དབུ་ཤོག>སྲིད་དོན།
  • སྲིད་གཞུང་གི་ལས་དོན་སྙན་སྒྲོན།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2017-03-18

    རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ལི་ཁེ་ཆང་།

    འཐུས་མི་རྣམ་པ། ད་ལྟ་ངས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ལ་སྲིད་གཞུང་གི་ལས་དོན་སྙན་སེང་ཞུ་རྒྱུ་ཡིན་པས། གྲོས་ཞིབ་གནང་རོགས་ཞུ་རྒྱུ་མ་ཟད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས་ཀྱང་དགོངས་འཆར་གནང་རོགས་ཞུ་རྒྱུ་ཡིན།

    གཅིག 2016ལོའི་ལས་ཀར་ཕྱིར་དྲན་བྱས་པ།

    འདས་པའི་ལོ་གཅིག་གི་རིང་ལ། རང་རྒྱལ་གྱི་འཕེལ་རྒྱས་ལ་རྒྱལ་ནང་དང་རྒྱལ་ཕྱིའི་འགལ་བ་རིམ་རྩེག་དང་། ཉེན་ཁ་འབྱུང་གཞི་འདུས་མའི་འགྲན་སློང་དྲག་པོ་ཐུག་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་དབུ་ཁྲིད་འོག རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་དཀའ་བར་མི་འཛེམ་པར་མདུན་སྐྱོད་དང་། ཞུན་བརྡར་མདུན་སྐྱོད་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་བྱས་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གོ་གནས་དངོས་སུ་ཁ་གསལ་བཟོས་པས། ཏང་དང་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་པ་དང་། ཏང་དང་རྒྱལ་ཁབ་དར་རྒྱས་གོང་འཕེལ་དང་། ཡུན་རིང་བརྟན་ལྷིང་ཡོང་བ་འགན་ལེན་བྱེད་པར་དོན་སྙིང་ཧ་ཅང་གལ་ཆེན་དང་ཟབ་མོ་ལྡན་པ་རེད། ས་ཁུལ་ཁག་དང་། སྡེ་ཁག་ཚན་ཁག་གི་ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་དཔེའི་འདུ་ཤེས་བཅས་རྒྱུན་ཆད་མེད་པར་ཆེ་རུ་སོང་བ་དང་། འབྱོར་འབྲིང་གི་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་རྒྱུར་གྲུབ་འབྲས་གསར་པ་ཐོབ་པ། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་སྤེལ་བར་གོམ་སྟབས་གལ་ཆེན་སྤོས་པ། ཁྲིམས་མཐུན་ལྟར་རྒྱལ་ཁབ་སྐྱོང་བ་ཕྱོགས་ཡོངས་ནས་ལག་བསྟར་གཏིང་ཟབ་བྱུང་བ། ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བར་སྐུལ་སྤེལ་གཏིང་ཟབ་བཅས་བྱུང་ཡོད་ཅིང་། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་འབེན་གྱི་ལས་འགན་གཙོ་བོ་ལམ་ལྷོང་ངང་ལེགས་འགྲུབ་བྱུང་བ་དང་། “ལོ་ལྔ་ཚན་བཅུ་གསུམ་པ་”འགོ་ཡག་པོ་ཚུགས་ཐུབ་པ་བྱུང་བ་རེད།

    —— དཔལ་འབྱོར་འཁོར་སྐྱོད་དལ་པོའི་ངང་ནས་བརྟན་དུ་སོང་བ་དང་། བརྟན་པོའི་ངང་ནས་ལེགས་སུ་འགྲོ་བཞིན་ཡོད། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་74.4ཟིན་ཏེ། 6.7%འཕར་ནས་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད་པ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་བར་ལེགས་སྐྱེས་འབུལ་ཚད་30%ལས་བརྒལ་ཡོད། གྲོང་མིའི་འཛད་སྤྱོད་རིན་གོང་2%འཕར་ཡོད། བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་ལོ་གོང་མར་2.3%ཆག་པ་ནས་8.5%འཕར་བར་གྱུར་པ་དང་། རྩིས་གཞི་རེའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་ཁུངས་ཟད་གྲོན་5%ཆག་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ལས་ཕྱོད་མངོན་གསལ་ཆེ་རུ་སོང་ཡོད།

    —— ལས་ཞུགས་འཕར་ཚད་སྔོན་དཔག་ལས་བརྒལ་ཡོད། ལོ་ཧྲིལ་པོར་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི་1314མང་དུ་སོང་ཡོད། མཐོ་རིམ་སློབ་ཐོན་སློབ་མ་ལས་ཀར་ཞུགས་གྲངས་ཡང་བསྐྱར་མཐོ་ཤོས་སུ་ཟིན་ཡོད། ཐོན་ནུས་སུ་ཆ་བགོས་ཀྱིས་བཏང་བའི་ལས་བཟོ་པ་བཀོད་སྒྲིག་བྱེད་ཚུལ་སྤྱིའི་ཆ་ནས་ལེགས་ཙམ་བྱུང་ཡོད། ལོ་མཇུག་ཏུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་བ་ཐོ་འགོད་བྱེད་ཚད་4.02%ཡིན་པས། ལོ་མང་རིང་གི་དམའ་ཤོས་རེད། མི་གྲངས་དུང་ཕྱུར་13ལྷག་ཙམ་ཟིན་པའི་དར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ངོས་ནས། ལས་ཀར་ཞུགས་ཁོངས་ཆེ་ཙམ་ཡོད་པ་ནི་ལས་སླ་པོ་ཞིག་མིན།

    —— སྒྱུར་བཅོས་སྒོ་འབྱེད་ལ་སྐུལ་སྤེལ་ཟབ་མོ་བཏང་ཡོད། ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་ལ་བར་བརྒལ་རང་བཞིན་གྱི་གྲུབ་འབྲས་ཐོབ་པས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་སྒྱུར་བཅོས་བྱེད་པར་གྲུབ་འབྲས་རགས་ཙམ་ཐོབ་ཡོད། ཕྱི་ཕྱོགས་སུ་སྒོ་འབྱེད་པར་བྱེད་ཕྱོགས་གསར་པ་བཏོན་པ་དང་། “རྒྱུད་གཅིག་ལམ་གཅིག”སྐྲུན་ཚུལ་མྱུར་ཞིང་། ལས་གཞི་དང་རྒྱལ་སྤྱིའི་ཐོན་ནུས་ཀྱི་མཉམ་ལས་རྣམ་གྲངས་གལ་ཆེན་ཁག་གཅིག་གཏན་འཁེལ་བྱུང་ཡོད།

    —— དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག་ཇེ་མགྱོགས་སུ་བཏང་ཡོད། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཁྲོད་དུ་འཛད་སྤྱོད་ཀྱིས་སྐུལ་འཁྲིད་ནུས་པ་གཙོ་བོ་ཐོན་ཡོད། ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་གིས་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཁྲོད་ཀྱི་བསྡུར་ཚད་དེ་51.6%བར་འཕར་ཡོད། ལག་རྩལ་མཐོ་བའི་ཐོན་ལས་དང་། སྒྲིག་ཆས་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་མགྱོགས་ཙམ་བྱུང་ཡོད། ཞིང་ལས་བརྟན་པོའི་ངང་ནས་ལེགས་སྒྲིག་བྱས་པ་དང་། འབྲུ་རིགས་ཐོན་འབབ་མུ་མཐུད་ཡག་པོ་བྱུང་ཡོད།

    —— འགུལ་ནུས་གསར་པ་འཕེལ་ཚུལ་ཇེ་ཆེར་ཕྱིན་ཡོད། གསར་གཏོད་སྐུལ་སྤེལ་གྱི་འཕེལ་རྒྱས་འཐབ་ཇུས་དོན་འཁྱོལ་གཏིང་ཟབ་བྱས་ཡོད། ཚན་རྩལ་ཁྱབ་ཁོངས་སུ་རྒྱལ་སྤྱིའི་སྔོན་ཐོན་གྱི་གྲུབ་འབྲས་གལ་ཆེན་ཁག་གཅིག་ཐོབ་ཡོད། གསར་དར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་དར་བ་དང་། སྲོལ་རྒྱུན་གྱི་ཐོན་ལས་རིགས་སྒྱུར་དང་རིམ་པ་སྤོར་རིམ་མགྱོགས་སུ་བཏང་ཡོད། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་། ཀུན་གྱིས་གསར་གཏོད་བྱེད་ཚུལ་ཁྱབ་ཆེར་སྤེལ་ཞིང་། ལོ་ཧྲིལ་པོར་ཁེ་ལས་ཐོ་འགོད་བྱེད་གྲངས་24.5%འཕར་ཡོད་པས། ཆ་སྙོམས་ཉིན་རེར་ཁྲི་1.5རེ་འཕར་ཡོད། དེའི་ཁར་སྒེར་གཉེར་བཟོ་ཚོང་ཐེམ་དུད་སོགས་ཚོང་རའི་བྱེད་པོའི་རིགས་ཐེམ་དུད་ཁྲི་4.5འཕར་ཞིང་། འགུལ་ནུས་གསར་པས་འཕེལ་རྒྱས་གཏོང་གཞི་གསར་པ་འདེགས་སྐྱོར་བྱེད་བཞིན་ཡོད།

