ཚེས་19ཉིན་གྱི་སྔ་དྲོ་ལྗོངས་ཡོངས་ཀྱི་གཟན་རྩྭ་དང་། དཀར་ཆུ། འབྲི་གཡག ལུག་བཅས་ཀྱི་ཐོན་ལས་ཆེན་པོ་བཞིའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་ལྷ་སར་འཚོགས་པ་རེད།
ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོཌ་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཆི་མེད་རིག་འཛིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
བློ་བཟང་རྒྱལ་མཚན་གྱིས་བོད་ལྗོངས་ནི་རྒྱལ་ཡོངས་ཀྱི་འབྲོག་ཁུལ་ཆེན་པོ་ལྔའི་གྲས་ཤིག་ཡིན་པ་དང་། འབྲོག་ལས་ནི་ཐོག་མཐའ་བར་གསུམ་དུ་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་ལྷག་པར་དུ་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་གྱི་ཀ་རྟེན་ཐོན་ལས་ཤིག་རེད། ལོ་དེ་དག་ནང་འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་གྱིས་ལྗོངས་ཡོངས་ཀྱི་ཐོན་ལས་དང་པོའི་ཐོན་རྫས་རིན་ཐང་ཁྲོད་ཀྱི་བསྡུར་ཚད་བཟུང་ཚད་50%ཙམ་ཟིན་ཡོད་པས་འཕེལ་རྒྱས་ཀྱི་གཏིང་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད།
ལྗོངས་ཡོངས་སུ་ཐོན་ལས་དར་ཁུལ་7རགས་ཙམ་ཆགས་ནས་གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིངས་ཡོད། འབྲོག་ལས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་བཏང་བས། ཞིང་འབྲོག་ལས་ཀྱི་རྨང་གཞིའི་གནས་བབ་སྔར་བས་བརྟན་དུ་གཏོང་བ་དང་། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། རང་ལྗོངས་ཀྱི་མིག་སྔའི་དོན་དངོས་གནས་ཚུལ་ལ་བལྟས་ཚེ་འབྲོག་ལས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འགག་རྩ་ནི་གཟན་རྩྭ་དང་། དཀར་ཆུ། འབྲི་གཡག ལུག་བཅས་ཐོན་ལས་ཆེན་པོ་བཞིར་དམ་འཛིན་ཡག་པོ་བྱེད་དགོས།
གཅིག་ནས་བསམ་བློ་སྔར་བས་གཅིག་གྱུར་དང་ངོས་འཛིན་མཐོ་རུ་བཏང་ནས་ཐོན་ལས་ཆེན་པོ་བཞིའི་ལས་དོན་ལེགས་པར་སྒྲུབ་པའི་དགོས་གཏུགས་ཀྱི་བསམ་པ་དང་འགན་འཁྲི་འཁུར་སེམས་ཆེ་རུ་ཏན་ཏིག་གཏོང་དགོས། ཐོན་ལས་ཆེན་པོ་བཞིའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་ཞིང་འབྲོག་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་དང་། ཐོན་ལས་འཛུགས་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འབྲེལ་ཡོད་ལས་ཀའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་དམ་འཛིན་བྱེད་གཞི་གལ་ཆེན་ཞིག ཞིང་འབྲོག་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ནུས་པ་ཆེ་རུ་གཏོང་བ་དང་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་འགག་རྩའི་བྱེད་ཐབས་ཀྱི་གྲས་ཤིག་ཡིན་པ་བཅས་ལ་ངོས་འཛིན་ཏན་ཏིག་ཐུབ་པ་བྱེད་དགོས།
བཟའ་འབྲུ་དང་ཞིང་འབྲོག་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་པའི་དགོས་མཁོ་སྐོང་བའི་འབྲེལ་བ་དང་། ལེགས་ཆ་འདོན་སྤེལ་དང་ཞན་ཆ་གསབ་པའི་འབྲེལ་བ། སྣོད་བཅུད་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་གྱི་འབྲེལ་བ་བཅས་ཐག་གཅོད་ཡག་དག་བྱེད་དགོས།
