དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་སོ་གསུམ་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-05-26

    ཚེས་24ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་ཐེངས་སོ་གསུམ་པ་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་ད་ཐེངས་ཀྱི་ཚོགས་འདུའི་གྲོས་རིམ་ལ་གྲོས་འཆམ་བྱས་པ་དང་། ལྗོངས་ཏང་ཨུད་རྩ་འཛུགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཐང་མིང་དབྱིན་གྱིས་མི་དོན་བཀོད་སྒྲིག་དོན་གནད་སྐོར་གྱི་གསལ་བཤད་གནང་བ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཨུ་ཡོན་ཀྲའོ་ཀྲན་ཝུན་གྱིས《བོད་རང་སྐྱོང་ལྗོངས་ཀྱི་ཐན་འགོག་སྲོལ་ཡིག(འཆར་ཟིན)》གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུ་གནང་བ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཀོ་ཧྲེང་གིས《བོད་རང་སྐྱོང་ལྗོངས་ཀྱི་བདེན་པའི་རྒྱབ་ལངས་བྱེད་མཁན་གྱི་གཟེངས་བསྟོད་བྱ་དགའ་དང་ཁེ་དབང་འགན་ལེན་སྐོར་གྱི་སྲོལ་ཡིག(འཆར་ཟིན)》གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུ་གནང་ནས་གོང་གསལ་གྱི་འཆར་ཟིན་དེ་གཉིས་རང་ལྗོངས་ཀྱི་དོན་དངོས་དང་འཚམ་པ་མ་ཟད། དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེན་པོ་ལྡན་པ་བཅས་ཀྱི་ངོས་འཛིན་བྱས་ནས་ད་ཐེངས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གྲོས་འགོ་བཏོན་པ།རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་མངགས་བཅོལ་ལྟར། རང་སྐྱོང་ལྗོངས་བཟོ་ཚོང་སྲིད་འཛིན་དོ་དམ་ཅུས་ཀྱི་སྐོར་གཟིགས་པ་ཝང་ཧྲོའུ་ཕིང་གིས《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས〉སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས(བཟོ་བཅོས་འཆར་ཟིན)》གྱི་གསལ་བཤད་གནང་བ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཨུ་ཡོན་ཝང་ཏ་ཧའེ་ཡིས《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས〉སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས(བཟོ་བཅོས་འཆར་ཟིན)》གྲོས་ཞིབ་བསམ་འཆར་སྐོར་གྱི་སྙན་ཞུ་གནང་བ། རང་ལྗོངས་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ལས་དོན་དང་ཟུང་འབྲེལ་བྱས་ནས་སྲོལ་ཡིག་ཁག་གཅིག་ལ་བཟོ་བཅོས་བརྒྱབ་ཡོད་པ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་འོད་ཟེར་གྱིས《བོད་རང་སྐྱོང་ལྗོངས་ཀྱི་བོད་ལུགས་གསོ་རིག་སྨན་རྫས་སྲུང་སྐྱོང་དང་འཕེལ་རྒྱས་སྐོར་གྱི་སྲོལ་ཡིག(འཆར་ཟིན)》སྐོར་གྱི་གསལ་བཤད་གནང་ཞིང་། སྲོལ་ཡིག་འཆར་ཟིན་ནང་། བོད་ལུགས་གསོ་རིག་སྨན་རྫས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུ་དེ་ཁྲིམས་འཛུགས་ལས་ཀའི་གཞི་རྩའི་རྩ་དོན་དུ་བརྩིས་ནས་བོད་ལུགས་གསོ་རིག་སྨན་རྫས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་སྲུང་བརྩི་ཞུས་ཏེ་རྒྱབ་སྐྱོར་དང་ཚད་ལྡན་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཞབས་ཞུ་དང་། སྲུང་སྐྱོང་དང་འཕེལ་རྒྱས། ཤེས་ལྡན་པ་གསོ་སྐྱོང་། ཚན་རིག་ཞིབ་འཇུག རྒྱུན་འཛིན་སོགས་ཐད་གཏན་འབེབས་ཞིབ་ཕྲ་བྱས་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུའི་མངགས་བཅོལ་ལྟར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ནང་ཁུལ་ཁྲིམས་འཛིན་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཡུས་པིང་གིས《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བུད་མེད་ཀྱི་ཁེ་དབང་འགན་ལེན་བཅའ་ཁྲིམས〉སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས་(བཟོ་བཅོས་འཆར་ཟིན)》སྐོར་གྱི་གསལ་བཤད་གནང་ནས་བརྟག་ཞིབ་གང་ལེགས་དང་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་ཉན་པའི་རྨང་གཞིའི་ཐོག ད་ལྟ་ལག་བསྟར་བྱེད་བཞིན་པའི་བྱ་ཐབས་ལ་བཟོ་བཅོས་བརྒྱབ་ནས་འཐུས་སྒོ་ཚང་དུ་བཏང་བ་དེ་དུས་བབ་གསར་པའི་འོག་གི་རང་ལྗོངས་ཀྱི་བུད་མེད་ཀྱི་ཁེ་དབང་འགན་ལེན་ལས་དོན་དང་སྔར་བས་འཚམ་པོ་བྱུང་ཡོད།