    —— རྨང་གཞིའི་སྒྲིག་བཀོད་ཀྱི་འདེགས་སྐྱོར་ནུས་པ་བསྟུད་མར་ཆེ་རུ་ཕྱིན་ཡོད། མྱུར་བགྲོད་ལྕགས་ལམ་སྤྱི་ལེ་1900ལྷག་ཙམ་སྤྱོད་འགོ་ཚུགས་པ་དང་། མྱུར་བགྲོད་གཞུང་ལམ་སྤྱི་ལེ་6700དང་། གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་29གསར་སྐྲུན་དང་ལེགས་བཅོས་བྱས་ཡོད། གྲོང་ཁྱེར་དབར་གྱི་འཁོར་ལམ་འགྲིམ་འགྲུལ་དང་། ས་འོག་གི་ཕྱོགས་བསྡུས་སྦུག་ལམ་འཛུགས་སྐྲུན་ཇེ་མགྱོ གས་སུ་བཏང་ཡོད། ཆུ་བེད་ཀྱི་ལས་གཞི་གལ་ཆེན་ཁག་21ལས་འགོ་བརྩམས་ཡོད། སྒུལ་འཁྱེར་འཕྲིན་གཏོང་རབས་བཞི་པ་བཀོལ་མཁན་དུང་ཕྱུར་3.4འཕར་བ་དང་། འོད་སྐུད་གློག་ལམ་སྤྱི་ལེ་ཁྲི་550ལྷག་ཙམ་བསྐྲུན་ཡོད།

    —— མི་དམངས་ཀྱི་འཚོ་བ་མུ་མཐུད་ལེགས་བཅོས་བྱས་ཡོད། རྒྱལ་ཡོངས་ཀྱི་གྲོང་མི་མི་རེའི་ཆ་སྙོམས་སྤྱོད་འཐུས་ཡོང་འབབ་དངོས་6.3%འཕར་ཡོད། གྲོང་གསེབ་ཏུ་དབུལ་ཕོངས་མི་གྲངས་ཁྲི་1240ཉུང་དུ་སོང་ཡོད། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས་མི་གྲངས་ཁྲི་240ལས་བརྒལ་ཡོད། སྡོད་ཁང་ཐབས་ཆག་ཁུལ་གྱི་ཁང་པ་ཆ་འགྲིག་ཁྲི་600ལེགས་བཅོས་བྱས་པ་དང་། གྲོང་གསེབ་ཀྱི་ཉེན་ཅན་ཁང་ཁྱིམ་ཁྲི་380ལེགས་བཅོས་བྱས་ཡོད། རྒྱལ་ནང་གི་ཡུལ་སྐོར་འཕེལ་རྒྱས་མགྱོ གས་པོ་བྱུང་བ་དང་། མངའ་ཁོངས་ཕྱི་རོལ་དུ་ཡུལ་སྐོར་ལ་སྐྱོད་མི་ཐེངས་གྲངས་དུང་ཕྱུར་1.2ཟིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བའི་ཆུ་ཚད་སྔར་བས་ཇེ་ལེགས་སུ་སོང་ཡོད།

    རང་རྒྱལ་གྱིས་གཙོ་སྐྱོང་བྱས་པའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་གཙོའི་ཧང་ཀྲོའུ་ཡི་དབུ་ཚོགས་ལམ་ལྷོང་བྱུང་བས། གསར་གཏོད་ཀྱི་རང་བཞིན་དང་། སྣེ་ཁྲིད་ཀྱི་རང་བཞིན། ལམ་སྲོལ་གྱི་རང་བཞིན་བཅས་ཀྱི་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་པར་སྐུལ་མ་ཐེབས་ཤིང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་གི་ཁྲོད་དུ་ཀྲུང་གོའི་རྗེས་ཤུལ་ཟབ་མོ་ཞིག་བཞག་ཡོད།

    འདས་ལོར་ཕྱིར་དྲན་བྱས་པ་ན། བསྐྱོད་པའི་ལམ་བུ་སྤྱིར་བཏང་མིན། ང་ཚོའི་ཁ་ཕྱོགས་ཡུལ་ནི་འཛམ་གླིང་གི་དཔལ་འབྱོར་དང་ཉོ་ཚོང་འཕེལ་བའི་མྱུར་ཚད་ལོ་7རིང་གི་དལ་ཤོས་ཡིན་པ་དང་། རྒྱལ་སྤྱིའི་དངུལ་རྩའི་ཚོང་ར་འཕར་ཆག་ཇེ་ཆེར་ཕྱིན་པ། ས་ཁུལ་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་གློ་བུར་ཆེ་ཞིང་ཐོན་མང་བའི་ཕྱིའི་ཁོར་ཡུག་ཡིན་པ། རྒྱལ་ནང་གི་གྲུབ་ཚུལ་རང་བཞིན་གྱི་གནད་དོན་མངོན་གསལ་དོད་པ་དང་། ཉམས་ཉེན་འབྱུང་གཞི་འབུར་དུ་ཐོན་པ། དཔལ་འབྱོར་ཆག་དོགས་ཇེ་ཆེར་ཕྱིན་པའི་དཀའ་ངལ་ཇེ་མང་ཡིན་པ། སྒྱུར་བཅོས་གནད་འགག་ཆེ་བའི་དུས་སུ་སླེབས་པ་དང་། ཁེ་ཕན་གྱི་འབྲེལ་བ་ལེགས་སྒྲིག་ཟབ་མོར་བྱེད་པ། སྤྱི་ཚོགས་བརྟན་ལྷིང་ཡོང་གཞིར་གནོད་པའི་རྒྱུ་རྐྱེན་མང་དུ་སོང་བའི་རྙོག་འཛིང་གི་གནས་བབ་བཅས་རེད། གནས་ཚུལ་འདི་རིགས་ཐུག་དུས། དཔལ་འབྱོར་བརྟན་པོ་ཡོང་ཐུབ་པར་བྱེད་རྒྱུ་ནི་ལས་སླ་པོ་མིན་པ་དང་། འཕེལ་ཚུལ་བཟང་པོ་མང་ཙམ་ཐོན་པར་བྱེད་རྒྱུ་ནི་དེ་བས་ཀྱང་ཁག་པོ་རེད། འདིའི་ཐོག་ནས། དཀའ་ཚེགས་དང་ཉམས་ཉེན་གང་འདྲ་ཞིག་འཕྲད་ཀྱང་ཀྲུང་གོའི་མི་དམངས་ནི་བློ་ཁོག་ཆེ་བ་དང་། བློ་རིག་བཀྲ་བ། ནུས་པ་ལྡན་པ་བཅས་དང་། ཀྲུང་གོའི་དཔལ་འབྱོར་གཏིང་ཤུགས་ཆེ་བ་དང་། མཉེན་གཤིས་དང་བཟང་ཆ་ལྡན་པས། ཀྲུང་གོར་འཕེལ་རྒྱས་ཀྱི་མདུན་ལྗོངས་སྔར་ལས་བཟང་པོ་ལྡན་ངེས་རེད། ལོ་གཅིག་གི་རིང་ལ། ང་ཚོས་གཙོ་བོ་གཤམ་གསལ་ལས་དོན་ཁག་བསྒྲུབས་ཡོད་དེ།

