དབུ་ཤོག>སྲིད་དོན།
  • སེམས་ལ་མང་ཚོགས་བཅངས་པའི་གུང་ཁྲན་ཏང་ཡོན་ཆོས་དགའ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  米玛   |     སྤེལ་དུས།  2017-05-17

    395947_yis_1494912049054_s.jpg

    འདི་ནི་ཆོས་དགས(གཡོན)སྙིང་གྲོང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་རྣམ་དཀར(གཡས)དང་མཉམ་དུ་ཏང་གི་སྒྲིག་ཡིག་སློབ་སྦྱོང་བྱས་ནས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སྒྲོག་འགྲེལ་ཐད་རྨང་གཞི་བརྟན་པོ་འདིང་བའི་གནས་ཚུལ་ཡིན་པ།

    མེ་ཏོག་སྣ་ཚོགས་རབ་ཏུ་བཞད་པའི་ཆོས་དགའི་སྒོ་རའི་ནང་མཉམ་ལས་ཁང་གི་ཁོངས་མི་40ལྷག་འཛོམས་འདུག ཆོས་དགས་བོད་བཟོའི་ཁྱད་ཆོས་ལྡན་པའི་རང་ཁྱིམ་གྱི་སྒོ་རའི་ནང་གོ་བདེ་ཤེས་སླ་དང་གསོན་ཉམས་དོད་ལ་བབ་ཆགས་པའི་སྐད་ཆའི་ཐོག་ནས་མཉམ་ལས་ཁང་གི་ཏང་ཡོན་མང་ཚོགས་ལ“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”སྐོར་གྱི་འགྲེལ་བཤད་ཞིབ་ཚགས་བརྒྱབ་པ་རེད།

    ལོ་ན་50ལྷག་ཟིན་པའི་ཏང་ཡོན་རྒན་གྲས་པད་མ་རྡོ་རྗེ་མདུན་གྲལ་དུ་བསྡད་ཡོད། སྒྲོག་འགྲེལ་ལ་ཉན་སྐབས་མཚམས་རེར་ཁོང་གིས་ཇ་སྲུབས་མ་ཧུབ་གང་འཐུང་ཞོར་གནད་ལ་འཁེལ་བའི་གཏམ་གོ་སྐབས་མགོ་བོ་ལྕོག་ལྕོག་བྱས་ནས་བློ་ཡིད་ཚིམས་པའི་ངང་ཚུལ་ཞིག་སྟོན་པ་སོགས་བག་ཕེབས་དང་སྤྲོ་སྣང་ལྡན་པའི་ཁྲོད་སྒྲོག་འགྲེལ་བྱེད་བཞིན་ཡོད།

    པད་མ་རྡོ་རྗེ་ནི་ཆོས་དགའ་མཉམ་ལས་ཁང་གི་རྩིས་གཉེར་པ་ཡིན། ཁོང་གིས“ཆོས་དགས་བརྗོད་པ་གནད་ལུགས་དང་མཐུན་ལ་ཚང་མ་རང་རེའི་སྙིང་གྲོང་ཤང་གི་དོན་དག་ཡིན། དུས་ཐུང་ནང་ཤེས་བྱ་མང་པོ་ཤེས་པ་དང་སློབ་གསོ་ཟབ་མོ་ཐེབས་པས་སྒྲོག་འགྲེལ་འདི་ལྟ་བུ་མང་ཙམ་བྱ་རྒྱུའི་རེ་བ་ཡོད”ཅེས་གོང་འོག་བར་འབྲེལ་འདྲིས་བྱེད་པའི་སྒྲོག་འགྲེལ་བྱེད་སྟངས་ལ་བསྔགས་བརྗོད་དེ་ལྟར་བྱས།

    ཆོས་དགའ་ཚོང་པ་ཞིག་ཡིན་པའི་ངོས་ནས་མཉམ་ལས་ཁང་གཉིས་ཡོད་པ་དང་ལོའི་ཡོང་འབབ་སྒོར་ས་ཡ་ཡན་ཟིན་པས་ཁོང་ནི་ཚོང་པ་གྲུབ་འབྲས་ལྡན་པ་ཞིག་ཡིན་པ་དང་། ཏང་ཡོན་ཞིག་ཡིན་པའི་ངོས་ནས་སྒེར་སེམས་མེད་པར་སློབ་སྐྱོར་ལ་ཞལ་འདེབས་བརྒྱབ་ནས་དུད་ཚང་དབུལ་པོའི་སྣེ་ཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་བྱས་པས་ཚད་ལོན་པའི་ཏང་ཡོན་ཞིག་ཡིན། ཆོས་དགའ་ནི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་སྙིང་གྲོང་ཤང་སྟོད་གླིང་གྲོང་ཚོར་སྐྱེས། ས་སྐྱེས་རྡོ་སྐྱེས་ཀྱི་འབྲོག་པ་ཁོང་གིས་སྙིང་གྲོང་ཤང་གི་སྐྱེས་པས་ཚོང་རྒྱག་པ་དང་བུད་མེད་ཀྱིས་ཕྱུགས་འཚོ་བའི་ལོ་མང་པོའི་སྲོལ་རྒྱུན་ལྟར་རང་ཉིད་ཕྱིར་བསྐྱོད་ནས་ཚོང་རྒྱག་པ་དང་བཟའ་ཟླ་ཕུར་བུ་སྒྲོལ་མས་ཕྱུགས་ཟོག་འཚོ་སྐྱོང་བྱེད་ཀྱི་ཡོད་པ་རེད།

