དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་ཀྱི་2017ལོའི་མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་ཤུགས་རྐྱེན་བཟོ་བའི་ལས་ཀའི་སྤྱི་བསྒྲགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-06-23

    མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་ཤུགས་རྐྱེན་བཟོ་བའི་ལས་ཀ་ནི་རིམ་ཁག་སྲིད་གཞུང་གི་འགོ་ཁྲིད་འོག་སྤེལ་བའི་སྤྱི་ཕན་རང་བཞིན་གྱི་ས་གནས་གནམ་གཤིས་བྱ་གཞག་ཞིག་ཡིན་པ་དང་རང་ལྗོངས་ཀྱི་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་། གེགས་སེལ་ཕན་འདོགས། འབྲུ་རིགས་ཀྱི་ཐོན་སྐྱེད་འགན་ལེན། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན། བོད་རང་སྐྱོང་ལྗོངས་ཀྱིས་2017ལོར་མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་ཤུགས་རྐྱེན་བཟོ་བའི་ལས་དོན་ད་ཆ་དངོས་སུ་སྤེལ་འགོ་ཚུགས་པ་དང་མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་ཤུགས་རྐྱེན་བཟོ་བའི་ལས་ཀའི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་ཤུགས་རྐྱེན་བཟོ་བའི་ལས་དོན་བདེ་འཇགས་ཡོང་བ་དང་ཕན་འབྲས་ཆེན་པོ་ཐོན་པའི་འགན་ལེན་བྱེད་པ་དང་ས་ཆ་དེ་གའི་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་ལ་དེ་བས་ལེགས་པའི་སྒོ་ནས་ཞབས་ཞུ་བྱ་ཆེད《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གནམ་གཤིས་བཅའ་ཁྲིམས》དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི《མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་ཤུགས་རྐྱེན་བཟོ་བའི་དོ་དམ་སྲོལ་ཡིག》《བོད་རང་སྐྱོང་ལྗོངས་ཀྱི་མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་ཤུགས་རྐྱེན་བཟོ་བའི་དོ་དམ་བྱེད་ཐབས》བཅས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་དམིགས་བསལ་གྱི་སྤྱི་བསྒྲགས་སྤེལ་བ་གཤམ་གསལ་ཏེ།

    གཅིག   ལས་སྒྲུབ་དུས་ཚད། 2017ལོའི་ཟླ་1ཚེས་1ཉིན་ནས་2017ལོའི་ཟླ་12ཚེས་31ཉིན་བར།

    གཉིས། ལས་སྒྲུབ་ཁྱབ་ཁོངས། ལྷ་ས་གྲོང་ཁྱེར་དང་། གཞིས་རྩེ་གྲོང་ཁྱེར། ལྷོ་ཁ་གྲོང་ཁྱེར། ཆབ་མདོ་གྲོང་ཁྱེར། མངའ་རིས་ས་ཁུལ། ཉིང་ཁྲི་གྲོང་ཁྱེར། ནག་ཆུ་ས་ཁུལ་བཅས།

    གསུམ། གོང་གསལ་གྱི་ལས་དོན་སྤེལ་རིང་རིམ་ཁག་མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་ཤུགས་རྐྱེན་བཟོ་བའི་སྒྲིག་གཞིས་མི་ཐབས་ལ་བརྟེན་ནས་སེར་བ་འགོག་པ་དང་། མི་ཐབས་ལ་བརྟེན་ནས་ཆར་པ(གངས)མང་དུ་གཏོང་བ། ནགས་ཚལ་གྱི་མེ་གསོད་པ་སོགས་མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་ཤུགས་རྐྱེན་བཟོ་བའི་ལས་དོན་འོས་འཚམ་ངང་སྒྲིག་འཛུགས་བྱ་རྒྱུ་དང་རེ་བར་གནས་ཡུལ་རིམ་ཁག་སྲིད་གཞུང་གིས་མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་ཤུགས་རྐྱེན་བཟོ་བའི་ལས་དོན་སྤེལ་རིང་གི་བདེ་འཇགས་དྲིལ་བསྒྲགས་དང་སློབ་གསོ་སོགས་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་རྒྱ་ཆེའི་མང་ཚོགས་ཀྱིས་ཕན་ཚུན་ལན་སྤྲོད་རེས་བྱེད་དགོས།

    བཞི། མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་ཤུགས་རྐྱེན་བཟོ་བའི་ལས་དོན་སྤེལ་སྐབས་མེ་ཤུགས་འཕུར་མདའ་དང་ཧའོ་སྨི་37གྱི་མཁའ་འཕེན་མེ་སྒྱོགས་བཀོལ་སྤྱོད་བྱ་རྒྱུ་དང་ལས་དོན་སྤེལ་ཡུལ་དང་མཐའ་འཁོར་དུ་འབྲེལ་བ་མེད་པའི་མི་དང་ཕྱུགས་ཟོག་འཛུལ་རྒྱུ་ནན་འགོག་བྱེད་དགོས། ལས་དོན་སྤེལ་རིང་མེ་སྒྱོགས་ས་ཚིགས་ཉེ་འཁོར་གྱི་སྤྱི་ལེ་10ཡི་ཁྱབ་ཁོངས་ནི་ལས་དོན་སྤེལ་ཡུལ་ཡིན་པས་ས་ཁོངས་དེའི་ནང་འབར་མ་ཐུབ་པའི་འབར་མདེལ་དང་འབར་འཕྲོ་ལུས་པའི་འབར་མདེལ་ལྷག་རོ་དང་མེ་ཤུགས་འཕུར་མདའི་ཆག་རོ་ལྷུངས་སྲིད་པས་བདེ་འཇགས་ལ་དོ་སྣང་བྱེད་དགོས།

