དབུ་ཤོག>སྲིད་དོན།
  • ​ ཀྲོང་ཡན་གྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-07-08

    ཚེས་6ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་ལྷ་ས་ཚན་རྩལ་ཀུན་གཏོད་བར་མཐོངས་དང་། སྣེ་གསུམ་ཀུན་གཏོད་བར་མཐོངས། ལྷ་ས་མཐོ་གསར་ཁུལ་གྱི་མང་འདུས་ཀུན་གཏོད་བར་མཐོངས་བཅས་སུ་ཕེབས་ནས་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་བ་མ་ཟད། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཏེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ཆེད་མངགས་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་མོ་ཅུན་ཕེབས་ཡོད་པ་རེད།

    “ཁེ་ལས་སུ་ལས་ཞུགས་བྱས་པ་གོམས་འདུག་གམ”ཞེས་དང་། “ལས་གཏོད་བྱེད་པའི་བརྒྱུད་རིམ་ཁྲོད་དཀའ་གནད་གང་ཞིག་འདུག་གམ”“རང་སྐྱོང་ལྗོངས་ཀྱིས་བཏོན་པའི་སློབ་གྲྭ་ཆེ་མོ་བའི་ལས་ཞུགས་ལས་གཏོད་ལ་ཡར་སྐུལ་བྱེད་པའི་འབྲེལ་ཡོད་སྲིད་ཇུས་ཤེས་རྟོགས་ཐུབ་བམ”ཞེས་པ་ལ་སོགས་བརྟག་ཞིབ་གནང་རིང་ཀྲོང་ཡན་གྱིས་མཐོ་སློབ་སློབ་ཐོན་སློབ་མ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་དང་། ལས་ཞུགས་ལས་གཏོད་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ། དཀའ་གནད་དང་གནད་དོན་འདྲི་རྩད་གནང་བ་བཅས་བྱས་ཏེ་སློབ་གྲྭ་ཆེ་མོ་བར་གཟིགས་སྐྱོང་སྲིད་ཇུས་ཡག་པོ་སྤྱད་དེ་ལས་ཞུགས་ལས་གཏོད་ཀྱི་རྣམ་པ་གསར་པ་ཞིག་གཏོད་རྒྱུའི་ཡར་སྐུལ་གནང་བ་རེད།

    ལྷ་ས་གྲོང་ཁྱེར་ཞའོ་སུའུ་ཡའུ་དྲ་རྒྱ་ཚན་རྩལ་ཚད་ཡོད་ཀུང་སིས་དུས་དང་རྣམ་པ་ཀུན་ཏུ་བོད་ཀྱི་གཞོན་ནུ་ཚོགས་སྤྱིར་ཆ་འཕྲིན་ཞབས་ཞུ་མཁོ་འདོན་བྱེད་པར་བློ་རྩེ་གཅིག་ཏུ་གཞོལ་བཞིན་ཡོད་པ་དང་། བོད་ཀྱི་གཞོན་ནུ་ཚོགས་སྤྱིའི་ཁྲོད་དུ་སྐད་གྲགས་ཆེན་པོ་ལྡན་ཡོད་ཅེས་དགྱེས་ཚོར་ཆེན་པོའི་སྒོ་ནས་གསུངས་པ་དང་། ཀུང་སི་གསར་གཏོད་པ་ཨོ་རྒྱན་དགྲ་འདུལ་ནི་ཀྲུང་ཧྲན་སློབ་ཆེན་ལོ་རིམ་གསུམ་པ་འགྲིམ་བཞིན་པའི་སློབ་མ་ཞིག་ཡིན་པ་མཁྱེན་རྗེས། ཀྲོང་ཡན་གྱིས་བོད་ཀྱི་འབྱུང་འགྱུར་འཕེལ་རྒྱས་ཀྱི་གལ་འགངས་ཆེ་ཤོས་ནི་ཁེ་ལས་འཕེལ་རྒྱས་གཏོང་རྒྱུ་དེ་རེད། དེར་བརྟེན་ཁྱེད་ཚོས་གོ་སྐབས་དམ་འཛིན་དང་། དུས་བསྟུན་མདུན་སྐྱོད། ཡང་འབད་བསྐྱར་འབད། སླར་ཡང་བྱས་རྗེས་འཇོག་པ་བཅས་བྱས་ཏེ་ཡུལ་འདི་གའི་ཕུལ་བྱུང་ཁེ་ལས་མཁས་ཅན་ཞིག་ཏུ་འགྱུར་བར་བྱེད་པ་དང་གཞོན་ནུ་དེ་བས་མང་བ་གསར་གཏོད་ལས་གཏོད་ཀྱི་བྱ་གཞག་ལ་ཞུགས་རྒྱུར་སྐུལ་མ་བཏང་སྟེ་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་པའི་ཐུགས་རེ་གནང་བ་རེད།