    2006ལོར་འཚོ་བ་ཡག་ཙམ་སྐྱེལ་འདོད་ཡོད་པའི་ཆོས་དགས་གྲོང་མི་ཨུ་ལྷན་གྱི་རོགས་རམ་ལ་བརྟེན་ཏེ་དངུལ་ཁང་ནས་དངུལ་བུན་སྒོར་ཁྲི་10བསྐྱིས་རྗེས་མཚོ་སྔོན་དང་ཀན་སུའུ་ནས་ཚགས་ཤ་ཉོས་པ་ཕྱིར་ལྗོངས་ནང་ཁུལ་དུ་བཙོངས་པས་མི་ཚེའི་ནང་ཚོང་འབབ་དང་པོ་དེ་བྱུང་སྟེ་ལོ་གསུམ་གྱི་རིང་ཁེ་བཟང་སྒོར་ཁྲི་8ལྷག་བྱུང་ཡོད། “ངས་གསལ་པོར་དྲན་གསལ་ལ་ལོ་གསུམ་གྱི་རིང་སྒོར་ཁྲི་10ཡི་དངུལ་བུན་གྱི་སྐྱེད་ཀ་སྒོར་1000ལྷག་ལས་སྤྲད་མེད། གལ་སྲིད་ཏང་དང་སྲིད་གཞུང་གིས་ང་ཚོ་ཞིང་འབྲོག་ཁུལ་གྱི་མི་སེར་ལ་གཟིགས་སྐྱོང་སྲིད་ཇུས་འདི་འདྲ་བཟོས་མེད་ན། ང་ལ་ཁེ་བཟང་འདི་འདྲ་ལས་སླ་པོར་རག་མི་ཐུབ”ཅེས་ཁོང་གིས་བཤད།

    2011ལོར་ཆོས་དགས་གྲོང་ཚོའི་ཏང་ཀྲི་པུའུ་ལ་ཏང་ལ་ཞུགས་རྒྱུའི་ཞུ་ཡིག་ཕུལ་བ་རེད། “ཏང་ལ་ཞུགས་འདོད་ཀྱི་བསམ་བློ་སྐྱེས་པ་ནས་བཟུང་ཆོས་དགར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ལ་ལྷག་དོན་དུ་བསམ་བློའི་ཐད་འགྱུར་ལྡོག་ཆེན་པོ་བྱུང་ཡོད”ཅེས་ཆོས་དགའི་ཏང་ལ་ཞུགས་ངོ་སྤྲོད་བྱེད་མཁན་སྟོད་གླིང་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཕུར་བུས་བཤད་ཅིང་། ཁོང་གིས“ཆོས་དགའ་ནི་སློབ་སྦྱོང་ལ་ཧ་ཅང་དགའ་པོ་ཡོད། ཁོང་གིས་རྟག་པར་ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་སྦྱོང་བ་དང་། ཏང་རྩ་འཛུགས་ཀྱི་བྱེད་སྒོ་ཁག་ལ་ཧུར་ཐག་ཞུགས་པ། གྲོང་ཚོའི་དཀའ་ངལ་ཅན་ལ་རོགས་རམ་བྱས་ཏེ་རང་ཉིད་ཀྱི་བྱ་སྤྱོད་ངོ་མར་བརྟེན་ནས་ཏང་རྩ་འཛུགས་ལ་ཞུགས་རྒྱུར་རང་གིས་རང་ལ་དཔང་པོ་བྱས་ཡོད”ཅེས་བརྗོད།

    2013ལོའི་ཟླ་7ཚེས་1ཉིན་ཆོས་དགས་ཏང་དར་གྱི་མདུན་དུ་མཛོག་མགོ་བཀྱགས་ཏེ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགོ་ཁྲིད་དང་ཏང་ཞུགས་ངོ་སྤྲོད་པའི་དཔང་པོའི་འོག“ང་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས་ནས་ཏང་གི་རྩ་འཛིན་ལ་བརྩི་སྲུང་དང་ཏང་གི་སྒྲིག་ཡིག་ལ་བརྩི་བཀུར་ཞུ་རྒྱུ་ཡིན”ཞེས་སོགས་ཀྱི་དམ་བཅའ་བརྟན་པོ་བཞག

