དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་དང་ཆེ་དགྲ་ལྷ་ཁག་སོ་སོས་ཨ་རིའི་གྲོས་ཁང་གོང་མའི་གྲོས་མི་ཏའེ་ཨན་སི་བཅས་པ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-04-14

    ཚེས་11ཉིན་ལྷ་སར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་ཁག་སོ་སོས་ཨ་རིའི་གྲོས་ཁང་གོང་མའི་གྲོས་མི་ཏའེ་ཨན་སི་བཅས་པ་དང་མཇལ་འཛོམས་གནང་བ་རེད།

    བློ་བཟང་རྒྱལ་མཚན་དང་ཆེ་དགྲ་ལྷས་ཏའེ་ཨན་སི་དང་འཐུས་མི་ཚོགས་པའི་ཁོངས་མི་རྣམས་བོད་དུ་འཚམས་འདྲི་གནང་བར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཤིང་། བློ་བཟང་རྒྱལ་མཚན་དང་ཆེ་དགྲ་ལྷས་ཟླ་4ཚེས་6ཉིན་དང་ཚེས་7ཉིན་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིར་འཚམས་འདྲི་གནང་ནས་ཙུང་ཐུང་ཐེ་རོན་ཕུ་དང་གྲུབ་འབྲས་ཐོབ་པའི་སྒོ་ནས་མཚོ་མཚེའུ་གཞིས་ཀར་མཇལ་འཛོམས་གནང་བ་དང་འབྲེལ་ཐུན་མོང་གི་ངོས་འཛིན་གལ་ཆེན་རབ་དང་རིམ་པ་བྱུང་ནས་དུས་སྐབས་གསར་པའི་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད། སྐུ་ཞབས་ཏའེ་ཨན་སི་དང་བཅས་པ་བོད་དུ་འཚམས་འདྲི་གནང་བ་དེ་བརྗེད་པར་དཀའ་བའི་འགྲུལ་བཞུད་ཅིག་ཏུ་འགྱུར་ངེས་ཀྱི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་དུས་རབས་ཕྱེད་ཀ་ལྷག་ཙམ་གྱི་དུས་ཐུང་རིང་ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་བོད་བཀག་སྡོམ་རྗེས་ལུས་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་ནས་དེང་རབས་ཀྱི་མི་དམངས་དམངས་གཙོའི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་སུ་མཆོང་སྐྱོད་བྱུང་བ་དང་། བོད་ཀྱི་མི་དམངས་ལ་རང་ཉིད་ཀྱི་ལས་དབང་གི་ཁ་ལོ་སྒྱུར་བ་དང་། རང་ཁྱིམ་རང་བདག འདྲ་མཉམ་གྱི་ཐོག་ནས་རྒྱལ་ཁབ་དང་མི་རིགས་དེ་རང་གི་བྱ་བར་དོ་དམ་བྱེད་པའི་ནང་ཞུགས་པའི་དབང་ཆ་ལོངས་སྤྱོད་ཐུབ་ནས་བོད་ཀྱི་དེང་རབས་ཤེས་དཔལ་གྱི་གསར་གཏོད་པ་དང་ཕན་པ་ཐོབ་མཁན་ཏུ་གྱུར་པ། བོད་ཀྱི་མི་རིགས་ཀྱི་ཁྱད་ཆོས་དང་སྲོལ་རྒྱུན་རིག་གནས་ལ་བརྩི་འཇོག་གང་ལེགས་ཐོབ་ཡོད་ལ་སྲུང་སྐྱོང་དང་དར་སྤེལ་ཤུགས་ཆེན་བཏང་ཡོད་པ་མ་ཟད། དེང་རབས་ཅན་གྱི་འཕེལ་རྒྱས་དང་བསྟུན་ནས་དེ་བས་གཏིང་ཟབ་པ་དང་ཕུན་སུམ་ཚོགས་པ་དང་དེ་བས་དུས་རབས་ཀྱི་རྣམ་པ་ལྡན་པའི་ནང་དོན་བསྣན་ཡོད་ཅེས་གསུངས་པ་དང་འབྲེལ། ད་ཐེངས་ཀྱི་འཚམས་འདྲི་བརྒྱུད་ཕན་ཚུན་ཤེས་རྟོགས་གཏིང་ཟབ་དང་། ཕན་ཚུན་དབར་གྱི་མཛའ་གྲོགས་ཟབ་ཏུ་འགྲོ་བ། འབྲེལ་བ་བཟང་པོ་རྒྱུན་འཁྱོངས་བཅས་བྱས་ཏེ་དངོས་ཡོད་དྲང་གཞག་དང་། འཕེལ་རྒྱས་ཡར་ཐོན། མཐུན་སྒྲིལ་ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཨ་རིའི་མི་དམངས་དང་གྲོགས་པོ་དེ་བས་མང་པོར་ངོ་སྤྲོད་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས།

