དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་གཞིས་རྩེ་གྲོང་ཁྱེར་གྱི་དེང་རབས་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་ཐད་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-08-14

    425154_yis_1502599072663.jpg

    འདི་ནི་བློ་བཟང་རྒྱལ་མཚན་གྱིས་བསམ་གྲུབ་རྩེ་ཆུས་རྒྱ་མཚོ་གཞུང་ཤང་སྦེ་ཚབ་གྲོང་ཚོའི་ནས་སྐྱེ་འཚར་ལ་གཟིགས་ཞིབ་གནང་བའི་གནས་ཚུལ་ཡིན་པ།

    ཟླ་8ཚེས་9ནས་12ཉིན་བར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་དང་། པ་སྣམ་རྫོང་། རྒྱལ་རྩེ་རྫོང་། རྣམ་གླིང་རྫོང་བཅས་ཀྱི་ཞིང་ནང་མུ་ཁ་དང་། དྲོད་ཁང་ཆེ་མོའི་ཕྱུགས་ཚང་། ཁེ་ལས་གླིང་ཁུལ་བཅས་སུ་ཕེབས་ནས་དེང་རབས་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཞིང་ལས་ཚན་རྩལ་ཡར་ཐོན་ལ་མཐོང་ཆེན་དང་དེར་བརྟེན་ནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ས་ཁོངས་ཀྱི་ཚད་བཀག་མེད་པ་བཟོ་བ། དེང་རབས་ཕན་ཆེའི་ཞིང་ལས་ཀྱི་ལམ་བུའི་ཐོག་སྐྱོད་པ་བཅས་བྱས་ནས་ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    རྒྱལ་རྩེ་གྲོང་རྡལ་ཤར་ཕྱོགས་གྲོང་ཚོའི་ནས་མུའུ་སྟོང་དང་རྒྱ་མ་སྟོང་གི་དཔེ་སྟོན་ས་ཚིགས་དང་བསམ་གྲུབ་རྩེ་ཆུས་ཀྱི་ནས་ཐོན་འཕར་བྱ་སྤྱོད་ཐོན་མཐོ་གཏོད་པའི་དཔེ་སྟོན་རྟེན་གཞིར་རླུང་བུའི་ལྡང་ཕྱོགས་དང་བསྟུན་ནས་འབྲས་བུའི་ཁུར་གྱིས་ལྗིད་པའི་སྙེ་མས་མགོ་ལྕོག་ལྡེམ་བཞིན་ཡོད་པ་རེད། བློ་བཟང་རྒྱལ་མཚན་ཞིང་ནང་དུ་ཕེབས་ཏེ་ནས་ཀྱི་འབྲུ་རྡོག་དང་། ཚོས་གཞི། སྡོང་པོའི་རིང་ཚད་བཅས་ལ་བྱང་ཆུབ་པའི་ངང་གཟིགས་ཞིབ་གནང་བ་དང་འབྲེལ་ཞིང་ཁ་རྨོ་བ་དང་སོན་འདེབས་བྱེད་པ་ནས་རྔ་བསྡུ་དང་གཡུལ་ལས་གཏོང་བའི་བར་གྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། ཁོང་གིས་ནས་ནི་རང་ལྗོངས་ཀྱི་དེང་རབས་ཞིང་ལས་ཀྱི་གཙོ་ཁྲིད་ཐོན་ལས་ཤིག་དང་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པའི་རྨང་གཞི་གལ་ཆེན་ཞིག་རེད། ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ་ནས་ཐོན་སྐྱེད་ཀྱི“འཕར་བ་གཉིས”ཀྱི་བྱ་སྤྱོད་མུ་མཐུད་ལག་ལེན་ཤུགས་ཆེན་བསྟར་ཏེ་ནས་ཞིང་འདེབས་ཁྱོན་ཆེ་རུ་གཏོང་བ་དང་ནས་ཀྱི་སོན་བཟང་ཁྱབ་གདལ་གཏོང་རྒྱུ་དེ་འདེབས་འཛུགས་ལས་རིགས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་པའི་གཙོ་གནད་ཅིག་ཏུ་བརྩིས་ནས་རྒྱལ་ཁབ་རིམ་པའི་ནས་ཐོན་ལས་གླིང་བསྐྲུན་ཏེ“འཛམ་གླིང་ནས་ཀྱི་དར་ཡུལ”སྤུས་རྟགས་རྒྱལ་སྤྱིའི་ཁྲོམ་རའི་ཐོག་འདོན་དགོས། ཞིང་ནང་གཡོག་བྱེད་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་སོན་བཟང་དང་འབྲུ་རིགས་ཀྱི་རྟེན་གཞི་ཡག་པོ་བསྐྲུན་ཏེ་ཞིབ་ཚགས་ཅན་ལ་བརྟེན་ནས་ཞིང་ལས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་ཐོན་མཐོ་གཏོད་པའི་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ནས་ཀྱི་བདེ་འཇགས་འགན་ལེན་བྱ་ཆེད་རྨང་གཞི་བརྟན་པོ་འདིང་དགོས་པ། ཚན་རྩལ་ཁྱབ་གདལ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ས་ཞིང་ཡོངས་རྫོགས་ལ“ཚན་རིག་དང་མཐུན་པའི་གཡོག་བྱེད”ཡག་པོ་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