    “ཏང་གི་སྲིད་ཇུས་བཟང་པོས་མང་ཚོགས་ལ་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྲུན་པས། ཏང་དྲིན་གསལ་པོར་ངེས་ནས་ཏང་རྩ་འཛུགས་ལ་ཞུགས་ཏེ་ནམ་ཡང་ཏང་གི་རྗེས་སུ་འབྲང་གི་ཡིན”ཞེས་ཆོས་དགས་བརྩེ་བ་ཟབ་མོའི་སྒོ་ནས་བཤད།

    ཏང་རྩ་འཛུགས་ཀྱི་ཁས་ལེན་ཐོབ་རྗེས་ཆོས་དགའི་ངར་ཤུགས་སྔར་བས་ཆེ་རུ་སོང་། ཁོང་གིས་2013ལོ་ནས་བཟུང་སྙིང་གྲོང་ཤང་དུ་ལས་ཞུགས་ཐབས་ལམ་མེད་པའི་དུད་ཁྱིམ་དབུལ་པོ་སྒྲིག་འཛུགས་བྱས་ནས་སྙིང་གྲོང་ཤང་རྒྱ་སྟོད་ས་ཕག་བཟོ་གྲྭ་ཆེད་ལས་མཉམ་ལས་ཁང་དང་ཐང་སྲས་བསྟན་འཛིན་ཆོས་བུའི་ཞིང་འབྲོག་པའི་བཟོ་བཀོད་ཨར་སྐྲུན་ཆེད་ལས་མཉམ་ལས་ཁང་བཙུགས། མིག་སྔར་མཉམ་ལས་ཁང་གཉིས་ལ་མི་40ལྷག་ཡོད་པར་མི་བརྒྱ་ལྷག་ལ་ལས་ཞུགས་བྱུང་ནས་མི་བཅུ་གྲངས་ཀྱི་དབུལ་ཞྭ་ཕུད་པ་རེད།

    “ཆོས་དགས་རྣམ་ཀུན་ང་ཚོ་བསྐོངས་ནས་ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ། དེ་བཞིན་ཏང་གི་དམངས་ཕན་སྲིད་ཇུས་ཁག་བཅས་སློབ་སྦྱོང་བྱས་ནས་ཏང་དང་སྲིད་གཞུང་གིས་ང་ཚོར་ཐུགས་ཁུར་གནང་ལུགས་རྟོགས་སུ་འཇུག་པ་དང་། ཚང་མར་ཏང་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཐད་ཁྲིད་སྟོན་བྱེད་ཀྱི་ཡོད”ཅེས་ས་ཕག་བཟོ་གྲྭའི་མཉམ་ལས་ཁང་གི་ལས་བཟོ་ཚེ་རིང་རྡོ་རྗེས་བརྗོད་ཅིང་། ཁོང་གིས“ན་གཞོན་རྣམས་ལ་སློབ་སྦྱོང་དང་ཏང་ལ་ཧུར་ཐག་ཞུགས་རྒྱུའི་སྐུལ་མ་བཏང་བ་དང་། ཁོང་གི་སྣེ་ཁྲིད་འོག་མི་3མཉམ་ལས་ཁང་དུ་ཞུགས་རྗེས་སུ་ཏང་ལ་ཞུགས་ཡོད”ཅེས་བཤད།

    སྟོད་གླིང་གྲོང་ཚོའི་འཇམ་དཔལ་ཚེ་འཛིན་ཁྱིམ་གྱི་རྨོ་མོ་སྒྲོལ་དཀར་ལོ་ན་མཐོ་བ་དང་། ཕ་མ་གཉིས་ཁ་བྲལ་བ་མ་ཟད་རང་ཉིད་ན་ཚ་ལྕི་པོས་མནར་ནས་འཚོ་བར་ཧ་ཅང་དཀའ་ངལ་ཆེན་པོ་ཡོད། 2009ལོར་འཇམ་དཔལ་ཚེ་འཛིན་དམའ་རིམ་སློབ་འབྲིང་དུ་བསྐྱོད་པ་ནས་བཟུང་ཆོས་དགས་ཁོང་ལ་རོགས་དངུལ་སྤྲད་དེ་ཆུང་བ་སློབ་སྦྱོང་ཡོ་ཆས་ནས་ཆེ་བ་སློབ་ཡོན་དང་འཚོ་བའི་འགྲོ་སོང་སོགས་བར་གཏོང་རོགས་བྱས། འཇམ་དཔལ་ཚེ་འཛིན་ལ་རོགས་པ་བྱེད་དགོས་ཚེ་ཆོས་དགས་ཐེ་ཚོམ་མེད་པར་རོགས་པ་བྱེད་རྐྱང་བྱེད་ལ་ནུས་ཤུགས་ཡོད་རྒུ་འདོན་གྱི་ཡོད། ཆོས་དགའི་རོགས་རམ་ལ་བརྟེན་ནས་ན་ནིང་འཇམ་དཔལ་ཚེ་འཛིན་བདེ་བླག་ངང་མཚོ་སྔོན་ཞིང་ཆེན་གྱི་སློབ་ཆེན་ཞིག་ལ་ཚུད་པ་དང་ཚེ་དགས་ད་དུང་མུ་མཐུད་རོགས་པ་བྱེད། འཇམ་དཔལ་ཚེ་འཛིན་གྱི་ཁྱིམ་དུ་རྨོ་བོ་སྒྲོལ་དཀར་གྱིས“ཁྱེད་ཚོ་མི་ཡག་པོ་ཐུག་མྱོང་ཡོད་པ་མི་ཤེས་ཀྱང་། ངའི་མི་ཚེའི་ནང་ཆོས་དགའ་ནི་མི་ཡག་ཤོས་ཤིག་རེད”ཅེས་པའི་སྐད་ཆ་དེས་གསར་འགོད་པར་སེམས་འགུལ་ཆེན་པོ་ཐེབས་བྱུང་།

