དབུ་ཤོག>སྲིད་དོན།
  • ཅང་ཅེས་ལྷ་སར་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་གསུམ་གྱི་གཞུང་ཚབ་ཚོགས་པ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2017-07-29
            ཚེས་26ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་ལྷ་སར་ཀྲུང་གོར་བཅའ་སྡོད་ཐ་ཇིག་སི་ཐན་གྱི་གཞུང་ཚབ་ཆེ་མོ་བ་ཕར་ཝེ་ཚི·ཏཱ་ཧྥུའུ་ལ་ཐེ་ཙུའོ་ཏཱ་དང་། ཀྲུང་གོར་བཅའ་སྡོད་ཁེར་གྷི་སི་ཐན་གྱི་གཞུང་ཚབ་ཆེ་མོ་བ་ཨཱ་ཀྲ་མཱ་ཐེ·ཝུའུ་ཤེ་ནོ་ཧྥུའུ། ཀྲུང་གོར་བཅའ་སྡོད་ཧ་སག་སི་ཐན་གྱི་གཞུང་ཚབ་ཁང་གི་སྲིད་དོན་ཚན་ཙན་ཨཱ་པུའུ་ཐཱ་ལི་ཕུའུ·ཨེ་མཱ་ཧཱ་ནོ་ཧྥུའུ་བཅས་པ་དང་མཇལ་འཛོམས་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལྗོངས་ཕྱི་དོན་དང་ཕྱིར་སྡོད་རང་མིའི་གཞུང་དོན་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཅུས་ཅན་ཧྭ་མཇལ་འཛོམས་གནང་སྐབས་ལྷན་དུ་ཕེབས་པ་རེད།

    ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་ངོ་སྤྲོད་མདོར་བསྡུས་གནང་རྗེས། ཅང་ཅེས། མིག་སྔར་བོད་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་ལོ་རྒྱུས་ཐོག་གི་དུས་སྐབས་ཡག་ཤོས་ཀྱི་གྲས་སུ་སླེབས་ཡོད། ཀྲུང་གོའི་བོད་རང་སྐྱོང་ལྗོངས་འདི་ཉིད“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་མཚམས་ཚིགས་གལ་ཆེན་ཞིག་ཡིན་པའི་ཆ་ནས། ཉེ་བའི་ལོ་ཤས་རིང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཁག་དབར་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་དང་མཛའ་གྲོགས་འགྲོ་འོང་གཏིང་ཟབ་ཏུ་འགྲོ་གི་ཡོད་པས། མཉམ་ལས་ཀྱི་བར་མཐོངས་དང་གཏིང་ཤུགས་ཆེན་པོ་ལྡན་ལ། ཕྱོགས་གཉིས་ཀྱིས་ནུས་རྒྱུ་དང་། འགྲིམ་འགྲུལ། ཡུལ་སྐོར། ཚོང་དོན། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་གཉིས་ཁེ་གཉིས་ཕན་ཡོང་རྒྱུ་དང་། གཞུང་ཚབ་རྣམ་པ་བོད་དུ་མང་ཙམ་ཕེབས་པ་དང་མང་ཙམ་གཟིགས་ནས་དོན་དངོས་དང་མཐུན་པར་འཕེལ་རྒྱས་འགྲོ་བཞིན་པའི་བོད་ལྗོངས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཁག་ལ་ཇི་མ་ཇི་བཞིན་དུ་ངོ་སྤྲོད་བྱས་ནས་མི་སྔར་བས་མང་པོས་བོད་ཀྱི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་ཤེས་རྟོགས་བྱེད་དུ་འཇུག་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།

    ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་གསུམ་གྱི་གཞུང་ཚབ་ཀྱིས། བོད་དུ་སྡོད་རིང་བོད་ཀྱི་འཕེལ་རྒྱས་དང་འཛུགས་སྐྲུན་ཐད་ཀྱི་གྲུབ་འབྲས་ཆེན་པོ་དང་། བོད་ཀྱི་སྲོལ་རྒྱུན་མི་རིགས་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྡོད་ལས་བརྩོན་གྱི་མཛེས་སྡུག་ལྡན་པའི་འཚོ་བ་བཅས་དངོས་སུ་མཐོང་བ་དང་། ཀྲུང་གོའི་བོད་རང་སྐྱོང་ལྗོངས་དང་མཛའ་གྲོགས་མཉམ་ལས་སྔར་བས་གཏིང་ཟབ་བྱེད་པ་དང་། དམངས་ཁྲོད་ཀྱི་སྤེལ་རེས་དང་འབྲེལ་འདྲིས་ལ་ཤུགས་སྣོན་གྱིས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་སྤྱོད་བྱ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།