དབུ་ཤོག>སྲིད་དོན།
  • སི་ཁྲོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱི་ཞིང་ལས་ཚན་རྩལ་མཉམ་ལས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-07-27

    ཚེས་24ཉིན་གྱི་ཕྱི་དྲོ། སི་ཁྲོན་ཞིང་ཨུད་ཀྱི་རྒྱུན་ཨུ་དང་གྲོང་གསེབ་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཆུས་མུའུ་ཧྲི་ཧ་ཡིས་སྣེ་ཁྲིད་གནང་བའི་བརྟག་ཞིབ་ཚོགས་ཆུང་དང་བཅས་པ་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་དུ་ཕེབས་ནས་ཁྲོན་བོད་ཞིང་ལྗོངས་གཉིས་ཀྱི་ཞིང་ལས་ཚན་རྩལ་མཉམ་ལས་གནས་ཚུལ་ལ་རྟོག་ཞིབ་གནང་བ་དང་སྦྲགས་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་དང་བཞུགས་མོལ་ཡང་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་བཞུགས་མོལ་ཚོགས་འདུའི་ཐོག་གསུང་བཤད་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་གྱིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་བཅས་ཀྱི་ཚབ་ཞུས་ནས་བརྟག་ཞིབ་ཚོགས་ཆུང་དང་བཅས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་སི་ཁྲོན་ཞིང་ཆེན་གྱི་ཞིང་ལས་ཚན་རྩལ་ཁོངས་གཏོགས་ཀྱིས་དུས་ཡུན་རིང་པོའི་ནང་རང་ལྗོངས་ཀྱི་ཞིང་འབྲོག་ལས་ཀྱི་ཚན་རྩལ་ལས་དོན་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་རང་ལྗོངས་ཀྱི་གཞི་རྩའི་གནས་ཚུལ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ངོ་སྤྲོད་མདོར་བསྡུས་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་2014ལོར་སི་ཁྲོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་ཚན་རིག་ཁང་དབར་ཚན་རྩལ་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་ཡོད། ལོ་གསུམ་རིང་ཚན་རྩལ་གསར་གཏོད་དང་། གྲུབ་འབྲས་གཞན་སྒྱུར། ཤེས་ལྡན་མི་སྣ་གསོ་སྐྱོང་། ཞིང་ཞོར་ཐོན་ཟོག་སྤུས་བཤེར་ནུས་པ་འཛུགས་སྐྱོང་སོགས་ཀྱི་ཐད་མཉམ་ལས་གཏིང་ཟབ་བྱས་པར་བརྟེན་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། སི་ཁྲོན་ཞིང་ཆེན་ཞིང་འབྲོག་ཚན་རིག་ཁང་གིས་རང་ལྗོངས་ལ་ལྟེ་བའི་འགག་རྩའི་ལག་རྩལ་ཁག་གཅིག་ཐག་གཅོད་བྱས་པ་དང་། ཚན་རྩལ་གྱི་གྲུབ་འབྲས་གལ་ཆེན་ཁག་གཅིག་གཞན་སྒྱུར། གསར་གཏོད་ཀྱི་ཚོགས་པ་ཁག་གཅིག་གསོ་སྐྱོང་། ས་གནས་དེ་རང་གི་ཤེས་ལྡན་མི་སྣ་ཁག་གཅིག་གསོ་སྐྱོང་བཅས་བྱས་པར་བརྟེན་བོད་ཀྱི་ཞིང་ཞོར་ཐོན་ཟོག་གི་སྤུས་ཚད་བདེ་འཇགས་ཞིབ་དཔྱད་མ་ལག་འཐུས་སྒོ་ཚང་དུ་ཕྱིན་ཡོད། བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་ཀྱང་རང་ངོས་ཀྱི་ནས་འདེབས་འཛུགས་དང་། འབྲི་གཡག་གསོ་ཚགས། མཐོ་གྲང་འབྲོག་ཁུལ་དུ་གཟན་རྩྭ་འདེབས་འཛུགས་སོགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་སི་ཁྲོན་ལ་རིན་མེད་ངང་ནས་ཀྱི་སོན་གསར་པ་མཁོ་འདོན་བྱས་ཏེ་ས་གནས་དེ་གའི་ནས་ལ་ཐོན་འཕར་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད་ཅེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་མིག་སྔར་རང་སྐྱོང་ལྗོངས་ཀྱིས་ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་བླང་བྱར་གཞིགས་ཏེ་ནས་དང་། འབྲི་གཡག ལུག བཞོན་མ། བོད་ཕག