དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་མཚོ་སྣ་རྫོང་མཐའ་མཚམས་ཀྱི་འཐབ་ས་དང་པོའི་གྲོང་གསེབ་ཏུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-06-15

     ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་ཚེས་12དང་13ཉིན་གཉིས་རིང་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་མཐའ་མཚམས་ཀྱི་འཐབ་ས་དང་པོའི་གྲོང་གསེབ་ཏུ་བརྟག་ཞིབ་གནང་ནས་མཐའ་མཚམས་ཀྱི་འཐབ་ས་དང་པོའི་ལས་བྱེད་མང་ཚོགས་དང་མཐའ་སྲུང་དཔོན་དམག་ལ་གཟིགས་པ་རེད། ཁོང་གིས“མཐའ་མཚམས་མི་སེར་སྔར་བས་བདེ་སྐྱིད་དང་མཐའ་སྲུང་སྔར་བས་སྲ་བརྟན”ཡོང་བའི་དམིགས་ཚད་ལ་དམ་པོར་དམིགས་ནས་ལས་ཀའི་བསམ་ཕྱོགས་གསར་གཏོད་དང་། ལས་དོན་སྒྲུབ་ཤུགས་ཆེར་གཏོང་། མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་དར་རྒྱས་གོང་འཕེལ་གྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན། མཐའ་མཚམས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་གཏོང་བཅས་ཀྱི་སྒོ་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    མཚོ་སྣ་རྫོང་གི་མཐའ་མཚམས་ཏང་འཛུགས་སྐྱོང་ཁྱམས་རིང་གིས་མཐའ་མཚམས་ཀྱི་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། མཐའ་མཚམས་དོ་དམ་དང་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ། ཏང་གི་གསུང་སྒྲ་བརྒྱུད་བསྒྲགས་བྱེད་པ། སྣོད་བཅུད་སྲུང་སྐྱོང་ལ་མཐོང་ཆེན་བྱེད་པ། ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་འགན་གལ་ཆེན་ལ་དམིགས་ནས་ལས་དོན་གསོན་ཉམས་ལྡན་པའི་ངང་སྤེལ་ཡོད། ལམ་ཕུག་ཤང་དོམ་ཚང་དང་། སླད་ཤང་སྲིན་མོ་མཐའ་མཚམས་ཀྱི་ཕྱུགས་འཚོ་སར་བློ་བཟང་རྒྱལ་མཚན་གྱིས་མཐའ་མཚམས་ཀྱི་འཐབ་ས་དང་པོའི་གཞི་རིམ་ཏང་འཛུགས་སྐྱོང་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་། དཔལ་འབྱོར་འཕེལ་རྒྱས་དང་མཐའ་མཚམས་དོ་དམ་དང་ཚོད་འཛིན་སོགས་ཀྱི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་སྦྲགས། ཁས་ལེན་ཡང་གང་ལེགས་གནང་བ་རེད། བློ་བཟང་རྒྱལ་མཚན་གྱིས་མཐའ་མཚམས་རྫོང་གི་གྲོང་གསེབ་ཏུ་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་པའི་དོན་སྙིང་དེ་བས་གལ་ཆེན་པོ་ཡིན། མཐའ་མཚམས་ཀྱི་ཏང་འཛུགས་སྐྱོང་གི་བར་ཁྱམས་བསྐྲུན་པར་བརྟེན་ནས་ཏང་གི་ཁྱབ་རྒྱ་སྔར་བས་ཆེ་རུ་བཏང་སྟེ་གང་དུ་མང་ཚོགས་ཡོད་པ་དེ་གར་ཏང་རྩ་འཛུགས་ཡོད་པ་དང་། དེ་གར་ཏང་གི་ཞབས་ཞུ་དང་དོ་དམ་ཡོད་པ་བྱས་ཏེ་རྩ་འཛུགས་སྟོབས་ཆེན་དང་། གཡུལ་ས་འཛུགས་སྐྲུན། མི་སེམས་གཅིག་སྒྲིལ། དམངས་ཚོར་ཕན་པ། མཐའ་མཚམས་སྲ་བརྟན་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་འདོན་སྤེལ་གྱིས་མཐའ་མཚམས་ས་ཁུལ་དུ་ཏང་གི་སྲིད་སྐྱོང་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས་ཞེས་གསུངས་པ་རེད།

