དབུ་ཤོག>སྲིད་དོན།
  • 2020ལོར་སླེབས་སྐབས་ཞིང་འབྲོག་ཁུལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-05-17

    རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་བཀོད་སྒྲིག་གཞིར་བཟུང་དང་ལྗོངས་ཏང་ཨུད་ཀྱི་ཏང་གི་སློབ་གྲྭའི་གདན་ཞུས་ལྟར་ཚེས་15ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཏང་གི་སློབ་གྲྭར“ཞིང་གསུམ”ལས་དོན་སྐོར་གྱི་ཆེད་དོན་སྙན་ཞུ་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་སྲིད་འཛིན་སློབ་གླིང་གི་སློབ་སྤྱི་བཅས་ཡིན་པའི་ཏིང་ཡེ་ཤན་གྱིས་གཙོ་སྐྱོང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཏང་གི་སློབ་གྲྭ་དང་སྲིད་འཛིན་སློབ་གླིང་གི་སློབ་མ་ཡོངས་དང་དེ་བཞིན་ལྗོངས་ཏང་ཨུད་ཞིང་གསུམ་ལས་དོན་གཞུང་ལས་ཁང་དང་། མི་དམངས་འཐུས་ཚོགས་གཞུང་དོན་ཐིང་། ལྗོངས་ཀྲུང་དབྱང་ཐད་གཏོགས་ཚན་པ་ཁག་བཅས་ཀྱི་འགན་འཁུར་བློ་མཐུན་ཞུགས་པ། གྲོང་ཨུད(ས་ཨུད)ཁག་གི་ཏང་གི་སློབ་གྲྭ་ཁག་གི་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་དང་ཞིང་འབྲོག་ཆུ་བེད་སྡེ་ཚན་གྱི་འབྲེལ་ཡོད་བློ་མཐུན་གྱིས་རྒྱང་ཁྲིད་རྣམ་པའི་ཐོག་ནས་སྙན་ཞུ་ཉན་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་བོད་ཀྱི“ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་དངོས་ཤིག་དང་། དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྨང་གཞི་བརྟན་པོ་ཞིག དམངས་འཚོ་མུ་མཐུད་འགན་ལེན་དང་ལེགས་སུ་གཏོང་བའི་ཁ་ཚ་དགོས་གཏུག་ཅིག ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བའི་འགག་རྩའི་ལྷུ་ཚིགས་ཤིག ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་བརྟན་དུ་གཏོང་བའི་འགན་ལེན་གལ་ཆེན་ཞིག་བཅས་ཡིན་ཞེས་བསྟན་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་བོད་ཀྱི“ཞིང་གསུམ”ལས་དོན་འཕེལ་རྒྱས་ཀྱི་རླབས་ཆེན་ལོ་རྒྱུས་ལམ་བུར་ཕྱོགས་ཡོངས་ནས་ཕྱིར་དྲན་དང་ཕྱོགས་སྡོམ་གནང་ཞིང་། ཁོང་གིས་བོད་ཀྱི་ཞིང་ཕན་ཁ་གསབ་དེ་ཐོན་སྐྱེད་ཁ་གསབ་དང་། སྣོད་བཅུད་ཁ་གསབ། སྤྱི་ཚོགས་འགན་ལེན། ཚན་སློབ་རིག་འཕྲོད། དབུལ་སྐྱོར་འགག་སྒྲོལ། མཐའ་མཚམས་འཕེལ་རྒྱས་བཅས་ཕྱོགས་མང་པོ་ཞིག་དང་འབྲེལ་བ་ཡོད་པ་དང་ཞིང་འབྲོག་པ་ཡོངས་ལ་ཕན་པ་ཐོབ་ཡོད། བོད་ཀྱི“ཞིང་གསུམ”སྲིད་ཇུས་རྒྱལ་ཡོངས་ཀྱི་ངོས་ནས་བརྗོད་ན་ཡག་ཤོས་ཡིན་པ་དང་ཀྲུང་དབྱང་གི“ཞིང་གསུམ”དམིགས་བསལ་སྲིད་ཇུས་བོད་དུ་གྲུབ་འབྲས་ཐོན་པའི་སྒོ་ནས་ལག་ལེན་བྱུང་ཡོད། “ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་དགོས་ན་ངེས་པར་དུ་ཏང་གི་འགོ་ཁྲིད་ལ་གཡོ་འགུལ་མི་གཏོང་མཐའ་འཁྱོངས་དང་། གལ་ཆེའི་ནང་གི་འགངས་ཆེར་གཡོ་འགུལ་མི་གཏོང་མཐའ་འཁྱོངས། དངོས་སྒྲུབ་རྣམ་པའི་ཞིང་འབྲོག་ལས་ཀྱི་རྨང་གཞིར་གཡོ་འགུལ་མི་གཏོང་མཐའ་འཁྱོངས། ཞིང་འབྲོག་ཁུལ་ཞི་མཐུན་བརྟན་ལྷིང་ལ་གཡོ་འགུལ་མི་གཏོང་མཐའ་འཁྱོངས་བཅས་བྱེད་དགོས་གསུངས།

    བློ་བཟང་རྒྱལ་མཚན་གྱིས་དུས་བབ་གསར་པའི་འོག་གི“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པར་ཆ་མཚོན་ན་འགྲན་སློང་ལས་གོ་སྐབས་མང་བ་དང་དཀའ་ངལ་ལས་རེ་བ་ཆེ་བ་ཡོད། དམ་པ་དོན་གཉེར་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་འཕེལ་རྒྱས་ཀྱི་གོ་སྐབས་དམ་པོར་བཟུང་སྟེ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཐབས་ལ་བརྟེན་ནས“ཞིང་གསུམ”འཕེལ་རྒྱས་ཀྱི་འགལ་རྐྱེན་རྣམས་སེལ་དགོས་ཞེས་ནན་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས“ཞིང་གསུམ”ལས་དོན་རྒྱུན་མཐུད་སྐྱོན་བྲལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ན་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་བློ་མཐུན་ཝུའུ་དབྱིང་ཅེས་བཏོན་གནང་བའི“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡག་པོ་བྱེད་དགོས་པའི་བླང་བྱ་གཞིར་བཟུང་བ་དང་། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་དང་ལྗོངས་ཡོངས་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་ལྟར་ཀྲུང་དབྱང་གིས་གནང་བའི་བོད་ཀྱི“ཞིང་གསུམ”གྱི་དམིགས་བསལ་སྲིད་ཇུས་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ“མཐའ་ཚད་གསུམ”ཡག་པོ་སྲུང་དགོས་པ་དང་། འབྲུ་རིགས་ཐོན་སྐྱེད་ནུས་པ་ཆུང་དུ་མི་འགྲོ་བའི་འགན་ལེན་དང་། ཞིང་འབྲོག་པའི་ཡོང་འབབ་འཕར་ཕྱོགས་ལྡོག་ཕྱོགས་སུ་མི་འགྱུར་བའི་འགན་ལེན། ཞིང་འབྲོག་ཁུལ་བརྟན་ལྷིང་ལས་གནད་དོན་མི་ལྷག་པའི་འགན་ལེན་བཅས་བྱེད་དགོས་པ། “གཙོ་གནད་དྲུག”མཐའ་འཁྱོངས་བྱེད་དགོས་པ། དགོས་མཁོ་སྐོང་བ་མཐར་ཐུག་གི་དམིགས་ཡུལ་དང་། མཁོ་སྤྲོད་བྱེད་རྒྱ་ཆེ་རུ་དང་སྤུས་ཚད་མཐོ་རུ་གཏོང་བ་གཙོ་རྒོལ་ཁ་ཕྱོགས། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ལས་འགན་གལ་ཆེན། ཞིང་འབྲོག་པའི་ཡོང་འབབ་མང་དུ་དང་ཞིང་འབྲོག་པ་གསར་པ་སྐྱེད་སྲིང་བྱེད་པ་དམིགས་ཚད་གཙོ་བོ། སྒྱུར་བཅོས་གསར་གཏོད་རྩ་བའི་ཐབས་ལམ། ཞིང་འབྲོག་ལས་ཀྱི་ཐོན་ལས་མ་ལག་དང་། ཐོན་སྐྱེད་མ་ལག