ཟླ་4ཚེས་8ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་དུ་བརྟག་ཞིབ་གནང་ཞིང་། ཁོང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱེད་ཚུལ་དེ་དངོས་སྒྲུབ་བོད་དར་དང་ལས་བྱེད་ལས་གཏོད་ཐོག་ནས་མངོན་པ་དང་། བརྟན་ལྷིང་ནི་འགན་འཁྲི་ཨང་དང་པོ་དང་། འཕེལ་རྒྱས་ནི་ལས་འགན་ཨང་དང་པོ། དམངས་འཚོ་ནི་ཕྱོགས་སྟོན་ཨང་དང་པོ། སྣོད་བཅུད་ནི་དམར་ཐིག་ཨང་དང་པོ་བཅས་སུ་བརྩི་རྒྱུ་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས། ཏང་དང་སྲིད་གཞུང་གི་གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བཅས་བྱས་ནས་མཐའ་མཚམས་མང་ཚོགས་ཀྱི་ཡོང་འབབ་མང་དུ་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
བློ་བཟང་རྒྱལ་མཚན་གྱིས་སྨན་གླིང་རྫོང་དུ་ཁྱིམ་ཚང་མགྲོན་ཁང་དང་། རྩེར་སོན་འགྲུལ་ཁང་། སྤྲོ་གསེང་གསོལ་མགྲོན་ཁང་བཅས་ཡུལ་སྐོར་གཉེར་སྐྱོང་བྱེད་སྟངས་གསུམ་ལ་རྟོག་ཞིབ་གནང་ཞིང་། ཕད་གྲོང་རྡལ་ཟུར་གསུམ་གྲོང་ཚོ་འདི་ཉིད་གནམ་ལྕགས་འབར་བའི་རི་གཤམ་དུ་ཆགས་པས་ས་གནས་ཁག་གི་ཡུལ་སྐོར་བ་མང་པོ་དེར་ཡོང་གི་ཡོད། དྲ་རྒྱ་སོགས་ཀྱི་ཐབས་ལམ་བརྒྱུད་ཟླ་བ་ལྔ་པའི་བར་གྲོང་ཚོ་དེ་ཡོངས་ཀྱི་ཁྱིམ་ཚང་མགྲོན་ཁང་ཚང་མ་སྔོན་མངགས་ཟིན་ཡོད། གྲོང་མི་ཚེ་རིང་དོན་གྲུབ་ཀྱི་ཁྱིམ་དུ་ཕེབས་སྐབས་བློ་བཟང་རྒྱལ་མཚན་གྱིས་དང་ཐོག་རྒན་རྒོན་ལ་བྱམས་བརྩེའི་ངང་འཚམས་འདྲི་གནང་བ་དང་། སྦྱིན་བདག་དང་ཡུལ་སྐོར་བ་ཚོ་དང་མཉམ་དུ་བཞུགས་ཏེ་ཇ་བསྲུབས་མ་མཆོད་ཀྱིན་དུ་ཡུལ་སྐོར་གཉེར་སྐྱོང་བྱས་ཚུལ་གླེང་བ་དང་ཡུལ་སྐོར་ཞབས་ཞུ་ལེགས་སུ་གཏོང་སྟངས་ཞིབ་ཕྲ་སྤེལ་རེས་གནང་བ་རེད། ཚེ་རིང་དོན་གྲུབ་དང་ཡུལ་སྐོར་བ་ཚོའི་གདན་ཞུའི་འོག་བློ་བཟང་རྒྱལ་མཚན་གྱིས་ཁོང་ཚོ་དང་མཉམ་དུ་དྲན་རྟེན་པར་བླངས་ཤིང་། ཆབ་ནག་ཤང་བརླ་མདོ་གྲོང་ཚོ་དང་སྨན་གླིང་གྲོང་རྡལ་རབ་དགའ་གྲོང་ཚོར་བློ་བཟང་རྒྱལ་མཚན་གྱིས་མིང་ལ“གནས་ཤིག་བཙལ་ནས་སྡོད”ཅེས་བརྗོད་པའི་རྩེར་སོན་འགྲུལ་ཁང་དང་ཀོང་པོ་གཞིས་ཀ་ཞིའར་ཏུན་གསོལ་མགྲོན་ཁང་དུ་བརྟག་ཞིབ་གནང་བ་རེད། ཁོང་གིས་ཡུལ་སྐོར་ལས་རིགས་ཀྱི་ངོ་བོ་ནི་ཞབས་ཞུའི་ལས་རིགས་ཡིན་པས་བསམ་ཕྱོགས་གསར་འབྱེད་དང་ངོས་འཛིན་གཏིང་ཟབ་ཏུ་བཏང་སྟེ་ཡུལ་སྐོར་ཐོན་ལས་ཀྱི་ནང་དོན་གཏིང་ཟབ་ཏུ་དང་ཡུལ་