གཟན་རྩྭ་སོགས་ཐོན་ལས་ཆེན་པོ་དྲུག་འཕེལ་རྒྱས་གཏོང་རྒྱུའི་ཐད་གཞོལ་བ་དང་ལས་དོན་ཁག་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ཞིང་འབྲོག་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་འདེགས་སྐྱོར་ཡོད་དགོས། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་མཉམ་ལས་ཟབ་མོར་ཚད་མཐོའི་མཐོང་ཆེན་དང་ཞིབ་འཇུག་ནན་ཏན་བྱས་ནས་སི་ཁྲོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་ཚན་རྩལ་མཉམ་ལས་ལ་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་སྲིད་ཇུས་དང་ཞིབ་ཕྲའི་བྱེད་ཐབས་བཏོན་ཏེ་མཉམ་ལས་རྣམ་གྲངས་དང་ཚན་རྩལ་གསར་གཏོད་ཀྱི་ལས་སྟེགས་གསར་པ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ས་མཐོའི་ས་ཁུལ་གྱི་ཁྱད་ལྡན་འདེགས་འཛུགས་ལས་རིགས་ཀྱི་འགག་རྩའི་ལྟེ་བའི་ལག་རྩལ་ཐད་མཉམ་དུ་འགག་སྒྲོལ་དང་མཐུན་སྦྱོར་གསར་གཏོད་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་རང་འགུལ་ངང་འབྲེལ་མཐུད་བྱས་ཏེ་ནས་དང་། འབྲི་གཡག ཞིང་ཞོར་ཐོན་ཟོག་ལས་སྣོན་སོགས་ཁྱབ་ཁོངས་ཐད་མཉམ་ལས་གཏིང་ཟབ་བྱས་ནས་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་ས་མཐོའི་ཞིང་འབྲོག་ལས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་ལག་རྩལ་གྱི་འཇུར་མིག་གནད་དོན་མགྱོགས་མྱུར་ཐག་གཅོད་བྱས་ཏེ་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ། ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་ཞིང་འབྲོག་ཚན་རྩལ་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་དང་མཉམ་ལས་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ཞིང་འབྲོག་ལས་ཀྱི་ཚན་རྩལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་མཉམ་ལས་ཀྱི་ཞིབ་འཇུག་གྲུབ་འབྲས་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་སུ་སྤྱོད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་དང་ཐོན་ལས་དབུལ་སྐྱོར་ལ་ཚན་རྩལ་གྱི་འདེགས་སྐྱོར་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    ཆུས་མུའུ་ཧྲི་ཧ་ཡིས་རང་ལྗོངས་ཀྱི་ཞིང་འབྲོག་ཚན་རྩལ་བྱ་གཞག་ལ་ཐོབ་པའི་གྲུབ་འབྲལ་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་སི་ཁྲོན་དང་བོད་རང་སྐྱོང་ལྗོངས་དབར་གྱི་ཞིང་འབྲོག་ཚན་རྩལ་གྱི་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་ནས་ལོ་གསུམ་སོང་རིང་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་ཚན་རྩལ་མི་སྣའི་འབྲེལ་བ་ཟབ་ཏུ་ཕྱིན་པ་དང་འབྲེལ་མཉམ་ལས་ལ་ཤུགས་སྣོན་ཐེབས་ཏེ་ཞིང་འབྲོག་ལས་ཀྱི་ཚན་རྩལ་གསར་གཏོད་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་། ཞིང་འབྲོག་ལས་ཐོན་ལས་ཁྱབ་ཁོངས་ཀྱི་ལག་རྩལ་མཉམ་ལས་སོགས་ཀྱི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། སླད་ཕྱིན་ཚན་རྩལ་སྤེལ་རེས་སྔར་བས་ཟབ་ཏུ་བཏང་ནས་ཚན་ཞིབ་འགག་སྒྲོལ་དང་། སྟེགས་བུ་བསྐྲུན་རྒྱུ། གྲུབ་འབྲས་བརྗེ་སྒྱུར། ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཀྱི་སྤེལ་རེས་མཉམ་ལས་སྔར་བས་ཟབ་ཏུ་བཏང་ནས་སི་ཁྲོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱི་ཞིང་ལས་ཚན་རྩལ་གསར་གཏོད་དང་ཁྱད་ལྡན་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།