གཉེར་སྐྱོང་མ་ལག་བཅས་མགྱོགས་ནས་མྱུར་དུ་སྐྲུན་པ་འགག་རྩའི་བྱེད་ཐབས་བཅས་སུ་བརྩི་དགོས་པ། “བླང་བྱ་གཅིག”དོན་འཁྱོལ་བྱེད་དགོས་པ། ཐོན་ནུས་ཆེ་རུ་གཏོང་བ་དང་། གྲུབ་ཆ་ལེགས་སྒྲིག མ་གནས་ཆུང་དུ་གཏོང་བ། ཞན་ཆ་གསབ་པ། སྣོད་བཅུད་འགན་ལེན། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། ཡོང་འབབ་མང་དུ་གཏོང་བ། འབྱོར་འབྲིང་ལམ་དུ་སྐྱོད་པ་བཅས་བྱེད་དགོས་ཤིང་། ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་མགྱོགས་པོ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད། མགྱོགས་མྱུར། སྐྱོན་བྲལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ། “དམིགས་ཚད་གཅིག”མངོན་འགྱུར་བྱེད་དགོས་པ། ལོ་གསུམ་ནས་ལྔ་བར་གྱི་དུས་ཡུན་རིང་འབྲུ་རིགས་དང་། སྔོ་ཚལ། ཤ་རིགས། འོ་མ་བཅས་ཐོན་ཚད་ཆ་སྙོམས་ཏུན་བརྒྱ་ཡན་ལོན་དགོས་པ། ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་བྱེད་ཚད་དང་ཞིང་འབྲོག་ལས་ཚན་རྩལ་ཡར་ཐོན་གྱི་ལེགས་སྐྱེས་འབུལ་ཚད་སོ་སོར་50%ཡན་ལོན་དགོས་པ། རྒྱལ་ཁབ་ཀྱིས་ད་ལྟ་ལག་ལེན་བསྟར་བའི་ཚད་གཞིའི་འོག་གི་ཞིང་འབྲོག་ཁུལ་གྱི་མི་འབོར་དབུལ་པོ་ཁྲི་59ཚང་མ་དུས་བཀག་བཞིན་དབུལ་སྒྲོལ་བྱེད་དགོས་པ། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་རྒྱལ་ཡོངས་ཀྱི་ཆུ་ཚད་དང་མཚུངས་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཁྱད་ལྡན་རྩེར་སོན་ལ་གཞི་ཚུགས་པ། ལྗང་མདོག་སྐྱེ་ལྡན་ལ་དམིགས་པ་བཅས་ཀྱིས“ཐོན་ཁུངས་ཡོད་ཀྱང་བཀྲག་མདངས་འཚེར་ས་མེད་པ་དང་། ཁྱད་ཆོས་ལྡན་ཡང་ལེགས་ཆ་མེད་པ། ཐོན་རྫས་ཡོད་ཀྱང་གཞི་རྒྱ་ཆུང་བ”སོགས་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། རྒྱལ་ཁབ་ཀྱི་གལ་ཆེའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ལས་སྣོན་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་བརྒྱབ་ནས་ཐོན་ཁུངས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆར་དངོས་འབྲེལ་སྒྱུར་བར་བྱེད་དགོས། ལོ་ལྟར་བྱ་བ་དངོས་འགའ་ཞིག་བསྒྲུབས་ཏེ་ལོ་གསུམ་ནས་ལྔ་བར་གྱི་དུས་ཡུན་རིང“ཞིང་གསུམ”ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་ཚད་བརྒལ་གསར་པ་ཡོང་བའི་བརྩོན་ལེན་བྱེད་དགོས་ཞེས་གསུངས།