    གཅིག་ནས་མུ་མཐུད་གསར་གཏོད་དང་སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་བ་དང་། དཔལ་འབྱོར་འཁོར་སྐྱོད་ཀྱི་བར་སྟོང་འཚམ་པོ་རྒྱུན་མཐུད་བྱུང་ཡོད། ན་ནིང་སྤྱི་ཁོག་སྙོམས་སྒྲིག་ལ་གདམ་ག་དཀའ་བ་མང་པོ་འཕྲད་ཅིང་། ང་ཚོས“ཞིང་ཆུ་འགྱིང་གཏོང”ཚུལ་གྱི་ངར་ཤུགས་སྐུལ་རིགས་མ་བྱས་པར། སྒྱུར་བཅོས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་བརྟན་པོ་ཡོང་བ་དང་། གྲུབ་ཚུལ་ལེགས་སྒྲིག ཉམས་ཉེན་འགོག་པ་བཅས་བྱས་ཏེ་བར་སྟོང་སྙོམས་སྒྲིག་བྱས་པའི་རྨང་གཞིའི་ཐོག ཕྱོགས་ངེས་སྙོམས་སྒྲིག་དང་། སྐབས་བསྟུན་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ཡོད། དགེ་མཚན་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་སྤྱོད་ཤུགས་ཆེ་རུ་བཏང་བའི་རྨང་གཞིའི་ཐོག་ནོར་སྲིད་ཀྱི་ཆད་གྲངས་མཚལ་ཡིག་འཕར་བ་གཙོ་བོ་ཁྲལ་གྲོན་གཉིས་གཅོག་ལ་སྤྱད་ཡོད། ལས་ཁྲལ་ནས་འཕར་ཁྲལ་དུ་སྒྱུར་བ་ཕྱོགས་ཡོངས་ནས་ཁྱབ་སྤེལ་བྱས་པ་དང་། ལོ་ཧྲིལ་པོར་ཁེ་ལས་ཀྱི་ཁྲལ་འཁྲི་སྒོར་དུང་ཕྱུར་5700བཅག་པ་དང་། ལས་རིགས་ཡོངས་སུ་ལས་གཉེར་གྱི་ཐོབ་ཁྲལ་ཁྲལ་འཁྲི་ཆག་པ་ལས་མི་འཕར་བར་བྱས་ཡོད། ཀྲུང་དབྱང་དང་ས་གནས་ཀྱི་གནས་ཐང་འཕར་ཁྲལ་གྱི་ཡོང་འབབ་ཆ་བགོས་ཀྱི་བར་བརྒལ་འཆར་གཞི་གཏན་འབེབས་ལག་བསྟར་བྱས་ཏེ། ས་གནས་ལ་མངའ་བའི་རྒྱུ་ནོར་ལ་འགྱུར་བ་མི་གཏོང་བའི་འགན་ལེན་ཏན་ཏིག་བྱས་ཡོད། ས་གནས་སྲིད་གཞུང་གི་བུ་ལོན་གསོག་གྲངས་བརྗེ་ལེན་བྱེད་ཁྱོན་ཆེ་རུ་བཏང་བ་དང་། ཁེ་སྤོགས་བཅག་སྟེ་ཁུར་པོ་ཡང་དུ་གཏོང་གྲངས་ཧ་ལམ་སྒོར་དུང་ཕྱུར་4000ཟིན་ཡོད། དངུལ་ལོར་གྱི་སྲིད་ཇུས་བརྟན་པོ་སྟབས་བསྟུན་འཚམ་པོར་བྱུང་བ་དང་། ཁྱབ་ཆེའི་དངུལ་ལོར་M2ནི་11.3%འཕར་ཏེ་སྔོན་དཔག་གི་13%ཡས་མས་ཀྱི་དམིགས་འབེན་ལས་དམའ་བ་ཡོད། དངུལ་ལོར་སྲིད་ཇུས་ཀྱི་ཐབས་ལམ་སྣ་མང་ཕྱོགས་བསྡུས་ཀྱིས་སྤྱད་པ་དང་། དངོས་གཞིའི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་རོགས་སྐྱོར་བྱས་ཡོད། འཛད་སྤྱོད་རིམ་པ་འཕར་བའི་བྱེད་ཐབས་སྤྱད་ཡོད། དམངས་ཁྲོད་ཀྱི་མ་དངུལ་འཇོག་པ་སོགས་ལ་བསྔགས་སྐུལ་གྱི་སྲིད་ཇུས་བཏོན་པས། མ་དངུལ་འཇོག་པར་བརྟན་པོའི་ངང་ཚུལ་ཐོན་པ་རེད། ས་ཁང་བདག་ཁོངས་ཀྱི་ཚོང་ར་རིགས་དབྱེ་སྙོམས་སྒྲིག་བྱས་ཡོད། དངུལ་རྩའི་ཉམས་ཉེན་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་བ་དང་། མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་གྲུབ་སྲོལ་ཆགས་ཚུལ་སྔར་བས་འཐུས་ཚང་དུ་བཏང་ནས། ཚུལ་མཐུན་དང་དོ་མཉམ་གྱི་ཆུ་ཚད་ཐོག་རྩ་བའི་ཆ་ནས་བརྟན་པོ་ཡོང་བར་བྱས་ཡོད། རྒྱལ་ཁབ་ཀྱི་དཔལ་འབྱོར་དངུལ་རྩའི་བདེ་འཇགས་བསྲུངས་ཐུབ་ཡོད།

    གཉིས་ནས“གསུམ་དོར་གཅིག་གཅོག་གཅིག་གསབ”དམ་འཛིན་གང་ཐུབ་བྱས་པས། མཁོ་སྤྲོད་ཀྱི་གྲུབ་ཚུལ་ལེགས་བཅོས་ཕྲན་བུ་བྱུང་ཡོད། ངར་ལྕགས་དང་། རྡོ་སོལ་ལས་རིགས་གཙོ་གནད་དུ་བྱས་ཏེ་ཐོན་ནུས་དོར་ཤིང་། ལོ་ཧྲིལ་པོར་ངར་ལྕགས་ཀྱི་ཐོན་ནུས་ཏུན་ཁྲི་6500དང་། རྡོ་སོལ་གྱི་ཐོན་ནུས་ཏུན་དུང་ཕྱུར་2.9ལས་བརྒལ་བ་ཕྱིར་འཐེན་བྱས་པས། ལོ་ཧྲིལ་པོའི་དམིགས་ཚད་དང་ལས་འགན་ཚད་བརྒལ་གྱིས་འགྲུབ་པ་རེད། བྱ་དགའ་དང་ཁ་གསབ་མ་དངུལ་དང་། ལས་བཟོ་པ་ཆ་བགོས་བགོ་སྒྲིག་ལེགས་ཙམ་ཐུབ་པ་བྱུང་ཡོད། ཞིང་པ་ལས་མི་སོགས་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་དུ་ཁང་པ་ཉོ་བར་རོགས་སྐྱོར་བྱས་པ་དང་། ཁང་པ་ཐབས་ཆག་སྒྱུར་བཀོད་དངུལ་ལོར་ཅན་དུ་བཀོད་སྒྲིག་བྱེད་པའི་བསྡུར་ཚད་མཐོ་རུ་བཏང་ཞིང་། སྡོད་ཁང་སྤྱི་གསོག་མ་དངུལ་བཀོལ་སྤྱོད་ཡག་པོར་བྱས་པས། ས་ཁང་བདག་ཁོངས་བཀར་འཇུག་བྱེད་ཚུལ་དོར་བར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། ཁེ་ལས་ཟླ་སྒྲིལ་བསྐྱར་སྒྲིག་ཡོང་བར་བྱས་པ་དང་། ཐད་ཀའི་དངུལ་རྩ་འཕེལ་རྒྱས་དང་། བུ་ལོན་མ་རྐང་དུ་བསྒྱུར་རྒྱུ་ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན་དུ་བསྒྱུར་ཅིང་། བཟོ་ལས་ཁེ་ལས་ཀྱི་མ་རྩའི་བུ་ལོན་ཟུག་ཚད་ཕྲན་བུ་ཆག་ཐུབ་པ་བཅས་བྱུང་ཡོད། ཁེ་ལས་ཀྱི་མ་གནས་ཆག་པར་དམིགས་ནས། ཁྲལ་གྲོན་གཅོག་པ་དང་། “འགན་བཅོལ་ལྔ་དང་གསོག་དངུལ་གཅིག”འཇལ་བའི་བསྡུར་ཚད་གཅོག་པ། གློག་རིན་གཅོག་པ་བཅས་ཀྱི་བྱེད་ཐབས་བཏོན་ཡོད། ཞན་ཆ་གསབ་ཤུགས་ཆེ་རུ་བཏང་བ་དང་། དེང་གི་དུས་སུ་དགོས་མཁོ་ཆེ་ལ། ཕུགས་ལའང་ཕན་པའི་དོན་ཆེན་ཁག་གཅིག་བསྒྲུབས་ཡོད།