    བཀྲ་ཤིས་དབང་མོའི་ཁྱིམ་དུ་སྐྱོད་སྐབས་གསར་འགོད་པའི་བློ་ངོར་ཁོང་ཚོའི་འཚོ་བ་ཧ་ཅང་དབུལ་བའི་སྣང་བ་ཞིག་ངང་གིས་སྟེར། ཆོས་དགས“ཁོང་ཚོར་ངལ་རྩོལ་ནུས་ཤུགས་མེད་པའི་ཁར་ཕྱུགས་ཟོག་ཀྱང་མེད་པས་ཉིན་རེའི་འཚོ་བའང་འཁྱོལ་བར་དཀའ། བདེ་སྡོད་ལས་གྲྭ་ལག་ལེན་མ་བསྟར་གོང་ཁྱིམ་མི་གསུམ་ལས་མེད་པ་སྨི་ངོས་གྲུ་10ཡི་ཁང་ཆུང་དུ་སྡོད་དགོས་ཀྱི་ཡོད”ཅེས་བཤད། ཆོས་དགས་རོགས་རམ་བྱས་པ་བརྒྱུད་བཀྲ་ཤིས་དབང་མོ་བོད་ལྗོངས་མི་རིགས་སློབ་ཆེན་ལ་བསྐྱོད་ཐུབ་པ་བྱུང་ཡོད། “ཆོས་དགའི་རོགས་རམ་མེད་ཚེ་བཀྲ་ཤིས་དབང་མོ་དམའ་རིམ་སློབ་འབྲིང་ཐོན་རྗེས་སློབ་མཚམས་འཇོག་རྒྱུ་རེད”ཅེས་བཀྲ་ཤིས་དབང་མོའི་མ་པད་མ་ཚེ་རིང་གིས་གསར་འགོད་པར་བཤད་ཅིང་། ཁོང་གིས“ད་ཆ་ཕྲུ་གུ་སློབ་གྲྭ་ཐོན་ལ་ཉེ་བས་ཚང་མའི་སེམས་ལ་རེ་བ་ཞིག་འཆང་བཞིན་ཡོད། ཆོས་དགའི་རོགས་རམ་གྱིས་ང་ཚོའི་ཁྱིམ་ལ་འགྱུར་ལྡོག་བྱུང་སོང་།”ཞེས་བཤད།

    “སློབ་མ་དབུལ་པོ་མང་པོ་ཞིག་གི་སློབ་ཆེན་འགྲིམ་པའི་འདུན་པ་གྲུབ་པ་དང་ཁྱིམ་ཚང་དབུལ་པོའི་གནས་ལས་གྲོལ་བར་སྣེ་ཁྲིད་ཐུབ་པ་མ་ཟད། སློབ་མ་མང་པོ་ཞིག་ལ་གུང་ཁྲན་ཏང་མིའི་གཟུགས་བརྙན་བཟང་པོ་ཚོར་ཐུབ་ནས་ཏང་གི་ཤུགས་རྐྱེན་སྤྲོད་ཤུགས་དང་འབོད་སྐུལ་ནུས་པ་ཆེ་རུ་སོང་ཞིང་། ན་གཞོན་མང་པོ་ཞིག་བདེ་ཐང་ངང་འཚར་ལོངས་བྱུང་ནས་ཤེས་ལྡན་པར་གྱུར་ཡོད”ཅེས་ཆོས་དགས་དེ་ལྟར་ཤོད་ཀྱིན་ཡོད་ལ་དོན་དམ་པའི་ལས་ཀའང་སྒྲུབ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།