    བློ་བཟང་རྒྱལ་མཚན་གྱིས་ནས་དང་། གཟན་རྩྭ། འབྲི་གཡག བོད་ལུག བོད་ཕག་བཅས་ཁྱད་ལྡན་ཐོན་ལས་ཆེན་པོ་ལྔར་དམིགས་སུ་བཀར་ནས་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། སྲིད་གཞུང་གི་ལས་དོན་གྱི་གཙོ་གནད་དེ་རྩེ་རིམ་ཇུས་འགོད་དང་། ལེ་ལག་ཚང་བའི་སྒྱུར་བཅོས། ཆེ་རིགས་ལེགས་རིགས་ནང་འདྲེན། སྐུལ་ཁྲིད་ལ་ཡར་སྐུལ། ཚད་གཞི་གཏན་འབེབས། ཁོར་ཡུག་འཛུགས་སྐྲུན། ལྟ་སྐུལ་མཛུབ་སྟོན་སོགས་ཀྱི་ཐད་འཇོག་དགོས། ཁྲོམ་རའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ལྗོངས་ཕྱི་ནང་གི་ཁྲོམ་རའི་བྱེད་པོ་དང་ཡུལ་དེའི་ཞིང་འབྲོག་པར་ཐོན་ལས་ཆེན་པོ་ལྔ་འཛུགས་སྐྲུན་ལ་ཞུགས་རྒྱུའི་སྐུལ་སྤེལ་ཧུར་ཐག་བྱེད་དགོས། ཞིང་འབྲོག་ལས་ཐོན་སྐྱེད་གཉེར་སྐྱོང་གི་བྱ་ཐབས་གསར་གཏོད་བྱེད་པ་དང་། གཉེར་སྐྱོང་བྱེད་པོ་གསར་པ་སྐྱེད་སྲིང་ཤུགས་ཆེན་བྱེད་པ། གཞི་ཁྱོན་འོས་འཚམ་གྱི་གཉེར་སྐྱོང་འཕེལ་རྒྱས་གཏོང་བ། ནང་སའི་འདེབས་གསོའི་དུད་ཚང་ཆེ་གྲས་དང་སྟོབས་ཤུགས་ཆེ་བའི་ཁེ་ལས་ཐོན་ལས་ཆེན་པོ་ལྔའི་འཛུགས་སྐྲུན་ལ་ཞུགས་སུ་འཇུག་པ། བོད་ཀྱི་ཐོན་ཁུངས་ལེགས་ཆ་དང་ཁེ་ལས་ཀྱི་ཆེད་ལས་ལེགས་ཆ་མཉམ་འབྲེལ་དམ་ཟབ་བྱེད་པ་བཅས་ཀྱིས་སྣ་ཁ་མང་གཏོང་དང་། གཞི་རྒྱ་ཆེར་གཏོང་། སྤུས་ཚད་མཐོར་གཏོང། སྤུས་རྟགས་གསར་གཏོད་བཅས་བྱེད་པའི་འབད་བརྩོན་བྱེད་དགོས་ཞེས་གསུངས།

    བློ་བཟང་རྒྱལ་མཚན་གྱིས“ཞིང་གསུམ”ལས་དོན་ཡག་པོ་སྤེལ་དགོས་ན་ཕྱོགས་ཡོངས་ལ་བསམ་གཞིག་དང་། གཙོ་གནད་འབུར་དུ་ཐོན་པ། སྤྱི་འདོམས་སྐུལ་འདེད། མཉམ་ཤུགས་ཆགས་པ་བཅས་བྱེད་དགོས་པ་དང་། གནད་སྨིན་དབུལ་སྒྲོལ་ལ་སྐུལ་འདེད་ཏན་ཏིག་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཏན་ཏིག རྒྱུན་ཆད་མེད་པར་དམངས་ཚོ་ལེགས་གཏོང་འགན་ལེན། སྤྱི་ཚོགས་རིང་ལུགས་ཀྱི་ཞིང་འབྲོག་པ་གསར་པ་སྐྱེད་སྲིང་ཤུགས་ཆེན། གྲོང་གསེབ་དང་ཞིང་འབྲོག་ལས་སྒྱུར་བཅོས་གཏིང་ཟབ་བཅས་བྱས་ཏེ“ཞིང་ལས་སྟོབས་ཆེ་དང་། ཞིང་པ་ཕྱུག་པོ། གྲོང་གསེབ་མཛེས་པོ”བཅས་ཡོང་བར་བྱས་ནས་2020ལོར་སླེབས་སྐབས་ཞིང་འབྲོག་ཁུལ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།