    མུའུ་ཁྲིའི་ཇོ་རིའི་སྐྱེ་ལྡན་སྔོ་ཚལ་པ་སྣམ་ཐོན་སྐྱེད་རྟེན་གཞིར་ཕེབས་སྐབས། དེང་རབས་ཅན་གྱི་རིག་ནུས་འགྱིག་ཤོག་དྲོད་ཁང་ཆེ་མོའི་ནང་སྔོ་ཚལ་སྣ་ཚོགས་སྐྱེ་འཚར་བཟང་པོ་ཡོད་པ་རེད། བློ་བཟང་རྒྱལ་མཚན་གྱིས་གླིང་གི་ལས་དོན་མི་སྣའི་ངོ་སྤྲོད་ནན་ཏན་གསན་རྗེས་པ་སྣམ་གྱི་སྔོ་ཚལ་ཐོན་ལས་ཀྱི་འཕེལ་རྒྱས་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་དེང་རབས་ཞིང་ལས་ཐོན་སྐྱེད་ལག་རྩལ་ཁྱབ་གདལ་ཤུགས་ཆེན་བཏང་ནས་ཚན་རྩལ་ཐོན་སྐྱེད་དཔེ་སྟོན་བརྒྱུད་ས་གནས་དེ་གའི་སྲོལ་རྒྱུན་ཞིང་ལས་དེང་རབས་ཞིང་ལས་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ་དང་སྔོ་ཚལ་ཐོན་ལས་ཁྱད་ལྡན་སྐྱེ་ལྡན་སྔོ་ཚལ་ལ་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས་པ། ས་ཁོངས་དཔལ་འབྱོར་ཁྱབ་ཚུལ་ལེགས་སྒྲིག་བྱས་ནས་ལྗོངས་ཕྱིའི་ཁྲོམ་རར་དམིགས་ཏེ་ས་མཐོའི་སྐྱེ་ལྡན་སྔོ་ཚལ་ཁྱད་ལྡན་ཐོན་སྐྱེད་རྟེན་གཞི་དང་མཚོན་བྱེད་སྤུས་རྟགས་ནུས་ལྡན་བཏོད་ཐོག་ཞིང་འབྲོག་པར་འབབ་འཕར་ཏན་ཏིག་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    རྣམ་གླིང་རྫོང་གི་མུའུ་ཁྲི་ལྔའི་སྣོད་བཅུད་སླར་གསོའི་མི་ཐབས་ལ་བརྟེན་པའི་གཟན་རྩྭའི་རྟེན་གཞིར་ཕེབས་སྐབས་མུའུ་ཁྲིའི་གཟན་རྩྭ་ལུང་ཤུར་དུ་སྐྱེ་འཚར་བཟང་པོ་ཡོད་པ་དང་། སོག་མ་དང་། རྩྭ་འབུ་སུ་ཧང་རླུང་བུའི་ཁྲོད་མགོ་བོ་ལྡེམ་ལྡེམ་བྱེད་བཞིན་ཡོད་པ་རེད། “ཡར་ཀླུང་གཙང་པོའི་བྱང་ངོགས་སྣོད་བཅུད་དཔེ་སྟོན་ཁུལ”གྱི་ནགས་ཁྲོད་ལྗོངས་གཟིགས་སྟེགས་བུར་འཛེགས་ནས་བལྟ་སྐབས་ཤང་ཆུའི་ཤར་རྒྱུད་དང་ཡར་ཀླུང་གཙང་པོའི་བྱང་རྒྱུད་དུ་གང་སར་ལྗོན་ཤིང་སྐྱེ་འཚར་བཟང་པོ་ཡོད་པ་རེད། པ་སྣམ་རྫོང་དགའ་སྡོང་གྲོང་རྡལ་གྱི་མུའུ་ཁྲིའི་འདྲེ་ཚེར་མའི་སྣོད་བཅུད་ལྗོངས་གཟིགས་སྐྱེད་ཚལ་དུ་ཕེབས་སྐབས་མུའུ་སུམ་སྟོང་གི་འདྲེ་ཚེར་མ་སྐྱེ་ཚུལ་བཟང་པོ་བྱུང་ནས་སྔོ་ཐིང་ངེར་གནས་ཡོད་པ་རེད། ཡིན་ནའང་ལོ་ཁ་ཤས་ཀྱི་གོང་དེ་ཁུལ་ནི་ཐང་རྒོད་ཡིན་པ་དང་གང་སར་བྱེ་རླུང་ཤུགས་ཆེན་ལྡང་གི་ཡོད་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པ་དང་འདྲེ་ཚེར་མ་འདེབས་པའི་ཉམས་མྱོང་དང་ཚན་ཞིབ་གྲུབ་འབྲས་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་གཟན་རྩྭ་འདེབས་རྒྱུ་ནི་རྣམ་གླིང་རྫོང་གི་ལེགས་ཆ་ལྡན་པའི་ཐོན་ལས་ཤིག་ཡིན་པས་འཕེལ་རྒྱས་ཀྱི་འཆར་འགོད་ཡག་པོ་བཟོས་ནས་གྲོང་ཁྱེར་ཡོངས་དང་། ཐ་ན་ལྗོངས་ཡོངས་ཀྱི་གཟན་རྩྭའི་རྟེན་གཞི་གཏོད་དགོས་པ་དང་། གཟན་རྩྭ་དང་འདྲེ་ཚེར་མའི་ཞོར་སྣོན་རིན་ཐང་མཐོ་རུ་བཏང་ནས་སྣེ་འདྲེན་ཁེ་ལས་ནང་འདྲེན་བྱས་ཏེ་གཟན་རྩྭ་དང་འདྲེ་ཚེར་མ་ལས་སྣོན་ཞིབ་ཚགས་བྱས་ཐོག་ཁྱད་ལྡན་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་དགོས་པ། ཡུལ་བབ་དང་བསྟུན་པ་དང་ལུགས་མཐུན་གོ་རིམ་ལྡན་པའི་ངང་གཞི་ཁྱོན་ཆེ་རུ་བཏང་ནས་ཐོན་ལས་གཅིག་འདུས་གླིང་སྐྲུན་པ་དང་། ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་ལས་ཀྱི་འཁོར་འབྲེལ་གཏོད་པ་བཅས་བྱས་ཏེ་སྣོད་བཅུད་སྲུང་སྐྱོང་འཛུགས་སྐྱོང་དང་ཞིང་འབྲོག་ལས་ཕན་ཆེ་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་གཉིས་ཁེའི་ལམ་བུའི་ཐོག་སྐྱོད་དགོས་ཞེས་གསུངས་པ་རེད།

