དབུ་ཤོག>སྲིད་དོན།
  • བསྟན་ཁོས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་དར་སྤེལ་བཏང་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-04-01

    ཟླ་3ཚེས་29ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་བསྟན་ཁོས་ཆེད་མངགས་ནག་ཆུ་ཞབས་རྟེན་དགོན་དུ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་བར་ཕེབས་ཤིང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ཞབས་རྟེན་དགོན་གྱི་གྲྭ་དམངས་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པར་གཟིགས་པ་དང་འབྲེལ་འཚམས་འདྲི་ཡང་གནང་བ་རེད། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ། བོད་ལྗོངས་ནང་བསྟན་སློབ་གླིང་གི་ཡོན་ཀྲང་བཅས་ཡིན་པའི་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་པ་རེད།

    བསྟན་ཁོས་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱི་ཕེབས་རོགས་འོག་ཞབས་རྟེན་དགོན་གྱི་ལྷ་ཁང་ཁག་དང་། ནང་བསྟན་མཐུན་ཚོགས་ཀྱི་ཡན་ལག་སློབ་གླིང་། གྲྭ་ཤག་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པའི་ལས་དོན་འཚོ་བའི་ཁུལ་བཅས་ལ་སྔ་རྗེས་སུ་ཕེབས་ནས་དགོན་སྡེའི་རིག་དངོས་སྲུང་སྐྱོབ་དང་། དགེ་འདུན་པའི་སློབ་སྦྱོང་དང་འཚོ་བ། དགོན་སྡེར་བཅའ་སྡོད་ལས་བྱེད་པའི་སློབ་གསོ་དོ་དམ་ཞབས་ཞུ་བཅས་ཀྱི་ལས་དོན་སྤེལ་ཚུལ་ལ་གཟིགས་ཞིབ་ཞིབ་ཕྲ་གནང་བ་རེད།

    བསྟན་ཁོས་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་ཞབས་རྟེན་དགོན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་ལྡན་པའི་ལོ་རྒྱུས་དང་དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པའི་ལས་ཀའི་གནས་ཚུལ་ངོ་སྤྲོད་ནན་ཏན་གནང་བ་གསན་རྗེས། ལོ་རྒྱུས་ཀྱི་འགག་རྩའི་དུས་ཚིགས་དང་དུས་སྐབས་གལ་ཆེན་སྐབས་ཞབས་རྟེན་དགོན་དང་སྒྲུབ་ཁང་སྐུ་ཕྲེང་རིམ་བྱོན་གྱིས་སྔ་བར་ཕྱི་གསུམ་དུ་ཏང་དང་སྲིད་གཞུང་གི་ཕྱོགས་སུ་ལངས་ཏེ་དར་ཆ་གསལ་སྟོན་དང་རྣམ་འགྱུར་བརྟན་པོའི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་དང་གཅིག་གྱུར་སྲུང་སྐྱོང་དང་དགོན་སྡེའི་ཡུན་རིང་ཞི་མཐུན་བརྟན་ལྷིང་དང་ཆོས་ལུགས་བྱེད་སྒོ་བདེ་བླག་ངང་སྤེལ་རྒྱུ་འགན་ལེན་བྱས་ཏེ། རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་ཀྱི་དགོས་མཁོ་སྐོང་གང་ཐུབ་བྱས་པས། ལྗོངས་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་མིག་དཔེ་དང་། ཁྲིམས་ལྟར་དོ་དམ་ཀྱི་མིག་དཔེ། དད་ལྡན་མང་ཚོགས་ལ་ཞབས་འདེགས་ཞུ་བའི་མིག་དཔེ་བཅས་རེད་ཅེས་གསུངས་པ་རེད།

    བསྟན་ཁོས་རྒྱ་ཆེའི་དགོན་སྡེར་བཅའ་སྡོད་ལས་བྱེད་པ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་ཐབས་ཇུས་དགོངས་པ་གལ་ཆེན་དང་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། ཁྲིད་སྟོན་ལས་ཀར་ཤུགས་སྣོན་རྒྱག་དགོས་ཤིང་། རྒྱ་ཆེའི་གྲྭ་བཙུན་ལ་ཏང་དང་སྲིད་གཞུང་དང་ཆབ་སྲིད་ཐད་མཐུན་སྒྲིལ་མཉམ་ལས་བྱ་རྒྱུའི་སློབ་གསོ་དང་། དངོས་སྒྱུར། ཁྲིད་སྟོན་བཅས་ཧུར་ཐག་བྱས་ཏེ་ཁ་གཅིག་གཏད་ཡོང་བ་བྱེད་དགོས། སློབ་གསོ་དོ་དམ་ཞབས་ཞུའི་ལས་དོན་མུ་མཐུད་གཏིང་ཟབ་དང་། ཞིབ་ཕྲ། ཏན་ཏིག་བཅས་བསྒྲུབས་ཏེ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས། རང་ལྗོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང་བཅས་ཡོང་ཆེད་དེ་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།