    མཐའ་མཚམས་ཀྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་བསྐྲུན་རྒྱུ་ནི་བློ་བཟང་རྒྱལ་མཚན་གྱིས་བརྟག་ཞིབ་གནང་བའི་གཙོ་གནད་ཡིན། བློ་བཟང་རྒྱལ་མཚན་ཞོག་ཤིང་གྲོང་ཚོ་དང་། མག་མག་གྲོང་ཚོ། སླད་གྲོང་ཚོ། སྒྱི་གསུམ་བཀོད་སྒྲིག་བྱ་ཡུལ་བཅས་ལ་སྔ་རྗེས་སུ་ཕེབས་ནས་དཔེ་རིས་ལ་གཟིགས་པ་དང་ངོ་སྤྲོད་གསན་རྗེས་མཚོ་སྣ་རྫོང་གི་མཐའ་མཚམས་འབྱོར་འབྲིང་གི་དཔེ་སྟོན་གྲོང་ཚོའི་ཇུས་གཞི་དང་ལག་བསྟར་བྱ་ཚུལ་སོགས་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། 2015ལོའི་ལོ་མཇུག་ཏུ་བསྐྲུན་པའི་མག་མག་ཤང་མག་མག་གྲོང་ཚོའི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་ནི་མོན་པ་མི་རིགས་ཀྱི་ཁྱད་ཆོས་ལྡན་ལ་འཚོ་བའི་གནས་སྡོད་དང་། ཡུལ་སྐོར་ཞག་སྡོད། བཟའ་བཏུང་ཞབས་ཞུ་བཅས་གཞི་གཅིག་ཏུ་འདུས་པའི་ཡུལ་སྐོར་གྱི་ཁྱད་ལྡན་གྲོང་རྡལ་ཆུང་གྲས་ཤིག་ཡིན་པས་སྔོན་ཆད་ས་ཞིང་དང་། ཕྱུགས་འཚོ། འཁེལ་འཐག་བཅས་ལ་བརྟེན་ནས་འཚོ་བ་སྐྱེལ་མཁན་མོན་པ་རིགས་ཀྱི་མང་ཚོགས་ཚང་མ་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་གསོག་ཐུབ་པ་བྱུང་ཡོད།

    བློ་བཟང་རྒྱལ་མཚན་གྱིས་མཚན་མོ་ཚོང་ཁང་དང་ཞིང་ཁྱིམ་དུ་འཚམས་འདྲིར་ཕེབས་པ་དང་སྦྲགས། བཀྲ་ཤིས་བདེ་སྐྱིད་དང་སྒྲོལ་མའི་ཁྱིམ་ཚང་གཉིས་སུ་ཕེབས་ནས་ཁོང་ཚོ་དང་མཉམ་དུ་བྱམས་བརྩེའི་ངང་བཀའ་མོལ་གནང་སྟེ་ཡོང་འབབ་ཡོང་ཁུངས་བཀའ་འདྲི་ཞིབ་ཕྲ་དང་འགྲུལ་ཁང་གི་གཉེར་སྐྱོང་མཁྱེན་རྟོགས་དང་འཚོ་བའི་མྱོང་ཚོར་གསན་ནས་དུད་ཚང་གི་གནས་སྟངས་ལ་བརྟག་དཔྱད་གནང་བ་རེད། ཁྱད་ལྡན་ཡུལ་སྐོར་ལ་བརྟེན་པ་དང་སྣ་མང་གཉེར་སྐྱོང་བྱས་པར་དུད་ཚང་གཉིས་པོར་ཉེ་བའི་ལོ་གསུམ་རིང་ཁྱིམ་ཚང་གི་ཡོང་འབབ་ལོ་རེ་བཞིན་མང་དུ་སོང་ནས་ན་ནིང་ཁོ་ནར་ཡོང་འབབ་སྒོར་ཁྲི་10ལས་བརྒལ་ཡོད། བློ་བཟང་རྒྱལ་མཚན་གྱིས་ཚང་མ་ཁང་གསར་ནང་སྡོད་རྒྱུ་བྱུང་བ་དང་འཚོ་བ་བདེ་སྐྱིད་ལྡན་པ་སྐྱེལ་རྒྱུ་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ཆབས་ཅིག ཞབས་ཞུ་སྔར་བས་ལེགས་པ་ཞུས་ཏེ་ཡུལ་སྐོར་བ་དེ་བས་མང་བ་འགུགས་ཐབས་ཀྱིས་ཡོང་འབབ་མང་ཙམ་བསཌ་ནས་དེ་བས་བདེ་སྐྱིད་དང་ཤེས་དཔལ་གྱི་དེང་རབས་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