    བོད་ལྗོངས་ཇོ་མོ་ལྷ་རི་རིག་གནས་ཐོན་ལས་བརྒྱུད་སྤེལ་ཚད་ཡོད་ཀུང་སི་བཙུགས་ནས་ལོ་ལྔ་སོང་ཚུན་རིམ་རྩིས་ལྟར་ན། དུད་ཚང་དབུལ་པོའི་མི་40ལྷག་ཙམ་ལ་རྩལ་ནུས་གསོ་སྦྱོང་བྱས་པ་དང་འབྲེལ་ལས་ཞུགས་ཐུབ་ཡོད་པ་དང་། རྒྱལ་རྩེ་རྫོང་མྱང་སྟོད་ཤང་ཉི་མ་བོད་ལུགས་ཁ་གདན་ལས་སྣོན་ཞིང་པའི་ཆེད་ལས་མཉམ་ལས་ཁང་ནི་སློབ་གྲྭ་ཆེ་མོ་བའི་ལས་གཏོད་རྣམ་གྲངས་ཤིག་ཡིན་པ་དང་། མཉམ་ལས་ཁང་བཙུགས་ནས་ལོ་3སོང་ཚུན་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི50ལྷག་ཙམ་གྱི་ལས་ཞུགས་དཀའ་བ་དང་། ཡོང་འབབ་དམའ་བ། རྩལ་ནུས་མེད་པ་བཅས་ཀྱི་དཀའ་གནད་བསལ་བ་རེད། བློ་བཟང་རྒྱལ་མཚན་གྱིས་ཁེ་ལས་ཀྱི་འཕེལ་རྒྱས་གནས་ཚུལ་དང་དེ་བཞིན་འཕྲད་པའི་དཀའ་གནད་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། ཁོང་གིས་ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་ཁྲོམ་རའི་མདུན་ལམ་ཆེན་པོ་ལྡན་ཡོད་པས་རང་ལྗོངས་སུ་འགག་རྩ་ནི་ཐོན་ལས་ཅན་གྱི་གཉེར་སྐྱོང་བྱས་ནས་གཞི་ཁྱོན་ཆགས་པ་དང་སྤུས་རྟགས་གཏོད་རྒྱུ་དེ་རེད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།