    གསུམ་ནས་སྒྱུར་བཅོས་སྒོ་འབྱེད་ཟབ་སྤེལ་ཤུགས་ཆེན་བྱས་པ་དང་། འཕེལ་རྒྱས་ཀྱི་གསོན་ཤུགས་ཇེ་ཆེར་ཕྱིན་ཡོད། ཁྱོན་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱས་ནས། མཚོན་རྟགས་ཀྱི་རང་བཞིན་ལྡན་པ་དང་། སྲོག་ཤིང་གི་རང་བཞིན་ལྡན་པའི་སྒྱུར་བཅོས་བྱེད་ཐབས་ཁག་གཅིག་བཏོན་ཡོད། སྲིད་གཞུང་དང་ཚོང་རའི་འབྲེལ་བ་ཐག་གཅོད་པའི་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཀྱི་སྲོག་ཤིང་གི་དོན་འདིར་དམིགས་ནས། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད། གློད་འདོམས་ཟུང་འབྲེལ། ཞབས་ཞུ་ལེགས་འགྱུར་བཅས་ཀྱི་སྒྱུར་བཅོས་མུ་མཐུད་བྱས་ཡོད། སྲིད་གཞུང་སྐབས་འདི་གས་སྲིད་འཛིན་གྱི་ཞིབ་མཆན་འགོད་པའི་དོན་དག་གི་དམིགས་ཚད་སུམ་ཆ་ཅིག་དུས་བཀག་གི་སྔོན་ལ་འགྲུབ་པའི་རྨང་གཞིའི་ཐོག ན་ནིང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཚན་དང་དེས་དམིགས་འཛུགས་བྱས་པའི་ས་གནས་ཀྱིས་ལག་བསྟར་བྱེད་པའི་སྲིད་འཛིན་གྱི་ཞིབ་མཆན་འགོད་པའི་དོན་དག་ཁག་165མེད་པར་བཟོས་པ་དང་། ཞིབ་མཆན་འགོད་པའི་མཚམས་སྦྱོར་ཞབས་ཞུའི་དོན་དག་ཁག་192དང་། ལས་རིགས་ཀྱི་ཐོབ་ཐང་ཆོག་འཐུས་ཁས་ལེན་གྱི་དོན་དག་ཁག་220བཅས་གཙང་སེལ་ཚད་ལྡན་བྱས་ཡོད། ཚོང་དོན་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བྱས་ཡོད། “སྐབས་བསྟུན་གཉིས་དང་། ཡོངས་བསྒྲགས་གཅིག་”ཕྱོགས་ཡོངས་ནས་ཁྱབ་སྤེལ་བྱས་པ་དང་། བྱ་བ་སྒྲུབ་རིང་དང་བསྒྲུབས་པའི་རྗེས་སུ་ལྟ་སྐུལ་ཕན་འབྲས་ཐོན་པར་བྱས་ཏེ། “དྲ་སྦྲེལ་+སྲིད་དོན་ཞབས་ཞུ”ལ་སྐུལ་འདེད་བཏང་ཡོད། རྒྱལ་ཁབ་ལ་དབང་བའི་ཁེ་ལས་ལེགས་སྒྲིག་བསྐྱར་སྒྲིག་དང་དབང་བའི་ལམ་ལུགས་འདྲེས་མའི་སྒྱུར་བཅོས་ལ་སྐུལ་སྤེལ་བཏང་ཡོད། འགྲན་རྩོད་དྲང་གཞག་གི་ཞིབ་བཤེར་ལམ་ལུགས་བཙུགས་ཡོད། ཐོན་ཁུངས་ཀྱི་དཔྱ་ཁྲལ་སྒྱུར་བཅོས་ཟབ་སྤེལ་བྱས་ཡོད། གྲོང་གསེབ་ཀྱི་ས་ཆར“དབང་གསུམ་ལོགས་འཛུགས”ཀྱི་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་བ་དང་། དབུལ་ཕོངས་སེལ་བའི་ལམ་སྲོལ་བཙུགས་ཡོད། ཚན་རྩལ་གྱི་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་ཟབ་མོ་ཡོང་བར་བྱས་པ་དང་། མཐོ་སློབ་དང་ཚན་ཞིབ་ཁང་གི་རང་བདག་དབང་ཆ་ཆེ་རུ་བཏང་ཞིང་། ཤེས་བྱའི་རིན་ཐང་ཆེ་རུ་གཏོང་རྒྱུ་ཕྱོགས་སྟོན་དུ་བྱེད་པའི་བགོ་བཤའི་སྲིད་ཇུས་བཏོན་ཡོད། རྒན་གསོའི་ཞབས་ཞུའི་ཚོང་ར་སྒོ་ཕྱེ་ཡོད། གཞུང་བཙུགས་སྨན་ཁང་ཕྱོགས་བསྡུས་ཀྱིས་སྒྱུར་བཅོས་བྱེད་ཁྱོན་ཆེ་རུ་བཏང་བ་དང་། སྨན་རྫས་དང་སྨན་བཅོས་ཡོ་བྱད་ཞིབ་བསྡུར་དང་ཞིབ་མཆན་འགོད་པའི་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བྱས་ཡོད། རང་བྱུང་ཐོན་ཁུངས་གཅིག་གྱུར་ཐོག་དབང་ཆ་གཏན་འཁེལ་གྱིས་ཐོ་རུ་འགོད་ཐབས་གཏན་ལ་ཕབ་པ་དང་། ཞིང་ཆེན་མན་གྱི་ཁོར་ཡུག་སྲུང་སྐྱོང་སྒྲིག་གཞིའི་དཔྱད་འཇལ་ལྟ་ཞིབ་ཀྱི་ཁྲིམས་བསྟར་ལ་ཐད་ཀར་དོ་དམ་དང་། རྨོ་ཞིང་འདེབས་འཇོག་རེས་མོས་ཀྱི་སྒྱུར་བཅོས་སོགས་པའི་ཚོད་ལྟ་བྱས་ཤིང་། གཙང་ཆུ་དོ་དམ་དཔོན་གྱི་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་སྤེལ་དང་། སྐྱེ་ཁམས་སྲུང་སྐྱོང་ལ་ཁ་གསབ་སྤྲོད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཡོད། སྒྱུར་བཅོས་ཀྱིས་སྤྱི་ཚོགས་དང་དཔལ་འབྱོར་གོང་འཕེལ་ཡོང་བར་སྒུལ་ཤུགས་གསར་པ་བསྣན་ཡོད། ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱ་ཆེ་རུ་ཧུར་ཐག་བཏང་ཡོད། “རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་སྐུལ་སྤེལ་བཏང་ནས། ལམ་རྒྱུད་ཀྱི་རྒྱལ་ཁབ་དང་འཐབ་ཇུས་ལྡན་པའི་སྣེ་མཐུད་དང་། ངོས་དོན་གྱི་མཉམ་ལས་བཅས་བྱེད་ཤུགས་ཆེ་རུ་བཏང་ཡོད། ཨེ་ཤེ་ཡའི་དངུལ་འཇོག་དངུལ་ཁང་གི་ལས་འགོ་བརྩམས་ཡོད། མི་དམངས་ཤོག་སྒོར་གྱི་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩའི་རྩ་འཛུགས་དང་དམིགས་བསལ་ལེན་དབང་ཡོད་པའི་དངུལ་ལོར་ཁྱབ་ཁོངས་སུ་བཅུག་ཡོད། “ཧྲེན་ཀང་ཤར་བགྲོད”བྱེད་འགོ་བརྩམས་ཡོད། ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་ཡོང་བར་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་བ་དང་། རྒྱལ་ཁོངས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཀྱིས་ཚོད་ལྟ་བྱེད་ཁུལ་12གསར་དུ་བཙུགས་ཤིང་། ཕྱིར་གཏོང་ནང་འདྲེན་རིམ་བཞིན་ཇེ་བརྟན་དུ་གྱུར་ཡོད། ཧྲང་ཧའེ་སོགས་པའི་ཉོ་ཚོང་རང་མོས་ཚོད་ལྟ་ཁུལ་སྒྱུར་བཅོས་གསར་གཏོད་བྱས་འབྲས་ཁྱབ་གདལ་བཏང་བ་དང་། ཉོ་ཚོང་རང་མོས་ཚོད་ལྟ་ཁུལ་གསར་པ་7བཙུགས་ཡོད། འཛུལ་འཐུས་ཀྱི་དམིགས་བསལ་དོ་དམ་བྱེད་ཐབས་སྤྱད་པའི་ཁྱབ་ཁོངས་ཉུང་ཤས་མ་གཏོགས། ཕྱི་རྒྱལ་གྱིས་མ་དངུལ་བཞག་པའི་ཁེ་ལས་འཛུགས་པ་དང་སྒྱུར་རིགས་ཚང་མ་ཞིབ་མཆན་འགོད་པ་ནས་ཐོ་འགོད་དོ་དམ་བྱེད་པར་བསྒྱུར་ཡོད། ཕྱི་རྒྱལ་གྱི་མ་དངུལ་ཨ་སྒོར་དུང་ཕྱུར་1300དངོས་སུ་སྤྱད་ཅིང་། སྔར་བཞིན་དར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཨང་དང་པོ་ཟིན་ཡོད།

    བཞི་ནས་གསར་གཏོད་ཀྱི་སྐུལ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་བ་དང་། འགུལ་ནུས་གསར་པ་མགྱོགས་པོ་སྐྱེད་ཡོད། “དྲ་སྦྲེལ་+”གྱི་བྱ་སྤྱོད་དང་རྒྱལ་ཁབ་ཀྱི་གཞི་གྲངས་ཆེན་མོའི་འཐབ་ཇུས་གཏིང་ཟབ་སྤེལ་བ་དང་། 《ཀྲུང་གོས་བསྐྲུན་པའི་2025ལོ》ཕྱོགས་ཡོངས་ནས་དོན་འཁྱོལ། “གསར་གཏོད་གཉིས”ཀྱི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཡོད། 2030ལོར་ཁ་ཕྱོགས་པའི་ཚན་རྩལ་གསར་གཏོད་ཀྱི་རྣམ་གྲངས་གལ་ཆེན་གྱི་བཀོད་པ་བཏིང་ནས་འགོ་འཛུགས་པ་དང་། པེ་ཅིང་དང་། ཧྲང་ཧའེ་ཡིས་གོ་ལ་ཧྲིལ་པོར་ཤུགས་ཆེན་ཆེ་བའི་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་པར་རོགས་སྐྱོར་བྱས་ཤིང་། རྒྱལ་ཁབ་ཀྱི་རང་བདག་གསར་གཏོད་དཔེ་སྟོན་ཁུལ་6གསར་འཛུགས་བྱས་ཡོད། རྒྱལ་ནང་དུ་གོ་ཆོད་པའི་ཆེད་ཁེ་གསར་གཏོད་བྱེད་འབོར་སྣ་ཁ་ཁྲི་100ལས་བརྒལ་བ་དང་། ལག་རྩལ་ཉོ་ཚོང་བྱེད་འབོར་སྒོར་དུང་ཕྱུར་ཁྲི་1ལས་བརྒལ་ཡོད། ཚན་རྩལ་ཡར་ཐོན་གྱིས་ལེགས་སྐྱེས་འབུལ་ཚད་56.2%བར་འཕར་བ་དང་། གསར་གཏོད་ཀྱིས་འཕེལ་རྒྱས་ལ་འདེགས་སྐྱོར་གྱི་ནུས་པ་ཐོན་ཚུལ་བསྟུད་མར་ཆེ་རུ་ཕྱིན་པ་རེད།