གཉིས་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་གཙོ་གནད་མངོན་གསལ་དོད་པོས་ཐོན་ལས་ཆེན་པོ་བཞི་མགྱོགས་མྱུར་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། འབྲོག་ལས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་ནས་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པ་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་རྩྭ་ཐང་འབྲོག་ལས་རྒྱུན་མཐུད་འཕེལ་རྒྱས་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། ཐོན་ལས་བར་མཐོངས་ཀྱི་བཀོད་པ་ལེགས་སུ་བཏང་ནས་ས་ཁོངས་དབར་གྱི་ཁྱད་པར་ཅན་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། ཐོན་ལས་བཀོད་པ་སྔར་བས་ལེགས་སུ་བཏང་ནས་གཟན་རྩྭ་དང་། དཀར་ཆུ། འབྲི་གཡག ལུག་བཅས་ཐོན་ལས་ཕུལ་བྱུང་རྒྱ་སྟོབས་ཆེ་རུ་གཏོང་བ་དང་། ཚན་རྩལ་གྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས《“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ཚན་རྩལ་གསར་གཏོད་བྱ་སྤྱོད་ཇུས་གཞི》ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཡུན་རིང་བརྟན་ལྷིང་གི་ཚན་རྩལ་དང་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་ལམ་སྲོལ་འཛུགས་པ། ལས་དོན་དང་ཟུང་འབྲེལ་ཡག་པོ་བྱས་ཏེ་སྲིད་གཞུང་དང་ཁྲོམ་རའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་དངོས་ཡོད་སྟོབས་ཤུགས་ཆེན་པོ་ལྡན་པའི་ཁེ་ལས་ཐོན་ལས་འཛུགས་སྐྲུན་ལ་ཞུགས་རྒྱུར་གདན་དྲངས་ནས“སྤུས་ཚད་གསུམ་དང་ཚད་གཞི་གཅིག”ཁས་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
གསུམ་ནས་འགོ་ཁྲིད་དང་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ལམ་སྲོལ་གསར་གཏོད་བྱས་ཏེ་ཐོན་ལས་ཆེན་པོ་བཞིའི་སྐྱོན་བྲལ་འཕེལ་རྒྱས་འགན་ལེན་ནུས་ལྡན་བྱེད་དགོས། སྒྲིག་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཞིང་འབྲོག་ཐོན་ལས་ཆེད་དོན་སྐུལ་འདེད་ཚོགས་ཆུང་གིས་འགན་འཁྲི་ཁག་བགོས་ལ་ཤུགས་སྣོན་བརྒྱབ་ནས“རིམ་པ་བཞིན་དོན་འཁྱོལ་དང་། མི་ཚང་མས་ཐོན་ལས་དམ་འཛིན་བྱེད་པའི”འཕེལ་རྒྱས་ཀྱི་རྣམ་པ་ཆགས་པར་བྱེད་པ་དང་། སྡེ་ཚན་དབར་གྱི་གཞོགས་འདེགས་ལ་ཤུགས་སྣོན། རིམ་པ་ཁག་དང་སྡེ་ཚན་ཁག་གི་གོང་འོག་མཉམ་འགུལ་ལ་མཐོང་ཆེན། གཞོགས་འདེགས་དམ་ཟབ་དང་མཉམ་ཤུགས་ཆགས་པ་བཅས་བྱས་ཏེ་ཐོན་ལས་ཆེན་པོ་བཞིའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་བཏང་ནས་ཕྱི་ཕྱོགས་ལ་སྒོ་འབྱེད་དང་། བསྟུན་མཁས། སྲིད་གཙང་། དྲང་གཞག་འགྲན་རྩོད་བཅས་ཀྱི་ཁྲོམ་རའི་ཁོར་ཡུག་གཏོད་པ། ལྟ་སྐུལ་དཔྱད་ཞིབ་ལ་ཤུགས་སྣོན་བརྒྱབ་སྟེ་ནས་ཀྱི་ཐོན་ལས་བོད་ཕག་གི་ཐོན་ལས་དང་འདྲ་བར་ངེས་པར་དུ་དཔྱད་ཞིབ་གདེང་འཇོག་ལམ་སྲོལ་བཙུགས་ནས་ལོ་འགོར་བཀོད་སྒྲིག་ཐུབ་པ་དང་། ལོ་དཀྱིལ་ལ་ཞིབ་བཤེར་དང་སྐུལ་འདེད་ཐུབ་པ། ལོ་མཇུག་ཏུ་ཕྱོགས་སྡོམ་རྩིས་ལེན་དང་དམིགས་ཚད་དཔྱད་ཞིབ་བཅས་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།
ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གི་ཐིང་ཀྲང་ཏུའུ་ཅེས་རང་ལྗོངས་ཀྱི་ཐོན་ལས་ཆེན་པོ་བཞིའི་འཕེལ་རྒྱས་ཀྱི་གནས་ཚུལ་སྙན་སེང་ཞུས་པ་དང་། གྲོང་ཁྱེར་དང་ས་ཁུལ་ཁག་གིས་ཐོན་ལས་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྤེལ་རེས་གཏམ་བཤད་བྱས་པ་རེད། ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན་དང་བོད་ལྗོངས་ཞིང་འབྲོག་ཚན་རྩལ་སློབ་གླིང་གི་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་གཟན་རྩྭ་དང་། དཀར་ཆུ། འབྲི་གཡག ལུག་བཅས་ཐོན་ལས་ཆེན་པོ་བཞིའི་སྐོར་ལ་ཁག་སོ་སོར་གཏམ་བཤད་སྤེལ་རེས་བྱས་པ་དང་འབྲེལ། ཚོགས་ཞུགས་རིགས་གཅིག་མཁས་ཅན་གྱིས་བསམ་འཆར་དང་གྲོས་འགོ་བཏོན་པ་རེད། ཉིན་དེ་གཉིས་རིང་ད་དུང་བཞུགས་མོལ་ཚོགས་འདུ་འཚོགས་ནས་ལྗོངས་ཕྱི་ནང་གི་རིགས་གཅིག་མཁས་ཅན་གྱིས་ཐོན་ལས་ཆེན་པོ་བཞི་འཕེལ་རྒྱས་གཏོང་བར་དམིགས་ནས་བསམ་འཆར་དང་གྲོས་འགོ་འདོན་རྒྱུ་ཡིན་པ་རེད།