དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སློབ་སྦྱོང(རྒྱ་ཆེ)ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-05-30

    ཚེས་26ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སློབ་སྦྱོང(རྒྱ་ཆེ)ཚོགས་འདུ་ཐེངས་གཉིས་པ་འཚོགས་ནས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་དེ་བཞིན་ལས་ཁུངས་ཀྱིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་ལས་དོན་ལ་བཀོད་སྒྲིག་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག 《“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་འཆར་གཞིར》གྲོས་བསྡུར་བྱས་པ་དང་། ཀྲོའུ་ཁྲུན་ལའེ་དང་། བསྟན་འཛིན་རྣམ་རྒྱལ། ལི་ཝུན་ཧན། ཉི་མ་ཚེ་རིང་སོགས་ཀྱིས་སྤེལ་རེས་གཏམ་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་བསྟན་དོན། ན་ནིང་ནས་བཟུང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་དང་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར།“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་དེ་ཏང་འཛུགས་སྐྱོང་ལས་དོན་གྱི་ལས་འགན་གལ་ཆེན་དུ་བརྩིས་ནས“སློབ་སྦྱོང”གི་ནང་དོན་དང་། “ཚད་ལོན”གྱི་ཚད་གཞི། “སྒྱུར་བཅོས”ཀྱི་བླང་བྱ་བཅས་ལ་དམ་པོར་དམིགས་ཏེ་འཆར་འགོད་ནན་ཏན་དང་བཀོད་སྒྲིག་ཚགས་དམ་པོས་ཚད་གཞི་དང་སྤུས་ཚད་མཐོ་པོས་སྐུལ་འདེད་བཏང་བར་འཕེལ་རིམ་གལ་ཆེན་དང་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་མ་ཟད། རྒྱུན་ལས་ཨུ་ལྷན་དང་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་བལྟོས་ཀྱི་འདུ་ཤེས་བཅས་མངོན་གསལ་དོད་པོས་ཟབ་ཏུ་དང་། རྒྱུན་ལས་ཨུ་ལྷན་དང་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་སྔར་བས་སྒམ་ནན་དང་ཚད་ལྡན། གཞི་རིམ་ཏང་འཛུགས་སྐྱོང་ལས་ཀའི་ཆུ་ཚད་སྔར་བས་མཐོ་རུ། མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ཇུས་འདོན་ལས་རོགས་ཀྱི་ནུས་པ་དང་ཞབས་ཞུ་འགན་ལེན་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་བཅས་སོང་བ་དང་འབྲེལ། རྒྱུན་ལས་ཨུ་ལྷན་དང་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་འགོ་ཁྲིད་ལས་བྱེད་པའི་རྐང་འཛིན་པ་དང་སྣེ་འདྲེན་པའི་ནུས་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་ནུས་པ། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་བཅས་འདོན་སྤེལ་གང་ལེགས་བྱས་ཡོད་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་པ་གལ་ཆེན་དང་ཀྲུང་དབྱང་དང་དེ་བཞིན་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ་དང“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་རྒྱུའི་ཐད། བློ་བཟང་རྒྱལ་མཚན་གྱིས་བླང་བྱ་བཞི་བཏོན་གནང་བ་སྟེ། གཅིག་ནས་བསམ་བློའི་ངོས་འཛིན་ཟབ་ཏུ་བཏང་ནས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་དང་བྱེད་པོའི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱས་ཐོག དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་དང་རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་དུས་བསྟུན་འཕེལ་རྒྱས་ཡོང་རྒྱུར་སྐུལ་སྤེལ་གཏོང་ཕྱིར་ཆབ་སྲིད་དང་། རྩ་འཛུགས། སྤྱོད་ཚུལ་བཅས་ཀྱི་འགན་ལེན་ཤུགས་ཆེན་མཁོ་འདོན་བྱེད་དགོས་པ་དང་། གཉིས་ནས་དམིགས་ཚད་ཀྱི་བླང་བྱ་ཁོང་དུ་ཆུད་པ་བྱས་ཏེ་མི་དམངས་འཐུས་ཚོགས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་ལས་ཀའི་འཆར་གཞི་བཟོ་བ་དང་། གཏན་འབེབས་བྱ་སྤྱོད་ཡག་པོ་སྒྲུབ་པ། དཔེ་སྟོན་སྣེ་ཁྲིད་མངོན་གསལ་དོད་པ། གནད་འཕིགས་ཤུགས་འདོན་རྒྱུན་འཁྱོངས་བཅས་བྱས་ཏེ“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་དགོས་པ། གསུམ་ནས་རང་འགུལ་ངང་བྱ་བ་ནན་ཏན་བསྒྲུབས་ཏེ་སློབ་སྦྱོང་སློབ་གསོའི་ཕན་འབྲས་དངོས་འབྲེལ་ལ་བརྟེན་ནས་མི་དམངས་འཐུས་ཚོགས་ལས་དོན་སྤྱི་ཡོངས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུར་སྐུལ་སྤེལ་བཏང་ཐོག “གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་ནས་རང་འགུལ་ངང་ཧུར་ཐག་འབད་ཐག་དང་། འགན་འཁྲི་ནན་ཏན་འཁུར་བ། མཇུག་འབྲས་ལ་དོ་སྣང་བཅས་བྱས་ནས་ཁྲིམས་འཛུགས་དང་། ལྟ་སྐུལ། གཏན་འབེབས། བསྐོ་འཐེན། འཐུས་མི་སོགས་ཀྱི་ལས་ཀའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཁར། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་སོགས་ལས་དོན་ཁག་ལ་ཕན་འབྲས་གསར་པ་ཐོབ་པ་བྱེད་དགོས་པ། བཞི་ནས་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་འགན་འཁྲི་དངོས་སུ་དང་ནན་པོ་འཁུར་བ་དང་། ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། གཅིག་གྱུར་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོགས་བྱ་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་ལས་འགན་དོན་འཁྱོལ་དང་། ཏན་ཏན་ཏིག་ཏིག་ངང་སློབ་སྦྱོང་སློབ་གསོ་ཡག་པོ་སྤེལ་བ་དང་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ལས་འགན་དོན་འཁྱོལ་ཡག་པོ་བྱས་ཏེ་རྒྱུན་ལས་ཨུ་ལྷན་དང་། དེ་བཞིན་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་ཀའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་འཚོག་རྒྱུར་བསུ་བ་ཞུ་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།