    ལྔ་ནས་ས་ཁོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་བྱས་པ་དང་། འཕར་སྣེ་གསར་པའི་འཕར་རྒྱུད་གང་མྱུར་ཆགས་པར་བྱས་ཡོད། “རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་དང་། པེ་ཅིང་ཐེན་ཅིན་ཧོ་པེ་གསུམ་ལྷན་དུ་འཕེལ་རྒྱས། འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་བཅས་ཀྱི་འཐབ་ཇུས་ཆེན་པོ་གསུམ་དོན་འཁྱོལ་གཏིང་ཟབ་བྱས་ཏེ། རྣམ་གྲངས་གལ་ཆེན་ཁག་ཅིག་སྐྲུན་འགོ་བརྩམས་ཡོད། ནུབ་རྒྱུད་གསར་སྤེལ་ཆེན་པོའི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་བཟོས་པ་དང་། བྱང་ཤར་དར་རྒྱས་ཡོང་བར་བྱེད་པའི་རེས་འཁོར་འཐབ་ཇུས་གསར་པ་དོན་འཁྱོལ། དབུས་རྒྱུད་ཁུལ་དར་བའི་སྐུལ་འདེད། ཤར་རྒྱུད་ཁུལ་སྔོན་ལ་འཕེལ་རྒྱས་ཡོང་བའི་རོགས་སྐྱོར་བཅས་བྱས་ཡོད། གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་གང་མྱུར་འཕེལ་རྒྱས་བཏང་བ་དང་། ཐེམ་དུད་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ། སྡོད་གནས་ཀྱི་ལག་ཁྱེར་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་སྤེལ་བཅས་བྱས་པ་དང་། གྲོང་ཁྱེར་དུ་གཞིས་ཆགས་མཁན་མི་གྲངས་ཁྲི་1600གསར་སྣོན་བྱུང་ཡོད། འཕེལ་རྒྱས་ཀྱི་མཉམ་ལས་ཕན་ནུས་ཉིས་བརྩེག་རྒྱུན་མ་ཆད་པར་མངོན་ཡོད།

    དྲུག་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། ལྗང་མདོག་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་དམིགས་ཚད་དཔྱད་གདེང་བྱེད་ཐབས་གཏན་འབེབས་ལག་བསྟར་བྱས་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་ཚོད་ལྟ་ཁུལ་འཛུགས་སྐྱོང་བྱས་ཡོད། རླུང་ཁམས་ཆེན་མོའི་སྦགས་བཙོག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། དབྱང་གཉིས་ཟི་རྫས་དང་། ཏཱན་དབྱང་འགྱུར་རྫས་ཀྱི་འབོར་ཚད་སོ་སོར་5.6%དང་4%ཆག་པ། གཙོ་གནད་གྲོང་ཁྱེར་74ཡི་ལོ་རེའི་ཕྲ་རྡུལ(PM2.5)གར་ཚད་ཆ་སྙོམས་9.1%ཆག་ཡོད། ནུས་ཁུངས་ཀྱི་གྲུབ་ཚུལ་བཟང་པོར་བསྒྱུར་པ་དང་། ནུས་ཁུངས་གཙང་མའི་འཛད་སྤྱོད་ཀྱི་བསྡུར་ཚད་བརྒྱ་ཆའི་གཞི་གྲངས་1.7མཐོ་རུ་ཕྱིན་པ། རྡོ་སོལ་འཛད་སྤྱོད་ཀྱི་བསྡུར་ཚད་བརྒྱ་ཆའི་གཞི་གྲངས་2ཆག་ཡོད། ཆུའི་སྦགས་བཙོག་བཅོས་སྐྱོང་བྱས་པ་དང་། ས་རྒྱུའི་སྦགས་བཙོག་འགོག་བཅོས་ཀྱི་འཆར་གཞི་བཏོན་པ་རེད། ཀྲུང་དབྱང་གིས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བྱས་པ་དང་། ཁོར་ཡུག་གི་བཅའ་ཁྲིམས་ལས་འགལ་བའི་གྱོད་དོན་ཁག་ཅིག་རྩད་ཞིབ་ཐག་གཅོད་ནན་པོར་བྱས་པས། ཁོར་ཡུག་སྲུང་སྐྱོང་གི་ལས་དོན་གཏིང་ཟབ་ཏུ་སྤེལ་བར་སྐུལ་མ་ཐེབས་ཡོད།

    བདུན་ནས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་ལ་དོ་སྣང་བྱས་པས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་ཆེ་རུ་ཕྱིན་ཡོད། ནོར་སྲིད་ཀྱི་གཏོང་ཡོང་གནོན་ཤུགས་ཇེ་ཆེར་ཕྱིན་པའི་གནས་ཚུལ་འོག དམངས་འཚོའི་འཇོག་བྱ་མུ་མཐུད་མང་དུ་བཏང་ཡོད། ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་གསར་པ་བཏོན་པ་དང་། གཙོ་གནད་མི་ཚོགས་དང་། གཙོ་གནད་ས་ཁུལ་གྱི་ལས་ཞུགས་ལས་དོན་ཏན་ཏིག་ངང་ནས་ཡག་པོར་བསྒྲུབས་ཡོད། ཕྱོགས་ཡོངས་ནས་དབུལ་བྲལ་འགག་སྒྲོལ་བྱས་པ་དང་། རྒྱལ་ཡོངས་ཀྱི་ནོར་སྲིད་ཀྱིས་དབུལ་སྐྱོར་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་1000ལས་བརྒལ་བ་བཞག་ཡོད། མ་མཐའི་འགན་སྲུང་དང་། གཟིགས་སྐྱོང་། རྒན་ཡོལ་ཞུ་མཁན་བཅས་ཀྱི་གཞི་རྩའི་རྒན་གསོའི་དངུལ་སོགས་པའི་ཚད་གཞི་མཐོ་རུ་བཏང་ཞིང་། དཀའ་ངལ་ཡོད་པ་དང་དབང་པོ་སྐྱོན་ཅན་ཚབས་ཆེན་མི་གྲངས་ཁྲི་1700ལྷག་ཙམ་ལ་འཚོ་བའམ་བདག་སྐྱོང་གི་ཁ་གསབ་དངུལ་སྤྲད་ཡོད། ནོར་སྲིད་རང་བཞིན་གྱི་སློབ་གསོའི་གྲོན་དངུལ་གཏོང་སྒོས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་མུ་མཐུད་དེ་4%ལས་བརྒལ་ཡོད། གཙོ་གནད་མཐོ་རིམ་སློབ་གྲྭར་དབུལ་ཕོངས་ས་ཁུལ་གྱི་གྲོང་གསེབ་སློབ་མ་མི་གྲངས་བསྡུ་ཚད་21.3%འཕར་ཡོད། གྲོང་གསེབ་ཀྱི་དབུལ་ཕོངས་ཁྱིམ་དུད་ཀྱི་སློབ་མར་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་ཡོན་རྩག་རྩིག་རྩ་ཆག་བཏང་བ་དང་། ལོ་ཧྲིལ་པོར་སློབ་གྲྭ་རིམ་གྲས་ཁག་གི་སློབ་མའི་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་མ་ཐེངས་གྲངས་ཁྲི་8400ལྷག་ཙམ་ལ་རོགས་དངུལ་སྤྲད་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འགན་བཅོལ་ལམ་ལུགས་ལེགས་སྒྲིག་བྱས་པ་དང་། ནོར་སྲིད་ཀྱི་ཁ་གསབ་བྱེད་ཚད་མཐོ་རུ་བཏང་བ། མ་མཐའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་གྲོན་དངུལ་མང་དུ་བཏང་བ་བཅས་བྱས་ཡོད། ནད་གཞི་ཆེ་རིགས་འགན་བཅོལ་ཡོངས་སུ་ཁེབས་པར་བྱས་པ་དང་། གཏན་འབེབས་དང་མཐུན་པའི་ཞིང་ཆེན་ནང་ཁོངས་སུ་སྨན་བཅོས་དང་སྨན་ཁང་དུ་བསྡད་པའི་འགྲོ་གྲོན་ཐད་ཀར་རྩིས་སྤྲོད་རྩིས་རྒྱག་ཆོག་པར་བྱས་ཡོད། གཞི་རིམ་གྱི་སྤྱི་པའི་རིག་གནས་ཞབས་འདེགས་ཞུ་ཤུགས་ཆེ་རུ་བཏང་ཡོད། དམངས་ཡོངས་ཀྱི་ལུས་སྦྱོང་འཆར་གཞི་དོན་འཁྱོལ་བྱས་པ་དང་། ལུས་རྩལ་པས་ལི་ཡོག་ཨོ་རྩལ་འགྲན་ཚོགས་དང་། དབང་པོ་སྐྱོན་ཅན་པའི་འགྲན་ཚོགས་ཐོག་སླར་ཡང་གྲུབ་འབྲས་གཡུར་ཟ་བླངས་ཡོད། ན་ནིང་ས་ཁུལ་ཆ་ཤས་དང་ལྷག་པར་དུ་འབྲི་ཆུ་འབབ་རྒྱུད་དུ་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཚབས་ཆེན་བྱུང་སྐབས། དུས་ཐོག་ཏུ་ཉེན་སེལ་གུད་སྐྱོབ་ནུས་ལྡན་དང་། མི་ཐེངས་གྲངས་ཁྲི་900ལྷག་ཙམ་འཕྲལ་མར་སྤོ་སྒྱུར་བཀོད་སྒྲིག་བྱས་པས། གནོད་འཚེའི་གྱོང་གུན་གཅོག་གང་ཐུབ་བྱུང་བ་དང་། སླར་གསོ་བསྐྱར་སྐྲུན་གོ་རིམ་ལྡན་པར་ཐུབ་ཡོད།

