དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་ཆུ་ཤུར་རྫོང་དུ་བརྟག་ཞིབ་གནང་བར་ཕེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-07-20

    ཚེས་17ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་ཆུ་ཤུར་རྫོང་ལ་ཕེབས་ནས་གྲོང་གསེབ་ཀྱི་མཉམ་སྡེབ་བདག་དབང་ལམ་ལུགས་སྒྱུར་བཅོས་ཚོད་ལྟའི་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་བརྟག་ཞིབ་ལ་ལྷན་དུ་ཕེབས་ཡོད་པ་རེད།

    དེ་ཉིན་སྔ་དྲོ་བློ་བཟང་རྒྱལ་མཚན་ཚལ་སྣེ་གྲོང་ཚོ་དང་། རྭ་སྟོད་གྲོང་ཚོ། དཔལ་གླིང་གྲོང་ཚོ། གསུམ་ལྡན་གྲོང་ཚོ། ཆུ་ཤུར་རྫོང་གི་གྲོང་གསེབ་ས་ཆ་བརྒྱུད་བཤུག་ཞབས་ཞུ་ལྟེ་གནས་སུ་ཕེབས་པ་དང་འབྲེལ་ཞིང་པའི་ཁྱིམ་དུ་ཕེབས་ནས་གནས་ཚུལ་ངོ་སྤྲོད་གསན་པ་དང་། འབྲེལ་ཡོད་དཔྱད་གཞིར་གཟིགས་པ། མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བཅས་གནང་བ་དང་ཆབས་ཅིག་གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་མ་རྐང་སྒྱུར་བཅོས་ཚོད་ལྟའི་ལས་ཀའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། བློ་བཟང་རྒྱལ་མཚན་གྱིས་རྒྱལ་ཁབ་རིམ་པའི་གྲོང་གསེབ་སྒྱུར་བཅོས་ཚོད་ལྟ་ཁུལ་ཡིན་པའི་ཆུ་ཤུར་རྫོང་གིས་སྒྱུར་བཅོས་ཚོད་ལྟའི་ལས་འགན་ཁག་མང་པོའི་འགན་འཁྲི་འཁུར་ཡོད་པ་དེ་ནི་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་དམིགས་བསལ་རྒྱབ་སྐྱོར་ལ་བརྟེན་པ་ཞིག་ཡིན་ལ་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཆུ་ཤུར་རྫོང་ལ་གནང་བའི་ལས་འགན་གལ་ཆེན་ཞིག་ཀྱང་རེད།

    རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག་ལོ་དེ་དག་རིང་འཚོལ་ཞིབ་ཧུར་ཐག་བྱས་པའི་ལག་ལེན་བརྒྱུད་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱིས་བཀོད་སྒྲིག་གནང་བའི་གྲོང་གསེབ་སྒྱུར་བཅོས་ཀྱི་ལས་འགན་ཆུ་ཤུར་རྫོང་གིས་ལེགས་གྲུབ་ཡག་པོ་བྱས་ཡོད་ལ། ལྗོངས་ཡོངས་ཀྱི་གྲོང་གསེབ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་ཆེད། ཐབས་ལམ་འཚོལ་ཞིབ་ཐུབ་པ་དང་། ཉམས་མྱོང་གསོག་འཇོག་ཐུབ་པ། དཔྱད་གཞི་མཁོ་འདོན་གང་ལེགས་ཐུབ་པ་བཅས་བྱུང་ཡོད་ཅེས་གསུངས་པ་རེད།