    ཆེ་དགྲ་ལྷས་ཀྲུང་དབྱང་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ན་ནིང་ལྗོངས་ཡོངས་ཀྱི་ཐོན་སྐྱེད་བསྡོམས་འབོར་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གསུམ་པར་སླེབས་ནས་ལོ་24བསྟུད་མར་གྲངས་གནས་གཉིས་འཕར་བ་རྒྱུན་འཁྱོངས་བྱུང་བ་དང་། སྤྱི་ཚོགས་ཧྲིལ་པོའི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་དང་། གྲོང་ཁྱེར་དང་། གྲོང་རྡལ། གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཕྱིན་ཏེ་ལོ་15རིང་རིན་མེད་སློབ་གསོ་སྔོན་ལ་མངོན་འགྱུར་བྱུང་བ་དང་། སྨན་བཅོས་དང་འཕྲོད་བསྟེན་བྱ་གཞག་ལའང་གྲུབ་འབྲས་ཆེན་པོ་ཐོབ་ནས་འཕྲོད་བསྟེན་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་། མི་རེའི་ཆ་སྙོམས་ཚེ་ཚད་བོད་ཞི་བས་བཅིངས་འགྲོལ་བཏང་བའི་ཐོག་མའི་དུས་ཀྱི་ལོ་35.5ནས་ད་ཆའི་ལོ་68བར་མཐོ་རུ་ཕྱིན་པ་དང་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རླབས་ཆེན་གྲུབ་འབྲས་མཉམ་སྤྱོད་ཐུབ་ནས་དངོས་འབྲེལ་ཕན་པ་ཐོབ་མཁན་དུ་གྱུར་ཡོད། བོད་རང་སྐྱོང་ལྗོངས་ཀྱིས་ཧུར་བརྩོན་ཆེན་པོས་སྒོ་མོ་འབྱེད་པའི་རྣམ་འགྱུར་ལ་བརྟེན་ནས་འཛམ་གླིང་ས་གནས་ཁག་གི་གྲོགས་པོ་ཚོས་བོད་ཀྱི་འཕེལ་རྒྱས་དང་འཛུགས་སྐྲུན་ལ་ཐོབ་པའི་གྲུབ་འབྲས་ཆེན་པོར་དཔང་རྟགས་བྱ་རྒྱུ་དང་། བོད་ཀྱི་སྲོལ་རྒྱུན་མི་རིགས་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་མྱོང་རོལ་ཐུབ་པ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྡོད་ལས་བརྩོན་གྱི་མཛེས་སྡུག་ལྡན་པའི་འཚོ་བ་ཚོར་ཐུབ་པ་བཅས་ལ་དགའ་བསུ་ཞུ་འདོད་ཡོད་ཅེས་གསུངས།

    ཏའེ་ཨན་སིས་ད་རེས་ཀྱི་འཚམས་འདྲི་འདིས་ང་ཚོར་བག་ཆགས་ཟབ་མོ་བཞག་བྱུང་། བོད་ལ་ཐུན་མོང་མ་ཡིན་པའི་རིག་གནས་ཡོད་ལ་རང་བྱུང་ཁོར་ཡུག་ཧ་ཅང་མཛེས་པ་དང་ཆབས་ཅིག་གལ་ཆེའི་དཔལ་འབྱོར་འཛུགས་སྐྲུན་བྱེད་བཞིན་ཡོད་ལ་འཛམ་གླིང་ཐོག་གི་ཡུལ་སྐོར་དམིགས་ས་གལ་ཆེན་ཞིག་ཀྱང་རེད། ཕྱོགས་གཉིས་པོར་ཡུལ་སྐོར་དང་། སློབ་གསོ། སྨན་བཅོས་འཕྲོད་བསྟེན། ཚན་རྩལ་སོགས་ཀྱི་ཐད་ལ་མཉམ་ལས་ཀྱི་མདུན་ལམ་ཆེན་པོ་ཡོད་པས་སྤེལ་རེས་གཏིང་ཟབ་བྱེད་འདོད་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།