དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་སོ་བཞི་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-06-16

    ཚེས་14ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་སོ་བཞི་པ་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྡོ་ཐོགས་དང་། སྐར་མ། ཀྲོའུ་ཁྲུན་ལའེ། བསྟན་འཛིན་རྣམ་རྒྱལ། ཤིང་རྩ་བསྟན་འཛིན་ཆོས་གྲགས། ཅུས་ཅན་ཧྭ། ཉི་མ་ཚེ་རིང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

    ཚོགས་འདུའི་རིང་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་འཚོགས་པ་རེད། ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ད་ཐེངས་ཀྱི་ཚོགས་འདུའི་གྲོས་རིམ་ལ་གྲོས་འཆམ་བྱུང་རྗེས་ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་སྒྲིག་ཁོངས་གཞུང་དོན་ཁང་གི་ཀྲུའུ་རེན་ཀྲུང་ཁྲུང་ཏུང་གིས་ཚོགས་འདུའི་ཐོག་འབྲེལ་ཡོད་མི་དོན་གྱི་དོན་གནད་ཐད་གསལ་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་མི་སྣ་བསྐོ་འཐེན་གྱི་དོན་གནད་ཐག་བཅད་དེ་ཏིང་ཡེ་ཤན་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པའི་གོ་གནས་ཕྱིར་འཐེན་བྱ་རྒྱུའི་ཐག་བཅད་པ་དང་། ཀྲོང་ཡན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པར་བསྐོ་གཞག་བྱ་རྒྱུའི་ཐག་བཅད་པ་རེད། བློ་བཟང་རྒྱལ་མཚན་གྱིས་ཀྲོང་ཡན་ལ་གོ་གནས་བསྐོ་གཞག་གི་ལག་ཁྱེར་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སོ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གསུང་བཤད་གནང་སྐབས་བློ་མཐུན་ཏིང་ཡེ་ཤན་དང་ཀྲོང་ཡན་རྣམ་གཉིས་ཀྱི་ལས་ཀ་ལེགས་སྒྲིག་བྱས་པ་དེ་ནི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཡོངས་ལ་བསྟུན་པ་དང་ལས་ཀའི་དགོས་མཁོ་དང་ལས་བྱེད་པ་སྤེལ་རེས་ཀྱི་དགོངས་དོན་དང་དེ་བཞིན་བོད་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གི་དོན་དངོས་ལ་གཞིགས་ནས་ཁྱོན་ཡོངས་ལ་བསམ་བློ་གཏོང་བ་དང་ཞིབ་འཇུག་གཟབ་ནན་བྱས་རྗེས་ཐག་བཅད་པ་ཞིག་རེད། བློ་མཐུན་ཀྲོང་ཡན་གྱིས་ཏང་ཀྲུང་དབྱང་གི་ཡིད་ཆེས་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར་ལས་འགན་དང་འགན་འཁྲི་བློ་ལ་བརྟན་པོ་བཅངས་བ་དང་རྩ་ཁྲིམས་ཀྱི་དམ་བཅར་བརྩི་སྲུང་ནན་པོ་ཞུས་ཏེ་ལས་ཀ་ཧུར་ཐག་བསྒྲུབས་ནས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཚོགས་འདུ་གྲོལ་རྗེས་བློ་བཟང་རྒྱལ་མཚན་གྱིས་རྩ་ཁྲིམས་ཀྱི་དམ་བཅའ་འཇོག་པའི་མཛད་སྒོ་གཙོ་སྐྱོང་དང་འབྲེལ་དམ་བཅའ་འཇོག་པར་ལྟ་སྐུལ་ཡང་གནང་བ་རེད། གསར་དུ་བསྐོ་གཞག་བྱས་པའི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཀྱང་རྩ་ཁྲིམས་ཀྱི་མདུན་དུ་དམ་བཅའ་བཞག་གནང་བ་རེད།

    ཚོགས་འདུ་མ་འཚོག་གོང་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུ་ཐེངས་113པ་འཚོགས་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སོ་བཞི་པའི་གྲོས་རིམ་འཆར་ཟིན་དང་དེ་བཞིན་ཉིན་རེའི་གྲོས་རིམ་བཀོད་སྒྲིག་ལ་ཞིབ་འཇུག་དང་བསྐོ་འཐེན་དོན་གནད་ལ་ཞིབ་བཤེར་ཡང་གནང་བ་རེད།

    ཚོགས་འདུ་འཚོགས་རིང་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་ཞིབ་བྱས་པ་རེད། བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུ་ཐེངས་114པ་འཚོགས་ཏེ་མཇུག་འགྲིལ་ཚོགས་འདུའི་ཐོག་བརྡས་ཐག་གཅོད་རྒྱུའི་དོན་གནད་གཏན་འཁེལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།