དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་བ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-05-25

    ཚེས་22ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་སྤྱི་ཁྱབ་ཁེ་སྐྱོང་བ་ཀཱ་པིང་ཏ·པཱ་ཧ་ཏུར·ཁར་ཅི་བཅས་པ་དང་ལྷ་སར་མཇལ་འཛོམས་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། སྲིད་གཞུང་བཅས་ཀྱི་ཚབ་ཞུས་ནས་སྤྱི་ཁྱབ་ཁེ་སྐྱོང་བ་ཁར་ཅི་དང་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་ཀྲུང་གོའི་བོད་རང་སྐྱོང་ལྗོངས་དང་ནེ་པ་ལའི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་འགྲོ་འོང་གཏིང་ཟབ་ཏུ་གཏོང་ཆེད་འབད་བརྩོན་ལྷོད་མེད་གནང་བ་དང་ལེགས་སྐྱེས་ཆེན་པོ་ཕུལ་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་། ནེ་པ་ལའི་སྐབས་རིམ་བྱུང་གི་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས་ཕྱི་རོལ་ཕྱོགས་གཏོགས་ཀྱིས་ནེ་པ་ལའི་མངའ་ཁོངས་སྤྱད་དེ་ཀྲུང་གོར་ངོ་རྒོལ་བྱེད་པའི་བྱེད་སྤྱོད་གཏན་ནས་སྤེལ་དུ་མི་འཇུག་པར་ཚད་མཐོའི་བསྔགས་བརྗོད་བྱས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་ཡུན་རིང་མ་སོང་གོང“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་པེ་ཅིང་དུ་གྲུབ་འབྲས་ཐོབ་པའི་སྒོ་ནས་གཉེར་བ་དང་། དེའི་རིང་ཀྲུང་གོ་དང་ནེ་པ་ལ་ཕྱོགས་གཉིས་པོས་མཉམ་ལས་རྣམ་གྲངས་རབ་དང་རིམ་པར་མིང་རྟགས་བཀོད་དེ་ཀྲུང་གོའི་བོད་རང་སྐྱོང་ལྗོངས་དང་ནེ་པ་ལའི་མཐའ་མཚམས་ཀྱི་མཉམ་ལས་བྱེད་སྟངས་གསར་པ་དང་དཔལ་འབྱོར་ཉོ་ཚོང་གི་ཁྱབ་ཁོངས་གསར་པ་བཏོད་ཡོད། བོད་རང་སྐྱོང་ལྗོངས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་གྲུབ་འབྲས་ཐོབ་པའི་སྒོ་ནས་འཚོགས་པ་གོ་སྐབས་སུ་བྱས་ནས། བོད་ཀྱིས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་ནས་སྒོ་མོ་འབྱེད་པའི་བགྲོད་ལམ་གལ་ཆེན་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཕྱོགས་གཉིས་པོའི་ལས་རིགས་དབར་གྲུབ་པའི་ཐུན་མོང་གི་ངོས་འཛིན་ཁག་དོན་འཁྱོལ་ཡག་པོ་བྱེད་པ། འགག་སྒོ་འཛུགས་སྐྲུན་དང་། མཐའ་མཚམས་ཚོང་དོན། རོགས་སྐྱོར་རྣམ་གྲངས། ཕྱི་ཕྱོགས་ལ་མ་དངུལ་བཏང་ནས་མཉམ་ལས་བྱེད་པ་སོགས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ། ཕྱོགས་གཉིས་པོས་དཔལ་འབྱོར་ཚོང་དོན་དང་། རིག་གནས། ཡུལ་སྐོར། ཉེན་རྟོག་ལས་དོན། འགག་སྒོ་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ནེ་པ་ལའི་གྲོས་ཚོགས་དབར་གྱི་སྤེལ་རེས་ལ་སྔར་བས་སྐུལ་འདེད་གཏོང་བ། ཀྲུང་ནེའི་མཛའ་གྲོགས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་བཅས་བྱས་པས་གྲུབ་འབྲས་མཉམ་སྤྱོད་དང་གཉིས་ཁེ་གཉིས་ཕན་བྱུང་ཡོད་ཅེས་གསུངས་པ་རེད།

    ཀཱ་པིང་ཏ·པཱ་ཧ་ཏུར·ཁར་ཅིས་ཀྲུང་གོ་དང་ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཀྱིས་ནེ་པ་ལར་རོགས་རམ་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ནེ་ཀྲུང་དབར་ཕྱི་འབྲེལ་བཙུགས་ཚུན་རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་ཡང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་ཐོག་མཐའ་བར་གསུམ་དུ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔའི་ཐོག་གནས་པའི་རྨང་གཞིའི་ཐོག་མཛའ་གྲོགས་ཞི་མཐུན་འཕེལ་རྒྱས་ཕྱིན་ཡོད། ནེ་པ་ལ་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས་མི་གང་རུང་ཞིག་གིས་ནེ་པ་ལའི་མངའ་ཁོངས་སྤྱད་དེ་ཀྲུང་གོར་ངོ་རྒོལ་བྱེད་པའི་བྱེད་སྤྱོད་གཏན་ནས་སྤེལ་དུ་འཇུག་གི་མིན། ཀྲུང་གོའི་བོད་རང་སྐྱོང་ལྗོངས་ནི་ནེ་ཀྲུང་དབར་སྤེལ་རེས་བྱེད་པའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པས། ནེ་པ་ལས་ཀྲུང་གོའི་བོད་རང་སྐྱོང་ལྗོངས་དང་ཚོང་དོན་དང་། རྨང་གཞིའི་སྒྲིག་བཀོད། ཡུལ་སྐོར་སོགས་ཁྱབ་ཁོངས་སུ་སྔར་བས་ཟབ་པ་དང་སྔར་བས་རིམ་པ་མང་བའི་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ་རྒྱལ་ཁབ་གཉིས་པོའི་ཁྱིམ་མཚེས་མཛའ་གྲོགས་ཀྱི་འབྲེལ་བ་དར་རྒྱས་གོང་འཕེལ་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།