དབུ་ཤོག>སྲིད་དོན།
  • ཆབ་སྲིད་ཀྱི་གནས་བབ་མཐོར་གཏོང་དང་རྣམ་གྲངས་ཀྱི་མ་དངུལ་དོན་འཁྱོལ་བྱས་ཏེ་ནག་ཆུའི་བྱ་གཞག་ཁག་མགྱོགས་མྱུར་འཕེལ་རྒྱས་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-08-09

    ཚེས་6ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་ཏེ་ནག་ཆུའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་རྒྱབ་སྐྱོར་བྱེད་པའི་གཙོ་གནད་རྣམ་གྲངས་ཀྱི་འཆར་གཞི་དང་མ་དངུལ་བཀོད་སྒྲིག་ལ་ཞིབ་འཇུག་བྱས་ནས་ནག་ཆུའི་ལས་དོན་ཚོགས་འདུ་བདེ་བླག་ངང་འཚོག་ཐུབ་པའི་འགན་ལེན་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་ཚོགས་འདུར་ཕེབས་པ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད།

    ཀྲོང་ཡན་གྱིས་ནག་ཆུ་འདི་ཉིད་མཚོ་བོད་ས་མཐོའི་ལྟེ་བར་གནས་ནས་ས་ཁམས་ཆགས་སྟངས་དམིགས་བསལ་དང་ཆ་རྐྱེན་ཤིན་ཏུ་དཀའ་ཚེགས་ཆེ་བས་དེ་ནི་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་ཁྲོད་ཀྱི་དབུལ་ཤོས་དང་། དཀའ་ངལ་ཆེ་ཤོས། འགག་སྒྲོལ་ཁག་ཤོས་བཅས་རེད། ནག་ཆུའི་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་ནི་ནག་ཆུ་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བའི་གཏིང་ཤུགས་དང་འབྲེལ་བ་ཡོད་ལ་ནག་ཆུ་འདི་ཉིད་ལྗོངས་ཡོངས་དང་དུས་གཅིག་ཏུ་དུས་བཀག་བཞིན་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་ལེགས་འགྲུབ་བྱ་རྒྱུ་དང་ཡང་འབྲེལ་བ་ཡོད། སྡེ་ཚན་ཁག་གིས་ལྗོངས་ཡོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་སྤྱི་ཡོངས་ལ་སྐུལ་མ་གཏོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ནག་ཆུའི་ལས་དོན་ཚོགས་འདུ་འཚོག་རྒྱུའི་གཏན་འཁེལ་བྱས་པའི་དམིགས་བསལ་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ནག་ཆུའི་ལས་དོན་གྱི་འཕེལ་རྒྱས་རྨང་གཞི་དང་དེར་འཕྲད་པའི་དུས་བབ་ལས་འགན་སྟངས་འཛིན་ཡང་དག་བྱེད་པ། རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་བཅས་ཀྱི་སྒོ་ནས་ནག་ཆུའི་བྱ་གཞག་ཁག་མགྱོགས་མྱུར་འཕེལ་རྒྱས་ཡོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས་ཞེས་གསུངས་པ་རེད།


     ཀྲོང་ཡན་གྱིས་ནག་ཆུའི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུར་བསམ་གཞིག་བྱས་ནས་འཆར་འགོད་ཀྱི་ཁྲིད་སྟོན་མཐའ་འཁྱོངས་བྱེད་པར “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ནག་ཆུའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་པའི་ཇུས་གཞི་ཡག་པོ་བཟོ་བ་དང་། དམངས་འཚོ་སྔར་བས་འགན་ལེན་དང་ལེགས་སུ་གཏོང་བ། འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པ། སྤྱི་ཚོགས་བརྟན་ལྷིང་འགན་ལེན་བྱེད་པ། ཁྱད་ལྡན་ལེགས་ཆའི་ཐོན་ལས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ་དང་། རྨང་གཞིའི་འཛུགས་སྐྲུན་སྔོན་ལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པར་སྡེ་ཚན་ཁག་གིས་ནག་ཆུ་ས་ཁུལ་གྱི་ཆུ་དང་། གློག ལམ། འཕྲིན་གཏོང་། གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་སོགས་གཙོ་གནད་རྣམ་གྲངས་མགྱོགས་མྱུར་འཛུགས་སྐྲུན་བྱ་རྒྱུར་མུ་མཐུད་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ་ནག་ཆུ་ས་ཁུལ་དང་ལྗོངས་ཕྱི་ནང་སྦྲེལ་མཐུད་ཤར་གཏོང་ཡོང་བར་ཤུགས་སྣོན་རྒྱག་དགོས་པ། དམངས་འཚོ་སྔོན་ལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པར་ནག་ཆུ་ས་ཁུལ་གྱི་དམངས་འཚོ་འགན་ལེན་དང་ལེགས་བཅོས་ཐད་རྒྱབ་སྐྱོར་བྱ་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། ནག་ཆུ་ས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་ཀྱི་སྤུས་ཚད་གང་མགྱོགས་མཐོ་རུ་འགྲོ་རྒྱུར་རོགས་རམ་ཏན་ཏིག་བྱེད་པ། སྨན་བཅོས་དང་འཕྲོད་བསྟེན་ཐད་ཀྱི་ཞན་ཆ་གསབ་པ། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ། མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱེད་དགོས་པ། སྣོད་བཅུད་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པར་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ལ་གཏོང་ཆ་གཏོང་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། རྩྭ་ཐང་དང་། ནགས་ཚལ། གཙང་པོ་དང་ཆུ་བོའི་ཆུ་འགོ མཚེའུ། འཁྱགས་རོམ་སོགས་ཁོར་ཡུག་སྲུང་སྐྱོང་གི་སྒྲིག་བཀོད་འཛུགས་སྐྲུན་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཀྱི་སྒོ་ནས་སྣོད་བཅུད་ཁོར་ཡུག་རྒྱུན་སྲིང་འཕེལ་རྒྱས་ཡག་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ། ནག་ཆུའི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྤྱི་འདོམས་བཀོད་གཏོང་དང་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པར་འབྲེལ་ཡོད་ཕྱོགས་ཁག་གིས་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་ཏན་ཏིག་གཏོང་བ་དང་ཞིབ་འཇུག་གཏིང་ཟབ་བྱས་ནས་ནག་ཆུའི་དོན་དངོས་དང་ཟུང་འབྲེལ་གྱིས་རྒྱབ་སྐྱོར་ནུས་ལྡན་ཐུབ་པའི་བྱ་ཐབས་གལ་ཆེན་བཏོན་ནས་ནག་ཆུ་འདི་ཉིད་རྒྱལ་ཡོངས་དང་ལྗོངས་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།