ཉེ་ཆར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་དུ་བརྟག་ཞིབ་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་ཕུགས་ཀྱི་རྨང་གཞི་འདིང་བའི་ལས་དོན་མང་ཙམ་སྒྲུབ་པ་དང་། དམངས་འཚོར་ཕན་འདོགས་པ་དང་དམངས་སེམས་གཅིག་སྒྲིལ་གྱི་དོན་དངོས་མང་ཙམ་སྒྲུབ་པ། ཕུགས་ཀྱི་ཐབས་ཇུས་འདིང་བ། རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱོད་པ། མེས་རྒྱལ་གྱི་མཐའ་མཚམས་སྔར་བས་སྲ་བརྟན་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མི་རིགས་ཁག་གི་མཐའ་མཚམས་ཡུལ་མི་མང་ཚོགས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཟླ་4ཚེས་3ནས་5ཉིན་བར་བློ་བཟང་རྒྱལ་མཚན་རྫ་ཡུལ་རྫོང་གི་གྲོང་ཚོ་དང་། ཞིང་ར། སློབ་གྲྭ སྨན་ཁང་། མཐའ་སྲུང་དཔུང་སྡེ་བཅས་སུ་ཕེབས་ནས་མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་རྨང་གཞི་བརྟན་དུ་གཏོང་བའི་ཐད་བརྟག་ཞིབ་གནང་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཚབ་ཞུས་ནས་མཐའ་མཚམས་ཀྱི་འཐབ་ས་དང་པོར་ལས་དོན་སྒྲུབ་པ་དང་འཚོ་བ་སྐྱེལ་བཞིན་པའི་ཏང་སྲིད་དམག་ཉེན་དམངས་ལ་བྱམས་བརྩེའི་འཚམས་འདྲི་གནང་བ་རེད།
ཚེས་3ཉིན་གྱི་ཕྱི་དྲོ། བློ་བཟང་རྒྱལ་མཚན་ཁ་བ་ལྷབ་ལྷུབ་ཏུ་བབས་པའི་བདེ་མོ་ལ་བརྒྱབ་ནས་བཅའ་སྡོད་གནང་ཡུལ་འགོ་ཡུལ་ཤང་དུ་ཕེབས་འབྱོར་ཟིན་ནས་ཤང་ལྟེ་བའི་སློབ་ཆུང་དང་། འཕྲོད་བསྟེན་ཁང་། དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་བཅས་སུ་གཟིགས་ཞིབ་གནང་ཞིང་། ཁོང་གིས་དམངས་འཚོ་ནི་སྟོན་ཕྱོགས་ཨང་དང་པོ་ཡིན་པས་ཐབས་མང་མཉམ་སྤྱོད་ཀྱི་ཐོག་ནས་སློབ་གསོའི་ཞན་ཆ་གསབ་པ་དང་། ཐབས་བརྒྱ་ཇུས་སྟོང་ངང་སྨན་བཅོས་དཀའ་བ་དང་སྨན་དཀོན་པའི་གནད་དོན་ཐག་གཅོད་བྱས་ཏེ་མཐའ་མཚམས་ས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་རྣམས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཚེས་4ཉིན་གྱི་སྔ་དྲོ། བློ་བཟང་རྒྱལ་མཚན་གྱིས་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས་གྲོང་ཚོ་རྫ་ཡུལ་རོང་སྨད་གྲོང་རྡལ་བུ་དཔལ་གྲོང་ཚོར་རྟོག་ཞིབ་གནང་བ་རེད། བུ་དཔལ་གྲོང་ཚོའི་མང་ཚོགས་རྣམས་དེ་སྔ་ཚ་བ་རོང་ཤང་རྒྱལ་མོ་རྔུལ་ཆུའི་གྲོག་རོང་གི་རི་སྐྱེད་དུ་འཚོ་གནས་བྱེད་ཀྱི་ཡོད་པས་ས་གཤིས་གནོད་འཚེའི་ཉེན་ཁ་འཕྲད་ཀྱི་ཡོད་ལ་ཐོན་སྐྱེད་རྒྱུ་ཆ་ཧ་ཅང་དཀོན་པོ་ཡོད་སྟབས་འཚོ་བའི་ཆུ་ཚད་ཧ་ཅང་རྗེས་ལུས་རེད། 