དབུ་ཤོག>སྲིད་དོན།
  • སྣོད་བཅུད་སྔོན་གཏོད་འདུ་ཤེས་བརྟན་པོ་བཙུགས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་དགོས།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-07-10

    བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ནུས་རྒྱུ་ཟད་གྲོན་བསྡོམས་འབོར་དང་ཤུགས་ཚད“ཚོད་འཛིན་གཉིས”དང་དེ་བཞིན་དྲོད་ཁང་རླངས་གཟུགས་ཕྱིར་འབུད་ཚོད་འཛིན་བྱེད་པའི་དམིགས་ཚད་འགན་འཁྲིའི་དཔྱད་ཞིབ་ཚོགས་ཆུང་དང་བཞུགས་མོལ་བྱས་པ།

    ཚེས་8ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་2016ལོའི་ལོ་འཁོར་གྱི་ནུས་རྒྱུ་ཟད་གྲོན་བསྡོམས་འབོར་དང་ཤུགས་ཚད“ཚོད་འཛིན་གཉིས”དང་དྲོད་ཁང་རླངས་གཟུགས་ཕྱིར་འབུད་ཚོད་འཛིན་བྱེད་པའི་དམིགས་ཚད་འགན་འཁྲིའི་དཔྱད་ཞིབ་ཀྱི་དཔྱད་ཞིབ་ཚོགས་ཆུང་གསུམ་པ་དང་བཞུགས་མོལ་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    དང་ཐོག་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷའི་ཚབ་ཞུས་ནས་དཔྱད་ཞིབ་ཚོགས་ཆུང་དང་བཅས་པ་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

    ཀྲོང་ཡན་གྱིས་ཉིན་ཤས་རིང་བརྟག་ཞིབ་ཚོགས་ཆུང་དང་བཅས་པས་སྐུ་ངལ་ལ་མ་འཛེམས་པ་དང་ས་མཐོ་མི་འཕྲོད་པ་ཁྱད་བསད་ཀྱིས་རྟོག་ཞིབ་གཏིང་ཟབ་བྱས་ཏེ་རང་ལྗོངས་ཀྱི་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་གི་ལས་དོན་ཁག་ལ་མཛུབ་ཁྲིད་ཞིབ་ཚགས་བྱས་པ་དེ་ཐོག་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་མཚོན་ཐུབ་ལ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་བོད་ཀྱི་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་གི་ལས་དོན་ལ་དམིགས་བསལ་ཐུགས་ཁུར་གནང་ལུགས་ཀྱང་གང་ལེགས་མངོན་ཐུབ་ཅེས་གསུངས་པ་རེད།

    ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་ཀྱིས་ཆོད་སེམས་དེ་བས་ཆེ་བ་དང་སྤེལ་ཤུགས་དེ་བས་ཆེ་བའི་སྒོ་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་སྣོད་བཅུད་ཤེས་དཔལ་གཏོད་མགྱོགས་སུ་བཏང་སྟེ་མཛེས་སྡུག་ལྡན་པའི་བོད་ལྗོངས་ཕྱོགས་ཡོངས་ནས་བསྐྲུན་རྒྱུ་ཡིན་པ་སྟེ། གཅིག་ནས་སྣོད་བཅུད་སྔོན་གཏོད་ཀྱི་འདུ་ཤེས་བརྟན་པོ་བཅངས་ནས་སྣོད་བཅུད་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་གྱི་འབྲེལ་བར་ངོས་འཛིན་ཡང་དག་དང་ཚན་རིག་དང་མཐུན་པའི་ངང་ཐག་གཅོད་ཡག་པོ་བྱེད་པ་དང་། སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ་གངས་འཁྱག་གིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཆང་བ། ལྗང་མདོག་དང་། འཁོར་རྒྱུག ཐཱན་ཉུང་བཅས་ཀྱི་འཕེལ་རྒྱས་ལ་རང་འགུལ་ངང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བོད་ཀྱི་སྔོ་ལྗང་རི་བོ་ཡུན་དུ་གནས་པ་དང་། དྭངས་གཙང་ཆུ་བོ་རྒྱུན་དུ་རྒྱུག་པ། མཁའ་རླུང་དུས་དང་རྣམ་པ་ཀུན་ཏུ་གཙང་མ་བཅས་ཡོང་བའི་འགན་ལེན་བྱེད་དགོས། གཉིས་ནས་སྣོད་བཅུད་ལས་གྲྭ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད་འཐུས་སྒོ་ཚང་དུ་གཏོང་བ་དང་འབྲེལ་ལག་ལེན་སྟར་ཤུགས་ཆེ་རུ་བཏང་སྟེ་ལྗང་མདོག་སྣོད་བཅུད་སྲུང་སྐྱོང་སྐྲུན་དགོས། གསུམ་ནས་སྣོད་བཅུད་ཁོར་ཡུག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རླུང་ཁམས་ཆེ་མོ་དང་། ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་བཅོས་སྐྱོང་བྱ་སྤྱོད་ཀྱི་འཆར་གཞི་ལག་ལེན་གཏིང་ཟབ་བསྟར་བ་དང་། རྨོ་བསྐྱུར་ནགས་གསོ་དང་། སྐྱས་སྤོས་རྩྭ་གསོ། མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པ་སོགས་ཀྱི་ལས་གྲྭ་མུ་མཐུད་ལག་ལེན་བསྟར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་དང་གད་སྙིགས་ཀྱི་གནོད་མེད་ཅན་གྱི་སྒྲིག་བཀོད་གང་མགྱོགས་སྐྲུན་པ་བཅས་བྱས་ཏེ་ལྗང་མདོག་གྲོང་ཁྱེར་དང་གྲོང་རྡལ་དང་མཛེས་སྡུག་ལྡན་པའི་གྲོང་ཚོ་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས། བཞི་ནས་ལྗང་མདོག་དཔལ་འབྱོར་འཕེལ་རྒྱས་ཧུར་ཐག་བཏང་ནས་སྣོད་བཅུད་ཕན་འབྲས་འདོན་སྤེལ་གང་ལེགས་བྱས་ཏེ་སྣོད་བཅུད་ཐོན་ཁུངས་ཀྱིས་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་བར་བྱེད་དགོས། ལྔ་ནས་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སྣོད་བཅུད་ཤེས་དཔལ་ལམ་ལུགས་ཀྱི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་སྣོད་བཅུད་ཀྱི་དམར་ཐིག་དང་མཐའ་ཚད་བརྟན་པོ་བསྲུངས་ནས་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དབང་ཆའི་ལམ་ལུགས་དང་བེད་སྤྱོད་བདག་སྐྱོང་ལམ་ལུགས་འཛུགས་དགོས། དྲུག་ནས་ལས་ཀའི་བར་མཐོངས་ཆེ་རུ་བཏང་ནས་ལྗང་མདོག་དང་། ཐཱན་ཉུང་། འཁོར་རྒྱུག་བཅས་ཀྱི་དཔལ་འབྱོར་ལག་རྩལ་གྱི་སྟོབས་ཤུགས་དང་འདེགས་སྐྱོར་ནུས་པ་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་པ་དང་། ལྗང་མདོག་ཨར་སྐྲུན་དང་དམངས་ཡོངས་ཀྱིས་གྲོན་ཆུང་བྱེད་པའི་བྱ་སྤྱོད་ལག་ལེན་བསྟར་བ། ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོད་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྤྱི་ཚོགས་ཡོངས་སྣོད་བཅུད་ཤེས་དཔལ་གཏོད་པར་ཞུགས་རྒྱུར་སྐུལ་སློང་བྱེད་དགོས་ཞེས་གསུངས་པ་རེད།

    ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་ལ་རྟོག་ཞིབ་ཚོགས་ཆུང་གིས་ཚུར་ལན་བྱས་པའི་རྟོག་ཞིབ་བསམ་འཆར་དང་གནད་དོན་དང་ཁོང་ཚོས་བཏོན་པའི་རྩ་ཆེའི་བསམ་འཆར་དང་ལེན་ཧུར་ཐག་དང་། སྤྱི་འདོམས་ཞིབ་འཇུག འཕྲལ་མར་དག་ཐེར་བཅས་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཀྲོང་ཡན་གྱིས་བོད་ལྗོངས་དེང་རབས་ཅན་འཛུགས་སྐྲུན་གྱི་འགོ་ཚུགས་པའི་དུས་མཚམས་སུ་གནས་ཤིང་རང་བྱུང་ཆ་རྐྱེན་གྱི་ཚད་བཀའ་ཕོག་པས་འཛུགས་སྐྲུན་འཕེལ་རྒྱས་ཀྱི་ནུས་རྒྱུ་ཟད་གྲོན་གྱི་དགོས་མཁོ་ཆེ་རུ་འགྲོ་བ་དང་ཤེས་ལྡན་མི་སྣའི་ལག་རྩལ་གྱི་འདེགས་སྐྱོར་འགན་ལེན་ཡག་པོ་མི་ཐུབ་སྟབས་ཐཱན་བསྡུ་བའི་ལེགས་སྐྱེས་ཤུགས་ཆེན་འབུལ་རྒྱུར་ལྕག་སྐུལ་དང་རྒྱབ་སྐྱོར་བྱེད་དགོས། འབྲེལ་ཡོད་རྒྱལ་ཁབ་པུའུ་ཨུད་ཀྱིས་བོད་ཀྱི་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་བཙོག་འབུད་ཉུང་དུ་གཏོང་བའི་ལས་དོན་ལ་རོགས་རམ་དང་མཛུབ་ཁྲིད་དེ་བས་མང་བ་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    བཞུགས་མོལ་ཚོགས་འདུའི་ཐོག་དཔྱད་ཞིབ་ཚོགས་ཆུང་གི་ཙུའུ་ཀྲང་ཐན་ཁྲེང་ཁྲོན་གྱིས་རང་ལྗོངས་ཀྱི་2016ལོའི་ལོ་འཁོར་གྱི་ནུས་རྒྱུ་ཟད་གྲོན་གྱི་བསྡོམས་འབོར་དང་ཤུགས་ཚད“ཚོད་འཛིན་གཉིས”དང་དེ་བཞིན་དྲོད་ཁང་རླངས་འབུད་ཚོད་འཛིན་བྱེད་པའི་ལས་དོན་ལ་ཕྱོགས་ཡོངས་དང་གཏིང་ཟབ་ངང་གདེང་འཇོག་དང་ཕྱོགས་སྡོམ་གནང་ནས་བསམ་འཆར་དང་གྲོས་འགོ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།