ་ཚོགས་ཆུང་གི་སྣེ་འཁྲིད་དེ་ནག་ཆུ་ས་ཁུལ་དཔལ་མགོན་དང་། ཤན་རྩ། ཨ་མདོ། སྙན་རོང་། ནག་ཆུ། འབྲི་རུ། ལྷ་རི་བཅས་རྫོང་7ལ་བརྟག་ཞིབ་གནང་ཞིང་། བརྟག་ཞིབ་ཚོགས་ཆུང་དང་བཅས་པ་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བསྐྱོད་དེ་ནག་ཆུ་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་དང་། དབུལ་སྒྲོལ་འགག་སྒྲོལ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། དམངས་འཚོ་ལེགས་གཏོང་། བརྟན་ལྷིང་སྲུང་སྐྱོང་། གཞི་རིམ་ཏང་འཛུགས་སྐྱོང་སོགས་ཀྱི་ལས་དོན་ཁག་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་གཟིགས་པ་དང་འཚམས་འདྲི་ཡང་གནང་བ་རེད།

    ཟླ་8ཚེས་9ཉིན་གྱི་ཕྱི་དྲོ། ཀྲོང་ཡན་དང་བཅས་པ་དཔལ་མགོན་རྫོང་དབུལ་སྐྱོར་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་གྱི་པ་སངས་ཀྱི་ཁྱིམ་དུ་ཕེབས་ནས་ཁོང་ལ་ནང་མི་ག་ཚོད་ཡོད་དམ། འདི་གར་སྤོས་རྗེས་འཚོ་བ་ཇི་འདྲ་འདུག་གམ་ཞེས་པ་ལ་སོགས་བཀའ་འདྲི་གནང་། ཁོང་གིས“ཁྱིམ་དུ་ནང་མི་དྲུག་ཡོད། བཀོད་སྒྲིག་བྱ་ཡུལ་དུ་སྤོས་པས་སྡོད་ཁང་ཡོད་པ་དང་། ལས་ཀ་བྱ་རྒྱུ་ཡོད་པ། ཡོང་འབབ་ཡོད་པ། ཕྲུ་གུ་སློབ་གྲྭར་འགྲོ་རྒྱུ་ཡོད་པ་བཅས་ལས་འཚོ་བ་ལ་དེ་བས་རེ་བ་འདུག”ཅེས་ཞུས། ཀྲོང་ཡན་གྱིས་གསན་རྗེས་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས་པ་སངས་དང་ནང་མི་ཚོར་འབྲོག་པ་ནས་གྲོང་མིའི་བར་གྱི་འགྱུར་ལྡོག་དང་གང་མགྱོགས་འཚམ་པ་བྱེད་པ་དང་ད་ཆའི་ལས་ཞུགས་ལས་གནས་ལ་གཅེས་སྤྲས་བྱས་ཏེ་ཕྲུ་གུ་སློབ་གྲྭ་ཡག་པོ་ཞིག་འགྲིམ་རྒྱུ་ཡོད་པ་དང་རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་བྱས་ཏེ་གང་མགྱོགས་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་སྐྱེལ་རྒྱུ་ཡོང་བ་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད།

    སྙན་རོང་རྫོང་ཤག་ཆུ་ཤང་དཀར་མཆོག་འབྲོག་རར་བརྟག་ཞིབ་གནང་སྐབས། ཀྲོང་ཡན་གྱིས་དཀར་མཆོག་འབྲོག་པའི་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་དེ་ས་གནས་དེ་གའི་མང་ཚོགས་ལ་འབབ་འཕར་ཡོང་བར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་པ་མཁྱེན་རྟོགས་བྱུང་ཞིང་།

    ཁོང་གིས“ཀུང་སི་དང་། ཆེད་ལས་མཉམ་ལས་རྩ་འཛུགས། འབྲོག་དུད་བཅས་ཟུང་དུ་འབྲེལ་བའི”ཐོན་ལས་འཕེལ་རྒྱས་གཏོང་སྟངས་ལ་ལག་ལེན་ཁྲོད་ནས་དཔལ་འབྱོར་གྱི་ཕན་འབྲས་དང་ཐོན་ལས་དབུལ་སྐྱོར་གྱི་ཕན་འབྲས་ཡག་པོ་ཐོན་ཡོད་ཅེས་དགྱེས་ཚོར་ཆེན་པོའི་སྒོ་ནས་གསུངས་ཤིང་། ཁོང་གིས་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་དང་། བསྐྱར་ཟློས་ཆོག་པ་དང་ཁྱབ་གདལ་གཏོང་རུང་བའི་འབྲོག་ལས་ཐོན་ལས་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ། འབྲོག་ལས་ཐོན་ལས་ཅན་གྱི་འཕེལ་རྒྱས་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་སྐྱོད་པ། རང་ངོས་ཀྱི་འཕེལ་རྒྱས་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ནས་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་ཁྱབ་འགྱེད་དང་སྐུལ་ཁྲིད་བྱེད་དགོས་ཞེས་གསུངས།

