ཚེས་21ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱིས་ཀྲུའུ་རེན་གྱི་ཚོགས་འདུ་ཐེངས་116པ་འཚོགས་པ་རེད།
ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག་འཐུས་མི་འགའ་རེའི་འཐུས་མིའི་ཐོབ་ཐང་སྐོར་གྱི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ལྷན་གྱི་སྙན་ཞུ་གསན་པ་དང་། 《སྟོད་ལུང་བདེ་ཆེན་ཆུས་སོགས་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས་བཞིའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྐབས་བརྗེའི་འདེམས་བསྐོའི་དུས་ཚོད་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གཏན་འབེབས(འཆར་ཟིན)》ལ་ཞིབ་འཇུག་གནང་བ། 《བོད་རང་སྐྱོང་ལྗོངས་ཀྱིས〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས〉ལག་བསྟར་བྱེད་རྒྱུའི་བྱ་ཐབས(འཆར་ཟིན)》ལ་གྲོས་ཞིབ་བྱས་འབྲས་སྐོར་གྱི་ཁྲིམས་ལུགས་ཨུ་ལྷན་གྱི་སྙན་ཞུ་དང་།《བོད་རང་སྐྱོང་ལྗོངས་ཀྱིས〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས〉ལག་བསྟར་བྱེད་རྒྱུའི་བྱ་ཐབས(བཟོ་བཅོས་འཆར་ཟིན)》ལ་གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུ། 《བོད་རང་སྐྱོང་ལྗོངས་ཀྱི་བཟའ་བཅའ་ལས་སྣོན་ཁང་ཆུང་གྲས་དང་། ཟ་ཁང་ཆུང་གྲས། འབྲུ་སྣུམ་ཙག་ཙིག་ཚོང་ཁང་ཆུང་གྲས། བཟའ་བཅའ་ཙག་ཙིག་ཚོང་ཡུལ་བཅས་ཀྱི་དོ་དམ་བྱ་ཐབས(འཆར་ཟིན)》གྱི་གྲོས་ཞིབ་བསམ་འཆར་སྐོར་གྱི་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ལྷན་གྱི་སྙན་ཞུ་དང་བརྟག་ཞིབ་སྙན་ཞུ། 《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》གྱི་ཞིབ་བཤེར་བསམ་འཆར་སྐོར་གྱི་གྲོང་གསེབ་ཁོར་ཡུག་ལས་དོན་ཨུ་ལྷན་གྱི་སྙན་ཞུ་བཅས་གསན་པ་རེད། ཚོགས་འདུའི་ཐོག་ད་དུང་2017ལོའི་ལོ་སྟོད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་གནས་ཚུལ་སྐོར་གྱི་ནོར་དཔལ་ཨུ་ལྷན་གྱི་སྙན་ཞུའི་གྲོས་ཞིབ་བསམ་འཆར་དང་། 2016ལོའི་རྩིས་བཤེར་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཞིབ་བསམ་འཆར། 2016ལོའི་རིམ་པ་དེ་གའི་ནོར་སྲིད་ངེས་རྩིས་ཞིབ་བཤེར་བྱས་འབྲས་ཀྱི་སྙན་ཞུ། 2017ལོའི་རིམ་པ་དེ་གའི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་ཇུས་གཞིར་གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུ་དང་། འབྲེལ་ཡོད་གཏན་འབེབས། གྲོས་ཆོད(འཆར་ཟིན)བཅས་གསན་པ་དང་། སྤྱི་བདེ་ལས་ཁུངས་ཀྱི་ཚད་ལྡན་ཅན་གྱི་ཁྲིམས་འཛིན་འཛུགས་སྐྱོང་གནས་ཚུལ་སྐོར་གྱི་ནང་སྲིད་ཁྲིམས་འཛིན་ལས་དོན་ཨུ་ལྷན་གྱི་བརྟག་ཞིབ་སྙན་ཞུ་གསན་པ་རེད། ཚོགས་འདུའི་ཐོག་གོང་གསལ་གྱི་སྙན་ཞུ་དང་། གཏན་འབེབས། གྲོས་ཆོད། (འཆར་ཟིན)བཅས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སོ་ལྔ་པའི་ཐོག་གྲོས་ཞིབ་བྱེད་རྒྱུར་འབུལ་རྒྱུའི་མོས་མཐུན་གནང་བ་རེད།
ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་2017ལོའི་ལོ་སྟོད་ཀྱི་ལས་ཀའི་ཕྱོགས་སྡོམ་དང་ལོ་སྨད་ཀྱི་ལས་ཀའི་བཀོད་སྒྲིག་ལ་ཞིབ་འཇུག་གནང་བ་རེད།
