དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་ནེ་པ་ལའི་ཙུང་ལི་ཟུར་པ་ཁཱ·ཕུའུ·ཤར་མཱ·ཨའོ་ལི་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-07-31

     ཚེས་27ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ལྷ་སར་རང་ལྗོངས་སུ་འཚམས་འདྲིར་ཕེབས་པའི་ནེ་པ་ལའི་ཙུང་ལི་ཟུར་པ་ནེ་པ་ལ་གུང་ཁྲན་ཏང(མཉམ་འབྲེལ་མར་ལེ)གི་ཀྲུའུ་ཞི་ཁཱ·ཕུའུ·ཤར་མཱ·ཨའོ་ལི་བཅས་པ་དང་མཇལ་འཛོམས་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཅུས་ཅན་ཧྭ། དེ་བཞིན་ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་བ་ཀ་པིན་ཏ·པ་ཧ་ཏུར·ཁར་ཅི་བཅས་མཇལ་འཛོམས་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཁཱ·ཕུའུ·ཤར་མཱ·ཨའོ་ལི་དང་བཅས་པ་བོད་དུ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་ཤིང་། ཁོང་གིས་ཀྲུང་ནེ་རྒྱལ་ཁབ་གཉིས་རི་ཆུ་སྦྲེལ་བ་དང་། མཆུ་སོ་བརྟེན་རེས། སྙིང་ཉེ་ལྟ་བུའི་བརྩེ་བ་ཟབ་མོ་ལྡན་ཡོད། 1955ལོར་ཕྱི་འབྲེལ་བཙུགས་ཚུན། རྒྱལ་སྤྱིའི་གནས་བབ་དང་རྒྱལ་ཁབ་གཉིས་ཀྱི་རྒྱལ་ནང་གི་གནས་ཚུལ་ལ་འགྱུར་ལྡོག་ཇི་ལྟར་ཕྱིན་ནའང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་ལྷིང་གི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཐུབ་ནས་རྒྱལ་ཁབ་དབར་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་ཞི་མཐུན་མཉམ་གནས་ཀྱི་དཔེ་མཚོན་ཞིག་རེད་ཅེས་བཤད་ཆོག ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་པོས་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་པ་དང་ཆབ་སྲིད་ཐད་ཕན་ཚུན་འགྲོ་འོང་ཡང་ཡང་བྱས་པས། དཔལ་འབྱོར་ཉོ་ཚོང་དང་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་འཕེལ་རྒྱས་མགྱོགས་པོ་ཕྱིན་པ་དང་། རྒྱལ་སྤྱིའི་ལས་དོན་ཁྲོད་མཐུན་སྦྱོར་དང་གཞོགས་འདེགས་དམ་ཟབ་རྒྱུན་འཁྱོངས་བྱུང་བ་དང་། ལྷག་པར་དུ་2015ལོའི“4·25”ས་ཡོམ་དྲག་པོའི་ཁྲོད་ཀྲུང་ནེ་ཕྱོགས་གཉིས་པོས་སྐྱིད་སྡུག་མཉམ་མྱོང་དང་དཀའ་བ་མཉམ་བསད་བྱས་པས། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་སྔར་བས་ཟབ་ཏུ་ཕྱིན་པ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། ནེ་པ་ལས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱས་ནས་སྟོབས་ཤུགས་གང་རུང་ཞིག་གིས་ནེ་པ་ལའི་ཁྱབ་ཁོངས་སུ་ཀྲུང་གོར་ངོ་རྒོལ་བྱེད་པའི་བྱེད་སྤྱོད་གཏན་ནས་སྤེལ་དུ་བཅུག་མེད་པས། ང་ཚོས་གནད་དོན་དེར་ཚད་མཐོའི་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས།

    བློ་བཟང་རྒྱལ་མཚན་གྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་ཞིང་། ཁོང་གིས་བོད་རང་སྐྱོང་ལྗོངས་ཀྱིས་མཐའ་འཁོར་གྱི་ཕྱི་འབྲེལ་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བྱེད་ཕྱོགས་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་། ནེ་པ་ལ་དང་དཔལ་འབྱོར་ཉོ་ཚོང་གི་མ་འཇོག་མཉམ་ལས་དང་། མི་སྣ་འགྲོ་འོང་། ཕན་ཚུན་སྦྲེལ་མཐུད་བཅས་མུ་མཐུད་མང་དུ་གཏོང་བ། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་སྦྲེལ་མཐུད་གོ་སྐབས་སུ་བརྩིས་ནས། བོད་རང་སྐྱོང་ལྗོངས་དང་ནེ་པ་ལར་གཉིས་ཁེ་གཉིས་ཕན་ཧུར་ཐག་ཐོབ་པ་བྱས་ཏེ་ཀྲུང་ནེ་ཕྱོགས་གཉིས་ཀྱི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་ཡུན་རིང་སྐྱོན་བྲལ་བརྟན་ལྷིང་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་གསུངས།

    ཁཱ·ཕུའུ·ཤར་མཱ·ཨའོ་ལི་ཡིས་ཀྲུང་གོ་དང་ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཀྱིས་ནེ་པ་ལར་རོགས་སྐྱོར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ནེ་པ་ལ་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་སྲིད་ཇུས་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱས་ནས་མི་སུ་འདྲ་ཞིག་གིས་ཀྱང་ནེ་པ་ལར་ཀྲུང་གོར་ངོ་རྒོལ་བྱེད་པའི་བྱེད་སྤྱོད་གཏན་ནས་སྤེལ་དུ་འཇུག་གི་མེད། ཀྲུང་གོའི་བོད་རང་སྐྱོང་ལྗོངས་ནི་ཀྲུང་ནེའི་འགྲོ་འོང་གི་བགྲོད་ལམ་གལ་ཆེན་ཞིག་རེད། ནེ་པ་ལ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ་མ་ཟད་དེའི་ནང་ཧུར་ཐག་ཞུགས་པ་དང་། ཀྲུང་གོའི་བོད་རང་སྐྱོང་ལྗོངས་དང་ཉོ་ཚོང་དང་། རྨང་གཞིའི་སྒྲིག་བཀོད། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་དེ་བས་གཏིང་ཟབ་པའི་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཀྲུང་ནེ་རྒྱལ་ཁབ་གཉིས་པོའི་ཁྱིམ་མཚེས་མཛའ་མཐུན་འབྲེལ་བ་དར་རྒྱས་གོང་འཕེལ་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།