    ལྔ། མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་ཤུགས་རྐྱེན་བཟོ་བའི་ལས་དོན་སྤེལ་སྐབས་བཀོལ་སྤྱོད་བྱེད་པའི་མེ་ཤུགས་འཕུར་མདའ་དང་མཁའ་འཕེན་མེ་སྒྱོགས་ཀྱི་མདེའུ་དེ་འབར་གས་སླ་བའི་ཉེན་ཆེའི་དངོས་རྫས་ཡིན་ཞིང་། ལས་དོན་སྤེལ་ཁུལ་ནང་གི་ཚན་པའམ་མི་སྒེར་གྱིས་འབར་མ་ཐུབ་པའི་འབར་མདེལ་དང་འབར་འཕྲོར་ལུས་པའི་འབར་མདེལ་ལྷག་རོ་དང་མེ་ཤུགས་འཕུར་མདའི་ཆག་རོ་ཡོད་པ་མཐོང་ཚེ་ཁྱེད་རང་དང་གཞན་གྱི་བདེ་འཇགས་ཆེད་རང་འགར་རྡོ་བཞུ་བ་དང་། བཤིག་པ། རྩེད་མོ་རྩེ་བ་བཅས་གཏན་ནས་བྱེད་མི་རུང་ལ་འཕྲལ་མར་ས་ཆ་དེ་གའི་སྲིད་གཞུང་ངམ་ཡང་ན་སྤྱི་བདེ་ལས་ཁུངས་ལ་ཐག་གཅོད་བྱ་རྒྱུར་སྙན་སེང་ཞུ་བའམ་ཡང་ན་ས་ཆ་དེ་གའི་གནམ་གཤིས་ཅུས་སམ་ཞིང་འབྲོག་ཅུས་ལ་འབྲེལ་གཏུག་བྱས་ཏེ་ཐག་གཅོད་འོས་འཚམ་ཐུབ་པ་བྱེད་དགོས། གལ་ཏེ་དེ་དག་རྙེད་རྗེས་བཤིག་པ་དང་། རྡོ་བཞུ་བ། སྦས་པའམ་ཡང་ན་བརྒྱུད་ཚོང་སོགས་བྱས་ཚེ་དོ་བདག་གིས་དེའི་མཇུག་འབྲས་ཚང་མ་འགན་ཁུར་དགོས་པ་དང་བཅའ་ཁྲིམས་འགན་འཁྲིའི་གནས་ཚུལ་ཐོན་ཚེ་འབྲེལ་ཡོད་སྡེ་ཚན་གྱིས་དེའི་བཅའ་ཁྲིམས་ཀྱི་འགན་འཁྲི་རྩད་གཅོད་བྱེད་དགོས།

    དྲུག མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་ཤུགས་རྐྱེན་བཟོ་བའི་ལས་དོན་སྤེལ་བ་ལས་བསམ་ཡུལ་ལས་འདས་པའི་དོན་རྐྱེན་ཐོན་ཚེ་འཕྲལ་མར་ས་ཆ་དེ་གའི་སྲིད་གཞུང་དང་། སྤྱི་བདེ་ལས་ཁུངས། གནམ་གཤིས་ཅུས་སམ་ཡང་ན་ཞིང་འབྲོག་ཅུས་ལ་སྙན་སེང་ཞུ་བ་དང་འབྲེལ་གནས་ཚུལ་ཐོན་ཡུལ་སྲུང་སྐྱོབ་ཡག་པོ་བྱས་ཏེ་དོན་རྐྱེན་ཐག་གཅོད་ཡག་པོ་ཐུབ་པ་བྱེད་དགོས།

    བདུན། གོང་གསལ་གྱི་སྤྱི་བསྒྲགས་ལས་འགལ་བའི་བྱ་སྤྱོད་སྤེལ་ཚེ་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་དོ་བདག་གི་འགན་འཁྲི་རྩད་གཅོད་བྱེད་དགོས་པ་དང་དེ་ལས་བྱུང་བའི་དོན་རྐྱེན་རང་ཉིད་ཀྱིས་འགན་ཁུར་དགོས་ལ་རྒྱལ་ཁབ་དང་མི་གཞན་ལ་དོན་རྐྱེན་ནམ་ཡང་ན་གྱོང་གུན་བཟོས་ཚེ་ད་དུང་དེའི་དཔལ་འབྱོར་དང་བཅའ་ཁྲིམས་ཀྱི་འགན་འཁྲི་རྩད་གཅོད་བྱེད་དགོས།

    འབྲེལ་གཏུག་ཁ་པར། བོད་རང་སྐྱོང་ལྗོངས་མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་ཤུགས་རྐྱེན་བཟོ་བའི་གཞུང་དོན་ཁང་། 0891--6331552

    དམིགས་བསལ་སྤྱི་བསྒྲགས།

    བོད་རང་སྐྱོང་ལྗོངས་མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་ཤུགས་རྐྱེན་བཟོ་བའི་གཞུང་དོན་ཁང་གིས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།