2014ལོར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་ནས་ཆོག་མཆན་ཐོབ་པ་བརྒྱུད་མ་དངུལ་སྒོར་ཁྲི་8000ལྷག་ཙམ་བཏང་ནས་གྲོང་ཚོ་ཧྲིལ་པོ་གནས་སྤོ་བྱས་པ་དང་། 2015ལོའི་ཟླ་12པར་མང་ཚོགས་རྣམས་སྡོད་ཁང་གསར་པར་དངོས་སུ་སྤོས་ཡོད་པ་རེད། བློ་བཟང་རྒྱལ་མཚན་གྱིས་གནས་སྤོ་མ་བྱས་གོང་དང་བྱས་རྗེས་ཀྱི་དཔྱད་བསྡུར་དཔེ་རིས་ལ་གཟིགས་པ་མ་ཟད། ཞིང་དུད་ཁག་གཅིག་གི་ཁྱིམ་དུ་ཕེབས་པ་དང་སྤྲེལ་ཁམ་བུའི་ལྡུམ་རའི་ནང་ཕེབས་ནས་མང་ཚོགས་ཚོའི་འཚོ་བར་འགྱུར་ལྡོག་གསར་པ་བྱུང་ལུགས་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཨ་ཏིས་དགའ་ཚོར་ཆེན་པོའི་ངང་གནས་སྤོ་བྱས་རྗེས་སྡོད་ཁང་དང་། འགྲོ་ལམ། འཐུང་ཆུ། ཐོན་ལས་བཅས་ཕྱོགས་གང་སར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཅེས་ཞུས་པ་རེད། འཇིགས་མེད་དང་རྣམ་རྒྱལ་གྲོང་མི་གཉིས་ཀྱི་ཁྱིམ་དུ་བློ་བཟང་རྒྱལ་མཚན་གྱིས་ཁོང་ཚོ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་དང་ཡོང་འབབ་ཡོང་ཁུངས་རྩིས་ཞིབ་ཕྲ་བསྐྱོན་པ་རེད། གྲོང་ཚོ་དེར་མཐའ་མཚམས་ཡུལ་མིའི་ཁ་གསབ་རོགས་དངུལ་དང་ནགས་ཚལ་སྣོད་བཅུད་ལས་ཞུགས་སོགས་ཀྱི་གཞན་སྒྱུར་རང་བཞིན་གྱི་ཡོང་འབབ་མི་རེར་ཆ་སྙོམས་སྒོར་6000ལྷག་ཙམ་ཡོད་པ་མཁྱེན་རྗེས་བློ་བཟང་རྒྱལ་མཚན་གྱིས་ཏང་གི་སྲིད་ཇུས་བཟང་པོར་བརྟེན་ནས་ཚང་མ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་བས་ང་ཚོས་ངེས་པར་དུ་ཏང་གི་བཀའ་དྲིན་ནམ་ཡང་མི་བརྗེད་པར་ཁྱིམ་གཞིས་འཛུགས་སྐྲུན་ཡག་པོ་དང་མཛེས་སྡུག་ལྡན་པའི་ས་ཆ་དེ་སྲུང་སྐྱོང་ཡག་པོ་བྱེད་དགོས། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་དང་ཁྱིམ་སྲུང་མཐའ་བརྟན་བྱེད་རྒྱུ་ཟུང་འབྲེལ་དམ་ཟབ་བྱེད་རྒྱུར་སྐུལ་ལྕག་བྱས་ནས་ཡུལ་བབ་དང་བསྟུན་ཏེ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་མང་ཚོགས་དབུལ་པོ་དུས་གཅིག་ཏུ་འབྱོར་འབྲིང་ཡོང་རྒྱུར་རོགས་རམ་བྱེད་དགོས་ཞེས་གསུངས་པ་རེད།