སྐོར་ཞབས་ཞུ་ལེགས་སུ་གཏོང་བའི་ཐད་ཤུགས་རྒྱག་པ་དང་མཛེས་ལྗོངས་ལ་ལྟ་བ་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་མགྱོགས་མྱུར་དང་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཁྱད་ལྡན་གསོ་ཚགས་ནི་ཉིང་ཁྲིར་མདུན་ལམ་ཆེ་ཤོས་ལྡན་པའི་ཐོན་ལས་ཤིག་ཡིན་ཞིང་། བློ་བཟང་རྒྱལ་མཚན་བོད་ལྗོངས་ཁྲ་ཕྲུག་ཀུང་སི་གཏམ་སྙན་ཤང་ཕག་གསོ་ར་བར་ཕེབས་ཏེ་བོད་ཕག་གསོ་ཚགས་བྱས་ཚུལ་ལ་གཟིགས་པ་དང་འབྲེལ་ཁེ་ལས་ཀྱི་ཐོན་སྐྱེད་གཞི་ཁྱོན་ཤེས་རྟོགས་གནང་བ་རེད། སྨན་གླིང་ཞིང་ར་ཀརྨ་གསོ་ཚགས་ཀུང་སིའི་བྱ་གསོ་ར་བས་རང་འགུལ་ཅན་གྱི་ཐོན་སྐྱེད་བྱེད་སྟངས་ཧྲིལ་པོ་སྤྱད་པས་བྱ་དེ་ཁྲི་7ལྷག་ཙམ་ལས་བཟོ་གཅིག་གིས་དོ་དམ་ཐུབ་ཀྱི་ཡོད། བློ་བཟང་རྒྱལ་མཚན་གྱིས་ཀུང་སི་དེས་ཁྱད་ལྡན་ཐོན་ཁུངས་ལ་གཞི་ཚུགས་ཏེ་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ཐོན་ལས་འབྲེལ་ཐག་སྣུར་སྲིང་བྱེད་པ། ལས་སྣོན་ཞིབ་ཚགས་ལ་གནད་འཁེལ་ངང་ཤུགས་རྒྱག་པ་བཅས་བྱས་ནས་བོད་ཀྱི་ཁྱད་ལྡན་ཐོན་ལས་གསར་སྤེལ་བྱ་ཆེད་ནུས་ཤུགས་འདོན་དགོས་པའི་ཐུགས་རེ་གནང་བ་རེད།
བློ་བཟང་རྒྱལ་མཚན་གྱིས་ཐོན་ལས་འཕེལ་རྒྱས་ནི་ཞིང་འབྲོག་པའི་འབབ་འཕར་ཕུགས་ཕན་ལམ་སྲོལ་འཛུགས་པའི་འགག་རྩ་རེད། ཁྲོམ་རའི་དཔལ་འབྱོར་གྱི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། མ་འཇོག་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ། ཁྲོམ་རའི་བྱེད་པོ་སྟོབས་ཆེར་གཏོང་བ། ཐོན་སྐྱེད་གཞི་ཁྱོན་ཆེ་རུ་གཏོང་བ། སྤུས་རྟགས་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་བ། ཐོན་ཁུངས་ལེགས་ཆ་དཔལ་འབྱོར་ལེགས་ཆར་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཞིང་འབྲོག་མང་ཚོགས་ཕ་ཡུལ་ནས་བྲལ་མི་དགོས་པར་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
བརྟག་ཞིབ་གནང་རིང་བློ་བཟང་རྒྱལ་མཚན་གྱིས་ད་དུང་སྨན་གླིང་གྲོང་རྡལ་བམ་གྲོང་གྲོང་ཚོ་དང་དུང་དོར་གྲོང་ཚོའི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོའི་འཛུགས་སྐྲུན་རྣམ་གྲངས་ལ་རྟོག་ཞིབ་གནང་ནས་གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྤེལ་ཚུལ་ཤེས་རྟོགས་གནང་བ་དང་འབྲེལ་གྲོང་སྡོད་ལས་བྱེད་པར་གཟིགས་པ་རེད།