    ཆེད་དོན་ཚོགས་འདུའི་ཐོག་ཀྲོང་ཡན་གྱིས་མཐོ་སློབ་སློབ་ཐོན་སློབ་མ་ནི་རྩ་ཆེའི་ཤེས་ལྡན་པའི་ཐོན་ཁུངས་ཤིག་རེད། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་བཏང་བ་དེས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ངེས་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ལ་སྣང་ཆེན་བྱེད་པའི་མཐོ་ཚད་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ཡག་པོ་སྒྲུབ་པའི་གལ་འགངས་ཆེ་བའི་རང་བཞིན་དང་དགོས་གཏུགས་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། བསམ་བློ་དང་བྱ་སྤྱོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་དང་། གཅིག་གྱུར་ཡོང་བར་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གསལ་སྟོན་གནང་བའི《མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》གི་གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་བྱས་ནས་གང་མགྱོགས་ཕན་འབྲས་ཐོན་པའི་འགན་ལེན་དང་ལོ་འཁོར་གྱི་ལས་འགན་དམིགས་ཚད་དུས་བཀག་ལྟར་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།

    ཀྲོང་ཡན་གྱིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་དམིགས་ཚད་ལས་འགན་ལ་དམིགས་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། གཞོགས་འདེགས་མཉམ་འཐབ་ལ་དམ་འཛིན་ཡག་པོ་ཏན་ཏིག་བྱས་ནས་རང་སོ་སོའི་ལག་བསྟར་ཞིབ་སྲོལ་དང་བཀོལ་སྤྱོད་བྱ་ཐབས་གང་མགྱོགས་བཟོས་ནས་འདོན་དགོས་པ་དང་། དྲིལ་བསྒྲགས་ཁྲིད་སྟོན་ལས་དོན་ལ་དམ་འཛིན་ཡག་པོ་ཏན་ཏིག་བྱས་ནས་ཆེད་དོན་འཆད་ཁྲིད་དང་། རིགས་གཅིག་མཁས་ཅན་གྱི་བཅར་གླེང་། གསར་འགྱུར་ཡོངས་བསྒྲགས། སློབ་གྲྭ་ཆེ་མོ་བས་རང་གི་མྱོང་ཚོར་ཤོད་པ་སོགས་ཀྱི་བྱེད་སྒོ་བརྒྱུད། སྲིད་ཇུས་འགྲེལ་བཤད་དང་། དུས་བབ་གསལ་འགྲེལ། སྔོན་ཐོན་དཔེ་མཚོན་བཅས་ཀྱི་དྲིལ་བསྒྲགས་ལས་དོན་ཡག་པོ་སྒྲུབ་པ་དང་སྤྱི་ཚོགས་གླེང་ཕྱོགས་དང་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལྟ་བ་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་དགོས་པ། ཁེ་ལས་ཀྱིས་ལས་མི་བསྡུ་བར་དམ་འཛིན་ཡག་པོ་ཏན་ཏིག་བྱས་ནས་ལོ་ཧྲིལ་པོར་ཁེ་ལས་ཚང་མས་ལས་ཞུགས་ལས་གནས་སུ་མཐོ་སློབ་སློབ་ཐོན་སློབ་མ་གདན་ཞུ་བྱེད་ཚད་70%ཟིན་པའི་བརྩོན་ལེན་བྱེད་དགོས་པ། གཞུང་གི་ལས་གནས་སུ་རྒྱུགས་བསྡུ་བྱེད་པར་དམ་འཛིན་ཡག་པོ་ཏན་ཏིག་བྱས་ནས་འདི་ལོ་ཡོངས་བསྒྲགས་སུ་བསྡུ་བའི་ལས་དོན་ལ་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་བཏང་སྟེ་གཞུང་དྲང་དང་། དྲང་བདེན། འདྲ་མཉམ་བཅས་མཐའ་འཁྱོངས་ཀྱིས་ལས་མི་བསྡུ་བའི་ལས་དོན་བདེ་འཇགས་ལྡན་པ་དང་། བརྟན་ལྷིང་ཡོད་པ། གོ་རིམ་ལྡན་པ་བཅས་ཀྱི་འགན་ལེན་བྱེད་དགོས་པ། ཐབས་ལམ་གཞན་ལ་བརྟེན་ནས་ལས་ཞུགས་ལ་དམ་འཛིན་ཡག་པོ་ཏན་ཏིག་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མ་བྱེད་ཐབས་སྣ་ཚོགས་ཀྱིས་བབ་བསྟུན་ལས་ཞུགས་དང་རང་བརྟེན་ལས་གཏོད་ལ་ཡར་སྐུལ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

    མཇུག་ཏུ་ཀྲོང་ཡན་གྱིས་རིམ་པ་ཁག་དང་སྡེ་ཚན་ཁག་ལ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་མཐུན་སྒྲིལ་གཅིག་སྒྲིལ་བྱས་ནས་གཞོགས་འདེགས་མཉམ་འཐབ་དང་འགན་འཁྲི་ཁུར་ཕོད་པ་བྱས་ནས་རང་འགུལ་ངང་བྱས་རྗེས་བཞག་སྟེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་བཏོད་དེ་ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།