    གྲོང་གསེབ་ཀྱི་མཉམ་སྡེབ་བདག་དབང་ལམ་ལུགས་སྒྱུར་བཅོས་ཚོད་ལྟའི་ལས་དོན་གྱིས་ཆུ་ཤུར་རྫོང་གི་འཕེལ་རྒྱས་ཐད་གསོན་ཤུགས་བསྣན་ཡོད་པ་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཡག་པོ་བྱུང་ནས་མཉམ་སྡེབ་དཔལ་འབྱོར་སྔར་བས་སྟོབས་ཆེར་ཕྱིན་ཏེ་ཞིང་པར་ཐོབ་པའི་ཕན་པ་ཁོང་ཚོའི་ངོ་གདོང་ལས་མངོན་ཐུབ། ཆུ་ཤུར་རྫོང་ཚལ་སྣེ་ས་གཙང་བདེ་ཐང་ཐོན་ལས་གླིང་དུ་འགན་འཁུར་བས་སྤྲོ་སྣང་ཆེན་པོས་ཐོན་ཟོག་ངོ་སྤྲོད་དང་དུས་མཇུག་གི་ཡོང་འབབ་གནས་ཚུལ་ངོ་སྤྲོད་ཞུས། དཔལ་གླིང་གྲོང་ཚོའི་ཚོགས་ཆུང་5པའི་འདྲེ་ཚེར་མ་འདེབས་འཛུགས་བྱ་ཡུལ་དུ་མཉམ་སྡེབ་ས་ཆ་བེད་སྤྱོད་བྱ་ཚུལ་ལ་གཟིགས་ཞིབ་གནང་སྐབས། འདྲེ་ཚེར་མ་འགན་གཙང་བླངས་མཁན་ཤེ་ཅུན་ཁྲེང་ནི་ཀན་སུའུ་ཐེན་ཧྲུའེ་ནས་ཡིན་པ་དང་དམག་ཁོངས་ནས་ཕྱིར་ལོག་བྱས་རྗེས་དེ་ཁུལ་གྱི་བོད་རིགས་བུ་མོ་ཞིག་དང་གཉེན་སྒྲིག་བྱས་ནས་ཡུལ་མི་ཚོའི་སྣེ་འཁྲིད་དེ་ཐང་རྒོད་གསར་སྤེལ་དང་འདྲེ་ཚེར་མ་འདེབས་འཛུགས་བྱས་པས་ཕྱུག་འགྱུར་སྣེ་ཁྲིད་པར་གྱུར་ནས་ནང་མི་བདེ་སྐྱིད་ཕུན་སུམ་ཚོགས་པའི་འཚོ་བ་སྐྱེལ་བཞིན་ཡོད། ཆུ་ཤུར་རྫོང་དུ་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་འདི་ལྟ་བུ་དུད་ཚང་142ཡོད་པ་མཁྱེན་རྟོགས་བྱུང་སྐབས་བློ་བཟང་རྒྱལ་མཚན་གྱིས་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱུང་བའི་ཞི་མཐུན་གྱི་རྣམ་པ་བཟང་པོ་དེར་བསྔགས་བརྗོད་གནང་ཡོད། ཉིན་དགུང་གི་མཚམས་སུ་སླེབས་སྐབས། བློ་བཟང་རྒྱལ་མཚན་ཆུ་ཤུར་རྫོང་མེ་འཁོར་བབས་ཚུགས་འགྲམ་གྱི་གསུམ་ལྡན་གྲོང་ཚོར་ཕེབས་ནས་བོད་བཟོའི་སྡོད་ཁང་སྟར་པ་སྒྲིག་པ་དང་། བུ་བཅོལ་ཁང་དང་ལུས་སྦྱོང་ཁང་སོགས་ཆ་ལག་ཚང་བའི་སྒྲིག་ཆས་ཡོད་པ་གཟིགས་པ་མ་ཟད། ད་དུང་དེ་སྔའི་ཐང་རྒོད་དུ“ཁང་པ་ཡོད་པ”དང་། “ཐོན་ལས་ཡོད་པ” “བདེ་ཐང་ཡོད་པ”བཅས་ཀྱི་བདེ་སྐྱིད་གྲོང་གསར་བསྐྲུན་ཡོད་པ་གཟིགས་སྐབས་བློ་བཟང་རྒྱལ་མཚན་ཐུགས་བློ་བདེ་པོ་བྱུང་བ་དང་ཆབས་ཅིག ཁོང་གིས་ཆུ་ཤུར་རྫོང་གི་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལས་དོན་ལ་གདེང་འཇོག་གང་ལེགས་གནང་བ་རེད།