    བརྟག་ཞིབ་གནང་རིང་བློ་བཟང་རྒྱལ་མཚན་གྱིས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་བསྐྲུན་པ་དེས་མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་དང་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་ཕྱིན་ཏེ་ཁྲོམ་རའི་གཉེར་སྐྱོང་ནང་ཚང་མ་ཞུགས་པའི་ཧུར་སེམས་སྐོང་འཐེན་ཐུབ་པ་དང་མཐའ་མཚམས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་ཐུབ་ནས་མཐའ་མཚམས་འཕེལ་རྒྱས་ཀྱི་ཧེ་བག་ཆུང་དུ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། མཐའ་སྲུང་སྲ་བརྟན་འགན་ལེན་བཅས་ཐད་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་རྒྱང་རིང་གཏིང་ཟབ་ཀྱི་ལོ་རྒྱུས་དོན་སྙིང་ལྡན་ཡོད། མཐའ་བརྟན་མཐའ་དར་གལ་ཆེ་མཉམ་དུ་འཛིན་པ་དང་། བདེ་སྡོད་ལས་བརྩོན་གལ་ཆེ་མཉམ་དུ་འཛིན་པ། གནས་སྤོས་དབུལ་སྒྲོལ་གོམ་སྟབས་གཅིག་མཚུངས་ངང་སྤེལ་བ་བཅས་སྔར་བས་མཐའ་འཁྱོངས་བྱས་ནས་མཐའ་མཚམས་ཀྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་བསྐྲུན་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་མཐའ་མཚམས་ས་ཁུལ་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་མཐའ་མཚམས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་ཡག་པོ་སྒྲུབ་པའི་འགག་རྩ་དེ་ཏང་དང་ང་ཚོ་གཞི་རིམ་ལས་བྱེད་པར་རག་ལས་ཡོད། མཐའ་མཚམས་ཀྱི་འཐབ་ས་དང་པོའི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་དང“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོའི་གྲུབ་འབྲས་ཕྱོགས་ཡོངས་ནས་སྲ་བརྟན་དུ་གཏོང་བ་དང་། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཚད་གཞི་མཐོ་བ་དང་བླང་བྱ་ནན་པོ་མཐའ་འཁྱོངས་ཀྱིས་རང་འགུལ་ངང་བྱས་རྗེས་འཇོག་རྒྱུའི་ཐད་འབད་བརྩོན་དང་། འགན་འཁྲི་ནན་ཏན་ངང་བསྒྲུབ་རྒྱུའི་ཐད་འབད་བརྩོན། ལས་སྒྲུབ་ལས་གཏོད་ཐད་འབད་བརྩོན་བཅས་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་བྱ་གཞག་སྒྲུབ་པའི་འགན་འཁྲི་ཁུར་སེམས་ཆེན་པོ་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་བསམ་པའི་ཉམས་འགྱུར་བཟང་པོ་རྒྱུན་འཁྱོངས་བྱས་ཏེ་དོན་དངོས་ཀྱི་ལས་ཀའི་གྲུབ་འབྲས་ལ་བརྟེན་ནས་མཐའ་མཚམས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་དེ་སླར་ཡང་སྐས་རིམ་གསར་པར་སླེབས་པ་དང་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    མཐའ་སྲུང་དཔོན་དམག་ལ་གཟིགས་སྐབས། བློ་བཟང་རྒྱལ་མཚན་གྱིས་མཐའ་སྲུང་དཔོན་དམག་མི་རབས་ནས་མི་རབས་ཀྱིས་རྒྱལ་ཁབ་ཀྱི་མངའ་ཁོངས་ས་ཆའི་བདེ་འཇགས་དང་ལྷོ་ནུབ་མཐའ་སྲུང་སྲ་བརྟན་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བར་ཁས་ལེན་གང་ལེགས་དང་གདེང་འཇོག་ཆེན་པོ་གནང་བ་རེད།

    བརྟག་ཞིབ་གནང་རིང་། བློ་བཟང་རྒྱལ་མཚན་གྱིས་སླད་ཤང་ཇ་ལོ་འདེབས་འཛུགས་དང་ཐོན་ལས་གསར་སྤེལ་ལ་རྟོག་ཞིབ་གནང་བ་དང་སྦྲགས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི་དབང་མོ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཀྲུང་རེན་གཞོན་པ་ཚེ་རིང་ལྷ་མོར་གཟིགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།