བློ་བཟང་རྒྱལ་མཚན་གྱིས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལོ་སྨད་ཀྱི་ལས་དོན་ལེགས་པར་བསྒྲུབ་པའི་ལས་འགན་དེ་བས་དཀའ་ཚེགས་ཆེ་ལ་འགན་འཁྲི་དེ་བས་ལྕི་པོ་ཡོད། ང་ཚོས་དར་ཆ་གསལ་སྟོན་གྱི་སྒོ་ནས་ཆབ་སྲིད་ལ་སྣང་ཆེན་གྱིས“འདུ་ཤེས་བཞི”ཟབ་ཏུ་བཏང་ནས་ཆབ་སྲིད་ཀྱི་རྣམ་པ་བཟང་པོའི་ཐོག་ནས་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་བ་དང་། ཚོགས་ཆེན་བཅུ་དགུ་པ་སློབ་སྦྱོང་། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་བཅས་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་ཚར་དུས་མེད་པའི་བླང་བྱ་གཞིར་བཟུང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་དོན་འཁྱོལ་ཏན་ཏིག་དང་ཞིབ་ཚགས་བྱས་ཏེ“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་འབྲེལ་རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། ཆབ་སྲིད་ལས་ཁུངས་དང་། དབང་ཆའི་ལས་ཁུངས། འཐུས་མིའི་ལས་ཁུངས། ལས་ཀའི་ལས་ཁུངས་བཅས་ཕྱོགས་ཡོངས་ནས་འཛུགས་སྐྱོང་བྱེད་པའི་བླང་བྱར་གཞིགས་ནས། ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་གཙང་བཙན་འོག་མི་དམངས་འཐུས་ཚོགས་ཀྱི་ལས་དོན་རང་འགུལ་ངང་སྤེལ་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དང་འཛུགས་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ལས་དོན་གལ་ཆེན་གྱི་གཏན་འབེབས་དང་སྙན་ཞུའི་ལམ་ལུགས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་། གཞི་རིམ་གྱི་མི་དམངས་འཐུས་ཚོགས་ལས་དོན་ལ་འབྲེལ་གཏུག་དང་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་སྐབས་བརྗེ་འདེམས་བསྐོའི་གྲ་སྒྲིག་ལས་དོན་ཁག་ཏན་ཏིག་ངང་ལེགས་པར་སྒྲུབ་པ་བཅས་བྱས་ཏེ་ཚོགས་འདུའི་སྤྱོད་ཚུལ་དང་ཚོགས་འདུའི་སྒྲིག་ལམ་སྔར་བས་ནན་དུ་གཏོང་དགོས། དོན་འཁྱོལ་ལ་དམ་འཛིན་བྱེད་རྒྱུ་དེ་མི་དམངས་འཐུས་ཚོགས་ལས་དོན་གྱི“དགོངས་གཞི་གཙོ་བོར”བརྩིས་ནས་ལས་དོན་ལ་སྐུལ་འདེད་གཏོང་བའི་སྤྱི་ཡོངས་རང་བཞིན་དང་། མ་འོངས་སྔོན་མཐོང་རང་བཞིན། མཉམ་འགུལ་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ལ་དེ་བས་མཐོང་ཆེན་བྱས་ཏེ་ལས་ཀའི་དུས་ཚོད་བཀོད་སྒྲིག་ཡག་པོ་དང་། གཅིག་སྡུད་ཤུགས་སྒྲིམ། གནད་སྨིན་ལག་བསྟར་བཅས་བྱས་ཏེ་གཟེར་འདེབས་སྙིང་སྟོབས་ཐོག་ནས་སྐབས་འདིའི་མི་དམངས་འཐུས་ཚོགས་ལས་དོན་གྱི་དམིགས་ཚད་ལས་འགན་ཁག་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དུས་བསྟུན་འཕེལ་རྒྱས་དང་འཐུས་ཚང་འཕེལ་རྒྱས་ཡོང་བའི་བླང་བྱ་གཞིར་བཟུང་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། གསེད་བཀྲོལ་དང་ཕྱོགས་སྡོམ་ནན་ཏན་བྱེད་པ། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་སྙན་ཞུ་དང་ཆེད་དོན་ལས་དོན་ཨུ་ལྷན་ཁག་གི་ལས་ཀའི་ཕྱོགས་སྡོམ་མ་ཟིན་འགོད་པའི་ལས་དོན་དུས་ཚོད་དམ་འཛིན་གྱིས་ལེགས་པར་བསྒྲུབས་ཏེ་དེ་བས་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད། ཚོགས་འདུའི་ཐོག་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་གནང་བ་རེད།