ཚེས་4ཉིན་གྱི་ཕྱི་དྲོ། བློ་བཟང་རྒྱལ་མཚན་གྱིས་རྫ་ཡུལ་རོང་སྨད་གྲོང་རྡལ་དུ་ཏེང་པ་བ་འདུས་སྡེ་ཁུལ་གྲོང་ཚོ་གསུམ་དུ་རྟོག་ཞིབ་གནང་བ་རེད། གྲོང་ཚོའི་སྤྲེལ་ཁམ་འདེབས་པའི་ཐད་ཀུང་སི་དང་། མཉམ་ལས་ཁང་། ཞིང་དུད་བཅས་ཟུང་དུ་འབྲེལ་བའི་བྱ་ཐབས་སྤྱད་ཡོད་པ་དང་། མིག་སྔར་འདེབས་འཛུགས་གཞི་ཁྱོན་མུའུ་184ཟིན་ནས་ན་ནིང་དཔལ་འབྱོར་ཕན་འབྲས་སྒོར་ཁྲི་37བྱུང་ཡོད་པ་དང་། འཕེལ་རྒྱས་བྱུང་རྗེས་གྲོང་མིར་ས་ཆ་མུའུ་རེ་ནས་ཡོང་འབབ་སྒོར་4500བྱུང་ཡོད་པ་རེད། བློ་བཟང་རྒྱལ་མཚན་གྱིས་བྱ་ཐབས་གསར་གཏོད་བྱས་ནས་སྤྱོད་གོ་ཆོད་པའི་ཤེས་ལྡན་མི་སྣ་གནས་ཐུབ་པ་དང་། གསོ་སྐྱོང་ཐུབ་པ། སྤྱོད་ཐུབ་པ་བཅས་བྱས་ནས་ཚན་རྩལ་འདེགས་སྐྱོར་ལ་ཤུགས་སྣོན་བརྒྱབ་སྟེ་སྲོལ་རྒྱུན་ཞིང་པ་ཞིང་པ་གསར་པར་འགྱུར་བ་དང་། སྲོལ་རྒྱུན་ཞིང་ལས་དེང་རབས་ཞིང་ལས་སུ་བསྒྱུར་ནས་མང་ཚོགས་ཉེ་ཁུལ་དུ་ལས་ཞུགས་དང་ངལ་རྩོལ་ཕྱུག་འགྱུར་ཡོང་བ་བྱས་ཏེ་མཐའ་མཚམས་མང་ཚོགས་ཀྱི་གནད་སྨིན་དབུལ་སྒྲོལ་རྨང་གཞི་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
བརྟག་ཞིབ་གནང་རིང་། བློ་བཟང་རྒྱལ་མཚན་གྱིས་མཐའ་མཚམས་ཀྱི་འཕེལ་རྒྱས་བརྟན་ལྷིང་ལྗོངས་ཡོངས་ཀྱི་འཕེལ་རྒྱས་བརྟན་ལྷིང་དང་འབྲེལ་བ་ཡོད་པས་ཕུགས་ལ་དམིགས་པ་དང་བདེ་དུས་ཉེན་ཟོན་གྱིས“འདུ་ཤེས་བཞི”དང་ལྷག་དོན་དུ་སྲོག་ཤིང་གི་འདུ་ཤེས་དང་མིག་ལྟོས་ཀྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་ནས་སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོབ་བཅས་བྱེད་རྒྱུ་དེ་མཐའ་སྲུང་མཐའ་བརྟན་གྱི་ཕྱོགས་ཁག་ནང་མཚོན་པ་དང་། མཐའ་དར་མཐའ་ཕྱུག་གི་ལས་དོན་ཁག་ནང་དོན་འཁྱོལ་ཐུབ་པ་བྱེད་དགོས། དམག་དམངས་མཐུན་སྒྲིལ་དང་དམག་བཀུར་དམངས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་བཏང་ནས་དམག་དམངས་བརྩེ་སེམས་ཉ་ཆུ་ལྟ་བུ་བརྩེ་བ་དང་གཉིས་བཀུར་དཔེ་སྟོན་གྱི་རྣམ་པ་བཟང་པོ་གཏོད་དགོས། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་ནས་མཐའ་མཚམས་ཀྱི་བྱ་བ་ཡག་པོ་སྒྲུབ་པ་དང་མཐའ་མཚམས་ཀྱི་ལས་དོན་ལེགས་པར་སྒྲུབ་པའི་ཤུགས་ཆེའི་དྲང་ནུས་གཅིག་སྒྲིལ་ཐུབ་པ་བྱས་ཏེ་འཕེལ་རྒྱས་བརྟན་ལྷིང་གི་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་རེད།