    སེར་གླིང་མཚོ་ནི་རང་ལྗོངས་ཀྱི་མཚོ་ཆེ་ཤོས་དེ་རེད་ལ་ཀྲུང་གོའི་ཚྭ་མཚོ་ཆེ་གྲས་གཉིས་པ་དེའང་རེད། དེར་བདག་ཏུ་མ་བཟུང་བའི་སྲོག་ཆགས་འཚོ་གནས་དང་སྐྱེ་འཕེལ་དང་སྣོད་བཅུད་ཡུལ་སྐོར་ཐད་ལ་མི་མངོན་པའི་ནུས་པ་ཆེན་པོ་ལྡན་ཡོད། ཀྲོང་ཡན་གྱིས་བོད་འདི་ཉིད་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་རེད། ང་ཚོས་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་ལྟར་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱས་ནས། ནག་ཆུའི་སྣོད་བཅུད་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་སྔོན་ལ་སྲུང་སྐྱོང་མཐའ་འཁྱོངས་ཀྱིས་སྲུང་སྐྱོང་དང་གསར་སྤེལ་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་སྲུང་སྐྱོང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་གསར་སྤེལ་བྱས་ནས་སྣོད་བཅུད་ཡུལ་སྐོར་ནག་ཆུས་འཕེལ་རྒྱས་གཏོང་བའི་ལྗང་མདོག་ཐོན་ལས་ལ་འགྱུར་བར་བྱེད་དགོས་ཞེས་ནན་བཤད་ཡང་ཡང་གནང་བ་རེད།

    ཀྲོང་ཡན་དང་བཅས་པ་ད་དུང་འབྲི་རུ་རྫོང་ཚྭ་ཆུ་ཤང་ལྟ་སྨོན་དགོན་དུ་ཕེབས་ནས་དགོན་སྡོད་ལས་བྱེད་པ་དང་དགོན་པའི་དགེ་འདུན་པ་ཚོར་གཟིགས་པ་མ་ཟད། དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་ཀྱི་གནས་ཤེས་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་རྒྱ་ཆེའི་དགེ་འདུན་པ་ཚོར་རྒྱལ་གཅེས་ཆོས་གཅེས་དང་སྒྲིག་བཀུར་ཁྲིམས་སྲུང་གིས་སྲིད་ཇུས་དང་བཅའ་ཁྲིམས་སུ་སྤེལ་ཆོག་པའི་ཁྱབ་ཁོངས་ནང་ཆོས་ལུགས་བྱེད་སྒོ་སྤེལ་བ་དང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་རང་རྟོགས་ངང་སྲུང་སྐྱོང་བྱས་ནས་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་སྣ་ཚོགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས་པའི་ཐུགས་རེ་གནང་བ་དང་། ཁོང་གིས་དགོན་སྡོད་ལས་བྱེད་པ་ཚོར་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་དང་ཡང་དག་པའི་སྒོ་ནས་ལག་བསྟར་བྱེད་པ་དང་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱས་ནས་རྒྱ་ཆེའི་དགེ་འདུན་པ་ཚོ་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་གྱིས་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན། སྤྱི་ཚོགས་བརྟན་ལྷིང་བཅས་དངོས་འབྲེལ་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ནག་ཆུ་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་དང་བཞུགས་མོལ་གནང་བ་དང་འབྲེལ་ས་ཁུལ་གྱི་ལས་དོན་སྙན་སེང་གསན་རྗེས། ཀྲོང་ཡན་གྱིས་ནག་ཆུའི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུ་ནི་ནག་ཆུའི་དམིགས་བསལ་འཐབ་ཇུས་ཀྱི་ལྗོངས་བབ་དང་། སྣོད་བཅུད་འཐབ་ཇུས་ཀྱི་ཁུལ་བབ། དབུལ་སྒྲོལ་འགག་སྒྲོལ་ཁྱད་བསད། འཕེལ་རྒྱས་ཀྱི་ཧེ་བག་ཆུང་གཏོང་། ཤེས་ལྡན་པ་དཀོན་པའི་གནད་དོན་ཐག་གཅོད་སོགས་ཀྱི་དངོས་ཡོད་གནད་དོན་གྱིས་གཏན་འཁེལ་བྱས་པ་ཞིག་རེད། ནག་ཆུ་ས་ཁུལ་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས་ལྗོངས་ཡོངས་ཀྱི་གོམ་སྟབས་ཀྱི་རྗེས་སུ་སྙེག་པར་ངེས་པར་དུ་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་ཁ་གསལ་བཟོས་ཏེ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། དམངས་འཚོ་ལེགས་སུ་ཤུགས་ཆེན་གཏོང་བ། སྣོད་བཅུད་སྲུང་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཏང་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་ཀྱིས་2020ལོར་སླེབས་སྐབས་ནག་ཆུ་ས་ཁུལ་ལྗོངས་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་འགན་ལེན་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།