དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའི(རྒྱ་ཆེའི)ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-03-25

    ཚེས་23ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི(རྒྱ་ཆེའི)ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་དང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་དྲུག་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ལས་དོན་གཙོ་གནད་ཞིབ་འཇུག་དང་གྲོས་བསྡུར། འདི་ལོའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་བཀོད་སྒྲིག་དང་དོན་འཁྱོལ་བཅས་བྱས་པ་རེད།

    རྡོ་ཐོགས་དང་། སྐར་མ། ཀྲོའུ་ཁྲུན་ལའེ། ཀྲའོ་ཀྲེང་ཤིའུ། ཞུས་ཞུའེ་ཀོང་། ཉི་མ་ཚེ་རིང་། ལིའུ་ཀོང་ཤུས་སོགས་ཚོགས་འདུར་ཕེབས་ཡོད་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་གྲོལ་མ་ཐག་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པ་ནི་རང་རྒྱལ་དུ“ལོ་ལྔ་ཚན་བཅུ་གསུམ་པ”ཡི་འགོ་བདེ་བླག་ངང་འཛུགས་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་བཅོད་པའི་དུས་མཚམས་དང་། བྱ་གཞག་ཁག་ལ་འཕེལ་རིམ་གསར་པ་དང་ཕན་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་བ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བ་བཅས་ཀྱི་འགག་རྩའི་དུས་སུ་འཚོགས་པའི་གལ་འགངས་ཧ་ཅང་ཆེ་བའི་ཚོགས་ཆེན་ཞིག་རེད། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་དང་དགོངས་པ་གསར་པ་དང་། ཆོད་གཏམ་གསར་པ། བླང་བྱ་གསར་པ་བཅས་རབ་དང་རིམ་པ་བཏོན་པ་སྟེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རླབས་ཆེན་གྱི་རྒྱལ་ཁ་ལེན་ཕྱིར་ཁ་ཕྱོགས་གསལ་སྟོན་གནང་བ་དང་། ལྕག་སྐུལ་ཆེན་པོ་གནང་བ། སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཡོད། དེ་ནི་ཕྱིན་ཆད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་བསམ་བློའི་སྣེ་ཁྲིད་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་རེད། ཙུང་ལི་ལི་ཁེ་ཆང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་གནང་བའི་བྱམས་བརྩེའི་ཐུགས་ཁུར་བསྣམས་ནས་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཡོད། ཙུང་ལི་ལི་ཁེ་ཆང་གི་གསུང་བཤད་དེ་མཐོ་གཟིགས་འོག་བསྐྱངས་གནང་བ་ཞིག་ཡིན་ལ་མཛུབ་ཁྲིད་རང་བཞིན་དང་། དམིགས་བསལ་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ཆེན་པོ་ལྡན་པ་ཞིག་ཀྱང་ཡིན། ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་གནང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་མཇུག་འགྲིལ་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་ནི་ང་ཚོས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་རེད། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། ཙུང་ལི་ལི་ཁེ་ཆང་། ཨུ་ཡོན་ཀྲང་ཀྲང་ཏེ་ཅང་བཅས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་གོ་བ་ཡག་པོ་བླངས་ཏེ་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་དང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་པོ་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་རྒྱུར་བསུ་བ་ཞུ་རྒྱུ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་ཁ་ཕྱོགས་གཙོ་བོར་བཟུང་བ་དང་ཆབས་ཅིག“འདུ་ཤེས་བཞི”བརྟན་པོར་འཛུགས་རྒྱུ་དང་ཆབ་སྲིད་ཀྱི་འགན་འཁྲི་བསྒྲུབ་རྒྱུ་རྩ་བར་བཟུང་སྟེ་སློབ་སྦྱོང་ལ་ཤུགས་སྣོན་གྱིས་བསམ་བློར་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་ཤུགས་ཆེ་རུ་གཏོང་བ་དང་། འགན་འཁྲིར་ཤུགས་སྣོན་གྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་བ། སྤྱོད་ཚུལ་ལ་ཤུགས་སྣོན་གྱིས་ཁུར་ཕོད་དངོས་སྒྲུབ་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་གྱིས་འགན་འཁྲི་སྒྲུབ་ནུས་ཆེ་རུ་དང་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་བ་བཅས་བྱས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྙན་གྲགས་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པ་དེ་དངོས་ཕན་ཆེ་རུ་གཏོང་བ་དང་། ལས་ཀའི་སྤུས་ཚད་མཐོ་རུ་གཏོང་བ། ལས་འགན་ལེགས་པར་སྒྲུབ་པ་བཅས་ཀྱི་ཐོག་ནས་མཚོན་པར་བྱེད་དགོས། ལྗོངས་ཏང་ཨུད་ཀྱིས་བསྒྲུབ་རྒྱུར་སྤྲད་པའི་ལས་དོན་ཁག་ལེགས་པར་བསྒྲུབས་ནས་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་མི་དམངས་འཐུས་ཚོགས་སུ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།