    དེ་ཉིན་ཕྱི་དྲོ་བློ་བཟང་རྒྱལ་མཚན་གྱིས་ཆུ་ཤུར་རྫོང་གི་གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་མ་རྐང་གི་དབང་ཆ་དང་འགན་ནུས་སྒྱུར་བཅོས་ཚོད་ལྟའི་ལས་དོན་གྱི་སྙན་སེང་གསན་རྗེས། གོམ་སྟབས་རྗེས་མའི་སྒྱུར་བཅོས་ཚོད་ལྟ་དམ་འཛིན་ཡག་པོ་བྱ་རྒྱུའི་ཐད་བླང་བྱ་བཏོན་གནང་བ་སྟེ། གཅིག་ནས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་གིས་སྒྱུར་བཅོས་ལས་དོན་ལ་འགོ་ཁྲིད་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཏང་ཨུད་ཀྱིས་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་བྱེད་པ་དང་ཕྱོགས་ཁག་ལ་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གྲོང་གསེབ་སྒྱུར་བཅོས་འགོ་ཁྲིད་ཚོགས་ཆུང་གིས་བཀོད་འདོམས་པ་ཡག་པོ་བྱས་ཏེ་སྤྱི་འདོམས་འཆར་འགོད་དང་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་དགོས་ལ། ཨར་སྐྲུན་པ་ཡག་པོ་ཞིག་བྱས་ནས་ཇུས་འགོད་རི་མོ་བཞིན་ཨར་སྐྲུན་དང་སྐུལ་གཏོང་དོན་འཁྱོལ་དམ་འཛིན་ཡག་པོ་བྱས་ཏེ་སྒྱུར་བཅོས་ལ་ཕན་འབྲས་དེ་བས་ཆེ་བ་ཐོན་རྒྱུའི་འགན་ལེན་བྱེད་དགོས་པ་དང་། གཉིས་ནས་གྲོང་གསེབ་ཀྱི་མཉམ་སྡེབ་བདག་དབང་ལམ་ལུགས་སྒྱུར་བཅོས་ཚོད་ལྟ་ཁུལ་གྱིས་སྔོན་དུ་ཚོད་ལྟ་བྱེད་པའི་གཞི་རྩའི་དམིགས་ཡུལ་ལ་ངོས་འཛིན་གང་ལེགས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་དབང་ལམ་ལུགས་སྲ་བརྟན་དུ་གཏོང་བ་དང་། གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། མཉམ་སྡེབ་དཔའ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་གཏོང་བ། ཞིང་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། ཞིང་པའི་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་མང་དུ་གཏོང་བ་བཅས་བྱས་ནས་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མིར་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ཕན་པ་དེ་བས་མང་བ་མཉམ་སྤྱོད་ཐུབ་པ་བྱེད་དགོས་པ། གསུམ་ནས་ལས་ཀའི་མཉམ་ཤུགས་ཏན་ཏིག་ཅིག་ཆགས་པ་བྱེད་པ་དང་སྒྱུར་བཅོས་ལས་དོན་ཁྲོད་ཀྱི་དཀའ་གནད་དང་གླེང་མང་བའི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ནས་ཡིད་ཆེས་བརྟན་དུ་གཏོང་བ་དང་། དཀའ་ངལ་ལ་མ་འཛེམ་པར་མདུན་སྐྱོད་བྱེད་པ། ལས་དོན་མཉམ་སྒྲུབ་ལ་ཤུགས་སྣོན་རྒྱག་པ། གནད་དོན་དངོས་ཐག་གཅོད་བྱེད་པ་བཅས་ཀྱི་ཐོག་ནས་ཆུ་ཤུར་གྲོང་གསེབ་ཀྱི་མཉམ་སྡེབ་མ་རྐང་གི་དབང་ཆ་དང་འགན་ནུས་སྒྱུར་བཅོས་ལས་དོན་བདེ་བླག་ངང་སྤེལ་རྒྱུའི་འགན་ལེན་བྱེད་དགོས་པ། བཞི་ནས་ཐབས་ལམ་འཚོལ་བའི་གདོང་ལེན་ནུས་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་སྒྱུར་བཅོས་སྔ་ཙམ་དང་རང་འགུལ་སྔ་ཙམ་དང་། སྒྱུར་བཅོས་སྔ་ཙམ་དང་འཕེལ་རྒྱས་སྔ་ཙམ། སྒྱུར་བཅོས་སྔ་ཙམ་དང་ཕན་པ་སྔ་ཙམ་ཐོབ་པའི་འདུ་ཤེས་བརྟན་པོ་འཛུགས་ནས་ཏང་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་ལ་བརྟེན་ནས“ཚོད་ལྟ་ཁུལ”གྱི་སྔོན་ལ་ཚོད་ལྟ་བྱེད་པའི་སྲིད་ཇུས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་མཁས་པོ་བྱས་ཏེ་ཚད་མཐོ་བའི་ཇུས་གཞི་འདིང་བ་དང་ཚད་གཞི་མཐོ་བའི་སྐུལ་མ་གཏིང་ཟབ་བཏང་ནས“ཆུ་ཤུར་གྱི་གྲོང་གསེབ་སྒྱུར་བཅོས་ཉམས་མྱོང”འདྲ་བཟོ་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པ་ཞིག་ཆགས་པར་བྱེད་དགོས་པ། ལྔ་ནས་མང་ཚོགས་ལ་ཞབས་འདེགས་ཞུ་ནུས་ཆེ་རུ་ཏན་ཏིག་བཏང་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་ཐམས་ཅད་མང་ཚོགས་ཀྱི་ཆེད་དུ་དང་། ཐམས་ཅད་མང་ཚོགས་ལ་བརྟེན་པ། མང་ཚོགས་ཀྱི་ཁྲོད་ནས་ཡོང་བ། མང་ཚོགས་ཀྱི་ཁྲོད་དུ་སྐྱོད་པ་བཅས་བྱས་ནས་མང་ཚོགས་སྒྱུར་བཅོས་ནང་ཞུགས་པའི་ཧུར་སེམས་སྐོང་འཐེན་གྱིས་མང་ཚོགས་ཀྱི་ལག་ལེན་གསར་གཏོད་ལ་བརྩི་བཀུར་བྱས་ཏེ་མང་ཚོགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་མཁན་བྱེད་པོའི་སྟོབས་ཤུགས་སུ་འགྱུར་བ་བྱེད་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།