    ཉིང་ཁྲི་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་རྡོ་རྗེ་ཚེ་རིང་གིས《ཉིང་ཁྲི་གྲོང་ཁྱེར་ས་གནས་ཀྱི་ཁྲིམས་འཛུགས་སྲོལ་ཡིག》སྐོར་གྱི་གསལ་བཤད་གནང་བ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཨུ་ཡོན་རུང་ཧྲའོ་ཧྭ་ཡིས《ཉིང་ཁྲི་གྲོང་ཁྱེར་ས་གནས་ཀྱི་ཁྲིམས་འཛུགས་སྲོལ་ཡིག》སྐོར་གྱི་ཞིབ་བཤེར་སྙན་ཞུ་གནང་བ། ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་དཀོན་མཆོག་རྒྱལ་མཚན་གྱིས《ཆབ་མདོ་གྲོང་ཁྱེར་གྱི་རྒྱལ་གཅེས་འཕྲོད་བསྟེན་དོ་དམ་སྲོལ་ཡིག》སྐོར་གྱི་གསལ་བཤད་གནང་བ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཨུ་ཡོན་ཀོ་ཧྲེང་གིས《ཆབ་མདོ་གྲོང་ཁྱེར་གྱི་རྒྱལ་གཅེས་འཕྲོད་བསྟེན་དོ་དམ་སྲོལ་ཡིག》སྐོར་གྱི་ཞིབ་བཤེར་སྙན་ཞུ་གནང་ནས་གོང་གསལ་གྱི་སྲོལ་ཡིག་གཉིས་པོ་རྩ་ཁྲིམས་དང་། བཅའ་ཁྲིམས། སྲིད་འཛིན་ཁྲིམས་སྲོལ། རང་སྐྱོང་ལྗོངས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཅས་དང་ཕན་ཚུན་མི་མཐུན་པ་མེད་པའི་ངོས་འཛིན་བྱས་ཏེ་ད་ཐེངས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་གྲོས་ཞིབ་བྱ་རྒྱུར་འབུལ་ནས་ཆོག་མཆན་སྤྲོད་རྒྱུའི་གྲོས་འགོ་བཏོན་པ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་མི་རིགས་ཆོས་ལུགས་ཕྱི་འབྲེལ་ལས་དོན་དང་ཕྱིར་སྡོད་རང་མིའི་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་མཐོང་དགའ་ཡིས《རང་ལྗོངས་ཀྱིས〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱིར་ལོག་རང་མིའི་ཁྱིམ་མིའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས〉ལག་བསྟར་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་འཛིན་བྱེད་པོར་དབང་ཆ་སྤྲོད་པའི་གཏན་འབེབས(འཆར་ཟིན)སྐོར་གྱི་གསལ་བཤད》གནང་བ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཝུན་ཧན་གྱིས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གིས《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུའི་བཅའ་ཁྲིམས〉སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས》དང《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཆུ་སྲུང་འཛིན་བཅའ་ཁྲིམས〉སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས》ལག་ལེན་བསྟར་ཚུལ་ལ་ཞིབ་བཤེར་བྱ་རྒྱུའི་སྐོར་གྱི་སྙན་ཞུ་གསན་ནས“བྱ་ཐབས་གཉིས”པོ་བཟོ་བཅོས་བརྒྱབ་ནས་ལག་བསྟར་བྱས་ཚུན་རང་ལྗོངས་ཀྱིས་ཁྲིམས་བཞིན་ཆུ་བཅོས་སྐྱོང་དང་། ཆུ་ལ་དོ་དམ། ཆུ་བེད་སྤྱོད་བཅས་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་ཁས་ལེན་གང་ལེགས་གནང་ཡོད། ལྷག་པའི་གནད་དོན་དང་དཀའ་ངལ་བཏོན་རྗེས་དྲིལ་བསྒྲགས་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་ནན་ཤོས་ལག་བསྟར། ཆུ་དོན་ལྟ་ཞིབ་ཀྱི་ཁྲིམས་འཛིན་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན། ཆུ་བེད་སྒྱུར་བཅོས་ཀྱི་ལས་དོན་སྤེལ་ཤུགས་ཆེར་གཏོང་། ས་ཆུ་སྲུང་འཛིན་ལས་དོན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཐད་ཆུ་བེད་ཀྱི་འགན་ལེན་བྱེད་དགོས་པའི་གྲོས་འགོ་ཡང་བཏོན་པ་རེད།

    རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་མངགས་བཅོལ་ལྟར། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་ཐིང་ཀྲང་གཞོན་པ་ཆོས་གྲགས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་2017ལོའི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་ཇུས་གཞིའི་སྙན་ཞུ་གནང་བ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཨུ་ཡོན་ཡའོ་རུའེ་ཕུང་གིས《བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་2017ལོའི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་ཇུས་གཞིའི》ཞིབ་བཤེར་བྱས་འབྲས་སྐོར་གྱི་སྙན་ཞུ་གནང་བ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་སྐར་མས《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ལྷན་གྱི་གསབ་སྣོན་ཨུ་ཡོན་གྱི་མིང་ཐོའི(འཆར་ཟིན)གསལ་བཤད་དང་འཐུས་མི་ཁག་གཅིག་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ལྷན་གྱི་སྙན་ཞུ》གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།