    བརྒྱད་ནས་སྲིད་གཞུང་ལེགས་སྐྱོང་དང་བཅོས་སྐྱོང་གསར་གཏོད་བྱས་པ་དང་། སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་གནས་རྒྱུན་འཁྱོངས་བྱས་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ལྷན་ལ་བཅའ་ཁྲིམས་ཀྱི་གྲོས་གཞི་ངོ་གྲངས་13ལ་གྲོས་ཞིབ་བྱེད་རེ་བཏོན་པ་དང་། སྲིད་འཛིན་ཁྲིམས་སྲོལ་ངོ་གྲངས་8གཏན་འབེབས་དང་དག་བཅོས་བྱས་ཡོད། སྤྱི་པའི་ཇུས་ཐག་གཅོད་པར་དམངས་འདོད་བསྡུ་ལེན་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འགོ་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་ཐག་གཅོད་ནན་ཏན་བྱས་ཡོད། སྲིད་དོན་ཡོངས་བསྒྲགས་ཁྱབ་སྤེལ་བྱས་པ་དང་། ཞིང་ཆེན་རིམ་པའི་སྲིད་གཞུང་སྡེ་ཚན་གྱི་དབང་ཆ་དང་འགན་འཁྲི་གསལ་ཐོ་ཕྱོགས་ཡོངས་ནས་ཡོངས་བསྒྲགས་བྱས་ཡོད། ལྟ་ཞིབ་འགན་འདྲི་བྱེད་ཤུགས་ཆེ་རུ་བཏང་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ཆེན་མོ་བྱེད་ཐེངས་གསུམ་པ་རྩ་འཛུགས་ཁྱབ་སྤེལ་བྱས་ཏེ། ཐོན་ནུས་དོར་བ་དང་། དམངས་ཁྲོད་ཀྱི་མ་དངུལ་འཇོག་པ་སོགས་པའི་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་ལ་ཆེད་དོན་ལྟ་ཞིབ་དང་ཕུང་གསུམ་པས་དཔྱད་དཔོག་བྱས་པ་དང་། ས་ཁུལ་འགའ་ཞིག་གིས་གཏན་འབེབས་ལས་འགལ་ཏེ་ངར་ལྕགས་ཀྱི་རྣམ་གྲངས་གསར་པ་སྐྲུན་པ་དང་། “ས་གནས་ཀྱི་ངར་ལྕགས”ཐོན་སྐྱེད་བྲིན་འཚོང་བྱེད་པ་སོགས་ཀྱི་བྱ་སྤྱོད་ཞིབ་རྩད་ཐག་གཅོད་ནན་པོར་བྱས་ཡོད། ཐོན་སྐྱེད་བདེ་འཇགས་ཀྱི་ལས་ཀ་བྱེད་ཤུགས་ཆེ་རུ་བཏང་བས། ལས་འཛོལ་བྱུང་འབོར་དང་ལས་འཛོལ་ཆེན་པོ་དང་ལས་འཛོལ་དམིགས་བསལ་ཆེན་པོ་ཤོར་གྲངས་མུ་མཐུད་ཆག་ཡོད། སྤྱི་ཚོགས་བདེ་སྐྱོང་གི་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཁྲིམས་འགལ་ཉེས་གསོག་ལ་ཁྲིམས་མཐུན་ལྟར་རྡུང་རྡེག་བཏང་བས། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་པའི་བདེ་འཇགས་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད།

    “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་དང་སློབ་གསོ་ཏན་ཏིག་སྤེལ་བ་དང་། ཏང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་ནན་ཏན། “སྤྱོད་ཚུལ་བཞི”ཡོ་བསྲང་མཐའ་གཅིག་ཏུ་བྱས་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི“གཏན་ལ་ཕབ་པའི་དོན་ཚན་ཁག”ལག་བསྟར་ནན་པོ་བཅས་བྱས་ཏེ། རུལ་སུངས་པ་ཁག་གཅིག་ལ་ཁྲིམས་མཐུན་ལྟར་ཁྲིམས་ཆད་བཅད་པས། རུལ་རྒོལ་འཐབ་རྩོད་ལ་ཟིལ་གནོན་རང་བཞིན་གྱི་རྣམ་པ་ཆགས་ཡོད།

    འདས་པའི་ལོ་གཅིག་གི་རིང་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་སོགས་པའི་རྒྱལ་ཁབ་ཀྱི་དབུ་ཁྲིད་པས་རྒྱལ་ཁབ་མང་པོར་འཚམས་འདྲིར་ཕེབས་པ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་ཚོགས་པའི་འགོ་ཁྲིད་ཀྱི་དངོས་གཞི་མིན་པའི་ཚོགས་འདུ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས། འབོ་གསེར་རྒྱལ་ཁབ་ཀྱི་དབུ་ཁྲིད་པའི་ཐུག་འཕྲད། ཉིང་རྡུལ་བདེ་འཇགས་ཀྱི་དབུ་ཚོགས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིམ་མཐོའི་གྲོས་ཚོགས་རབ་དང་རིམ་པ། ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་འགོ་གཙོའི་གྲོས་ཚོགས། ཨེ་ཤེ་ཡ་ཤར་མ་མཉམ་ལས་ཀྱི་དབུ་ཁྲིད་པའི་གྲོས་ཚོགས་རབ་དང་རིམ་པ་སོགས་ཀྱི་བྱེད་སྒོ་གལ་ཆེན་ལ་ཞུགས་ཡོད། རྫ་ཆུ་དང་མེ་ཀུང་གཙང་པོ་རྒྱུགས་ཁུལ་བར་མཉམ་ལས་ཀྱི་དབུ་ཁྲིད་པའི་གྲོས་ཚོགས་ཐོག་མ་འཚོགས་པ་ལམ་ལྷོང་བྱུང་ཡོད། རྒྱལ་ཁབ་ཆེན་པོ་གཙོ་བོ་དང་མཐུན་སྦྱོར་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་ཐུབ་པ་དང་། ཉེ་འཁོར་རྒྱལ་ཁབ་དང་ཕྱོགས་ཡོངས་ནས་མཉམ་ལས་རྒྱུན་མཐུད་ཐུབ་པ། དར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཛའ་མཐུན་མཉམ་ལས་རྒྱུན་མ་ཆད་པར་ཇེ་ཟབ། མཉམ་འབྲེལ་རྒྱལ་ཚོགས་སོགས་པའི་རྒྱལ་སྤྱིའི་རྩ་འཛུགས་དང་འབྲེལ་བ་སྔར་ལས་དམ་ཟབ་བཅས་བྱས་ཡོད། གོ་ལ་ཧྲིལ་པོ་བཅོས་སྐྱོང་གི་མ་ལག་སྒྱུར་བཅོས་དང་འཐུས་ཚང་ཡོང་བ་ཧུར་ཐག་བྱས་ཡོད། 《ཕ་རི་སིའི་གྲོས་མཐུན》གོ་ཆོད་ཡོང་བར་བྱས་ཡོད། དཔལ་འབྱོར་གྱི་ཕྱི་འབྲེལ་དང་། མི་ཆོས་སྤེལ་རེས་ལ་གྲུབ་འབྲས་གཡུར་ཟ་ཐོབ་ཡོད། རྒྱལ་ཁབ་ཀྱི་མངའ་ཁོངས་བདག་དབང་དང་མཚོ་རྒྱུད་བདག་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཡོད། ཀྲུང་གོ་ནི་འགན་འཁྲི་འཁུར་མཁན་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ངོས་ནས། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་དུ་དགེ་མཚན་ལྡན་པའི་ནུས་པ་བཏོན་ཏེ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

    ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་95འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་ཤིང་། ཀྲུང་གོའི་བཟོ་ཞིང་དམར་དམག་གི་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པ། ང་ཚོའི་ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་དུ་སྐྱོད་པ་དང་། དཀའ་ངལ་མཐའ་དག་ལས་རྣམ་པར་རྒྱལ་བར་བྱེད་པའི་འགྱུར་མེད་ཀྱི་བློ་སྟོབས་གསལ་སྟོན་བྱས་པ། རྒྱལ་ཡོངས་མི་དམངས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཡག་པོར་སྐྱོད་པ་བཅས་བྱས་ཏེ། རྒྱུན་མ་ཆད་པར་རྒྱལ་ཁ་གསར་པ་ལེན་པའི་ཆོད་སེམས་འགྱུར་མེད་མངོན་པར་བྱས་ཡོད།

    འཐུས་མི་རྣམ་པ།

    འདས་པའི་ལོ་གཅིག་རིང་ལ་ཐོབ་པའི་གྲུབ་འབྲས་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དབུ་ཁྲིད་ཡང་དག་གནང་བའི་འབྲས་བུ་ཡིན་པ་དང་། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་ཡིན་པས། ངས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། དམངས་གཙོའི་ཏང་ཤོག་ཁག མི་དམངས་ཀྱི་ཚོགས་པ་ཁག ལས་རིགས་ཁག་གི་མི་སྣ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། སྤུན་ཟླ་ཐའེ་ཝན་པ་དང་ཕྱིར་སྡོད་སྤུན་ཟླ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    ཀྲུང་གོའི་དེང་རབས་ཅན་གྱི་འཛུགས་སྐྲུན་བྱ་གཞག་ལ་ཐུགས་ཁུར་དང་རོགས་སྐྱོར་གནང་མཁན་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་། རྒྱལ་སྤྱིའི་རྩ་འཛུགས། རྒྱལ་ཁབ་ཁག་གི་གྲོགས་པོ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་དུ་དཀའ་ངལ་དང་གནད་དོན་མི་ཉུང་བ་གནས་ཡོད་པའང་ང་ཚོས་རིག་པ་དྭངས་གསལ་གྱིས་ཤེས་བཞིན་ཡོད་དེ། དཔལ་འབྱོར་འཕེལ་བར་བྱེད་པའི་གཏིང་གི་སྒུལ་ཤུགས་སྔར་བཞིན་ཆེ་རུ་གཏོང་དགོས་པ་དང་། ལས་རིགས་ཁ་ཤས་ཀྱི་ཐོན་ནུས་ལྷག་ཚབས་ཆེ་བ། ཁེ་ལས་འགའ་ཞིག་གི་ཐོན་སྐྱེད་གཉེར་སྐྱོང་དཀའ་ངལ་ཆེ་ཙམ་ཡོད་པ། ས་ཁུལ་གྱི་དཔལ་འབྱོར་འཕེལ་ཚུལ་ཁ་ཐོར་ཡིན་པ། ནོར་སྲིད་ཀྱི་གཏོང་ཡོང་འགལ་བ་ཆེ་ཙམ་ཡོད་པ། དཔལ་འབྱོར་དངུལ་རྩའི་ཉམས་ཉེན་འབྱུང་གཞིར་སྣང་ཆུང་བྱེད་མི་རུང་བཅས་རེད། ཁོར་ཡུག་སྦགས་བཙོག་གི་གནས་བབ་སྔར་བཞིན་ཛ་དྲག་ཆེ་བ་དང་། ལྷག་པར་དུ་ས་ཁུལ་ཁ་ཤས་སུ་སྨུག་རྡུལ་ཚབས་ཆེན་ཡང་ཡང་ཐོན་པས། བཅོས་སྐྱོང་བྱེད་ཐབས་སྔར་ལས་ཆེ་རུ་གཏོང་དགོས་ཀྱི་ཡོད། སྡོད་ཁང་དང་། སློབ་གསོ། སྨན་བཅོས། རྒན་གསོ། ཟས་རིགས་དང་སྨན་རྫས་ཉེན་མེད། ཡོང་སྒོ་བགོ་བཤའ་སོགས་པའི་ཐད་ལའང་མི་དམངས་མང་ཚོགས་མ་མོས་ས་ད་དུང་མང་པོ་ཡོད་པ་རེད། རྡོ་སོལ་དང་། ཨར་ལས། འགྲིམ་འགྲུལ་སོགས་པའི་ཁྱབ་ཁོངས་སུ་བདེ་འཇགས་ཀྱི་དོན་རྐྱེན་ཚབས་ཆེན་འགའ་ཞིག་ཐོན་པ་ནི་བློ་ཕམ་རུང་བ་རེད། སྲིད་གཞུང་གི་ལས་དོན་ལ་མི་འདང་བའི་ཆ་ཡོད་པ་དང་། སྒྱུར་བཅོས་དང་སྲིད་ཇུས་ཀྱི་བྱེད་ཐབས་ཁ་ཤས་དོན་ཐོག་ཏུ་འཁྱོལ་མེད་དེ། ཁེ་ལས་དང་འབྲེལ་བའི་འགྲོ་གྲོན་བསྡུ་གྲངས་མང་བ་དང་། མང་ཚོགས་ཀྱི་བྱ་བ་སྒྲུབ་དཀའ་བ་སོགས་ཀྱི་གནད་དོན་སྔར་བཞིན་མངོན་གསལ་དོད་པ། སྲིད་འཛིན་ཁྲིམས་བསྟར་ཁྲོད་དུ་ཚད་དང་མི་མཐུན་པ་དང་། དྲང་བདེན་མིན་པ། ཚུལ་མིན་བཅས་ཀྱི་གནད་དོན་ལྷག་ཡོད་ཅིང་། ལས་བྱེད་པ་ཉུང་ཤས་ཀྱིས་སྲིད་འཛིན་སྒྱིད་ལུག་དང་སྣང་མེད་དུ་གཏོང་བ་དང་། ཁག་འགན་དཀྲི་རེས་བྱེད་པ། ཁྱབ་ཁོངས་ཁག་གཅིག་ཏུ་རུལ་སུངས་ཀྱི་གནད་དོན་རྟག་ཏུ་ཐོན་གྱི་ཡོད། ང་ཚོས་ངེས་པར་དུ་འགྲན་སློང་ལ་ཐད་ཀར་ཕྱོགས་པ་དང་། འགན་འཁུར་ཕོད་པར་བྱས་ཏེ། ནུས་ཤུགས་ཡོད་རྒུ་བཏོན་ནས་སྲིད་གཞུང་གི་ལས་དོན་ཡག་པོར་སྒྲུབ་སྟེ། ལོ་རྒྱུས་ཀྱི་ལས་འགན་ལ་ངོ་མི་གནོང་བ་དང་། མི་དམངས་ཀྱི་མངག་བཅོལ་གལ་ཆེན་སྟོང་ཟད་དུ་མི་གཏོང་བ་བཅས་བྱེད་རྒྱུ་ཡིན།

    གཉིས། 2017ལོའི་ལས་དོན་སྤྱི་ཡོངས་ཀྱི་བཀོད་སྒྲིག

    ད་ལོར་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་སྐོང་འཚོག་བྱེད་རྒྱུ་ཡིན་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཁྲོད་དུ་དོན་སྙིང་གལ་ཆེན་ལྡན་པའི་ལོ་ཞིག་རེད། སྲིད་གཞུང་གི་ལས་དོན་ལེགས་པར་སྒྲུབ་པར། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབུ་ཁྲིད་འོག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་དོན་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་དགོངས་དོན་གལ་ཆེན་རབ་དང་རིམ་པ་དང་། རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་དོན་འཁྱོལ་གཏིང་ཟབ་བྱས་ཐོག “གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་ཐོག་སྐུལ་འདེད་དང་“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། བརྟན་པོའི་ངང་འཕེལ་རྒྱས་ཡོང་བར་བྱེད་པའི་ལས་ཀའི་དགོངས་གཞི་གཙོ་བོ་མཐའ་འཁྱོངས། གོང་སྤེལ་གྱི་ལྟ་བ་གསར་པ་བརྟན་པོར་འཆང་བ་དང་དོན་འཁྱོལ་མཐར་ཕྱིན། དཔལ་འབྱོར་གོང་སྤེལ་གྱི་རྒྱུན་རྣམ་གསར་པ་དམ་འཛིན་དང་སྣེ་ཁྲིད་བྱེད་པར་འཚམ་པ། གོང་སྤེལ་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་ལྟེ་བར་འཛིན་པ་མཐའ་འཁྱོངས། སྤྱི་ཁོག་སྲིད་ཇུས་བརྟན་པོ་དང་། ཐོན་ལས་སྲིད་ཇུས་གནད་འཁེལ། ཕྲ་མཐོང་གི་སྲིད་ཇུས་འཁྲུག་པོ། སྒྱུར་བཅོས་ཀྱི་སྲིད་ཇུས་དོན་ལ་གནས་པ། སྤྱི་ཚོགས་ཀྱི་སྲིད་ཇུས་འདེགས་སྐྱོར་བཅས་ཀྱི་སྲིད་ཇུས་རིག་ལམ་མཐའ་འཁྱོངས་བྱེད་རྒྱུ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་འཛིན་པ་དང་། སྤྱིའི་དགོས་མཁོ་ཆེ་རུ་འཚམ་པོར་གཏོང་བ། སྔོན་དཔག་གི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། གསར་གཏོད་སྐུལ་སྤེལ་གཏིང་ཟབ་ཏུ་གཏོང་བ། འཕར་སྣོན་བརྟན་པོ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུལ་ཚུལ་ལེགས་སྒྲིག དམངས་འཚོར་ཕན་པ། ཉེན་ཁ་འགོག་པ་བཅས་ཀྱི་ལས་དོན་ཕྱོགས་ཡོངས་ནས་ཡག་པོར་བསྒྲུབ་རྒྱུ་དང་། དཔལ་འབྱོར་བརྟན་ཞིང་སྐྱོན་བྲལ་ངང་གོང་འཕེལ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་བྱས་ཏེ། གྲུབ་འབྲས་ཕུལ་དུ་བྱུང་བར་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་རྒྱལ་ཁའི་ངང་སྐོང་འཚོག་བྱེད་པར་བསུ་བ་ཞུ་རྒྱུ་ཡིན།

    རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་ཕྱོགས་བསྡུས་ཀྱིས་དབྱེ་ཞིབ་བྱས་ཚེ། ང་ཚོས་རྙོག་འཛིང་སྔར་ལས་ཆེ་བའི་གནས་བབ་ལ་ཁ་གཏད་འཇལ་བའི་གྲ་སྒྲིག་གང་ལེགས་བྱེད་རྒྱུ་ཡིན། འཛམ་གླིང་གི་དཔལ་འབྱོར་འཕར་ཚད་ཞན་པའི་གནས་བབ་སྔར་བཞིན་རྒྱུན་མཐུད་རྒྱུ་ཡིན་པ་དང་། “གོ་ལ་ཧྲིལ་པོ་ལས་ལྡོག་པའི”བསམ་རྒྱུན་དང་སྲུང་སྐྱོང་རིང་ལུགས་ཀྱི་ཕྱོགས་ལྷུང་ཐོན་འགོ་ཚུགས་པ། དཔལ་འབྱོར་དངོས་ཚན་གཙོ་བོའི་སྲིད་ཇུས་ཀྱི་འཕེལ་ཕྱོགས་དང་ཕྱིར་འཛིར་ནུས་སྣང་འགྱུར་གཞི་ཆེ་བ་དང་། བརྟན་ལྷིང་མིན་པ་དང་ངེས་གཏན་མིན་པའི་རྒྱུ་རྐྱེན་མངོན་གསལ་མང་དུ་ཕྱིན་ཡོད། རང་རྒྱལ་གྱི་འཕེལ་རྒྱས་ནི་འགག་སྒྲོལ་རྙོག་སེལ་གྱི་འགག་རྩའི་དུས་རིམ་དུ་སླེབས་ཡོད་པ་དང་། དཔལ་འབྱོར་འཁོར་སྐྱོད་ལ་འགལ་བ་དང་གནད་དོན་འབུར་ཐོན་མི་ཉུང་བ་གནས་ཡོད་པས། དཀའ་ངལ་ལ་སྣང་ཆུང་བྱེད་མི་རུང་ལ། བློ་གདེང་ལའང་གཡོ་འགུལ་ཐེབས་མི་རུང་། རང་རྒྱལ་གྱི་དངོས་པོའི་རྨང་གཞི་སྟོབས་ཆེ་བ་དང་། མི་ཤུགས་ཐོན་ཁུངས་འདང་ངེས་ཡིན་ཞིང་། ཚོང་རའི་གཞི་ཁྱོན་གཏོས་ཆེ་བ་དང་། ཐོན་ལས་ཆ་འགྲིག་ཏུ་འཛོམས་པ། ཚན་རྩལ་ཡར་ཐོན་མྱུར་བ། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་བ། དཔལ་འབྱོར་འཕེལ་རྒྱས་གཏོང་བར་འདེགས་སྐྱོར་གྱི་ཆ་རྐྱེན་བཟང་པོ་ཡོད་ལ། སྤྱི་ཁོག་སྙོམས་སྒྲིག་བྱེད་པར་གསར་དུ་གཏོད་ཐབས་དང་སྲིད་ཇུས་ཀྱི་གྲབས་འཇོག་མང་པོ་བྱས་ཡོད། ཏང་གི་ཞུམ་མེད་དབུ་ཁྲིད་ལྡན་པ་དང་། ཏང་གི་གཞི་རྩའི་ལམ་ཕྱོགས་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་པ། མི་དམངས་མང་ཚོགས་ཀྱི་ཟད་མཐའ་མེད་པའི་གསར་གཏོད་ཀྱི་ནུས་པར་བརྟེན་པ། མི་ཁྲི་སེམས་གཅིག་དང་ནུས་ཤུགས་གང་ཡོད་ཀྱིས་འབད་འཐབ་བྱས་ཕྱིན། རང་རྒྱལ་འཕེལ་རྒྱས་ཡོང་བར་འོད་སྟོང་འབར་བའི་གྲུབ་འབྲས་གསར་པ་གཏོད་ཐུབ་ངེས་ཡིན་པ་ང་ཚོས་ཡིད་ཆེས་བརྟན་པོ་བྱེད་བཞིན་ཡོད།

    ད་ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་ནི། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་6.5%ཡས་མས་འཕར་བར་བྱེད་རྒྱུ་དང་། ལས་ཀ་དངོས་ཀྱི་ནང་གྲུབ་འབྲས་དེ་བས་ཡག་པོ་ཐོབ་པར་བྱེད་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་3%ཡས་མས་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཀར་ཞུགས་མི་ཁྲི་1100ཡན་འཕར་བ། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཤོར་ཐོ་འགོད་བྱེད་ཚད་4.5%ནང་ཚུན་ཚོད་འཛིན། ཕྱིར་གཏོང་ནང་འདྲེན་བསྐྱར་བརྟན་བཟང་འགྱུར་དང་། རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་མཉམ་ཡོང་བ། གྲོང་མིའི་ཡོང་སྒོ་དང་དཔལ་འབྱོར་འཕེལ་རྒྱས་རྩ་བའི་ཆ་ནས་དོ་མཉམ་པ་བཅས་བྱེད་རྒྱུ། རྩིས་གཞི་རེའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་ཁུངས་ཟད་གྲོན་3.4%ཡན་ཆག་པ་དང་། སྦགས་བཙོག་དངོས་རིགས་གཙོ་བོ་འབུད་ཚད་མུ་མཐུད་ཇེ་ཉུང་དུ་གཏོང་རྒྱུ།

    ད་ལོའི་དཔལ་འབྱོར་གོང་འཕེལ་གྱི་སྔོན་དཔག་དམིགས་འབེན་ནི། དཔལ་འབྱོར་གྱི་ཆོས་ཉིད་ཕྱི་རོལ་ཡུལ་གྱི་དོན་དངོས་དང་མཐུན་པས། སྔོན་དཔག་གི་སྣེ་ཁྲིད་དང་བརྟན་ཏུ་གཏོང་བ་དང་། གྲུབ་ཚུལ་ལེགས་སྒྲིག་ལ་ཕན་ཐོགས་ཡོད་ལ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་རྒྱུའི་སྤྱི་ཚོགས་ཀྱི་དགོས་མཁོ་དང་འབྲེལ་མཐུད་བྱེད་རྒྱུར་ཡང་ཕན་ཐོགས་ཡོད། བརྟན་པོའི་ངང་གོང་འཕེལ་ཡོང་བའི་དམིགས་ཡུལ་གཙོ་བོ་ནི་ལས་ཞུགས་འགན་ལེན་དང་དམངས་འཚོར་ཕན་པའི་ཆེད་དུ་ཡིན། ད་ལོའི་ལས་ཞུགས་གནོན་ཤུགས་ཆེ་རུ་སོང་ཡོད་པས། ལས་ཞུགས་སྔོན་འཛིན་གྱི་འཐབ་ཇུས་མཐའ་འཁྱོངས་བྱེད་རྒྱུ་དང་། ལས་ཞུགས་སྲིད་ཇུས་སྔར་ལས་དགེ་མཚན་ཆེ་བ་ལག་བསྟར་བྱེད་རྒྱུ་ཡིན། གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་འཕར་ལས་ཞུགས་ཀྱི་སྔོན་དཔག་དམིགས་འབེན་ན་ནིང་ལས་མི་ཁྲི་100འཕར་སྣོན་ཡོང་བར་བྱེད་རྒྱུ་ཡིན་པས། ལས་ཞུགས་ཀྱི་ཕྱོགས་སྟོན་ལ་སྔར་བས་མཐོང་ཆེན་བྱེད་ཚུལ་འབུར་དུ་ཐོན་ཡོད། དཔལ་འབྱོར་གྱི་གཞི་རྩའི་ངོས་དང་ལས་ཞུགས་འགུགས་ནུས་ལ་བལྟས་ཚེ། དམིགས་ཚད་འདི་ནི་འབད་འཐབ་བྱེད་པར་བརྟེན་ཕྱིན་མངོན་འགྱུར་ཐུབ་རྒྱུ་རེད།

    ད་ལོར་དགེ་མཚན་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་དང་བརྟན་ཅིང་སྐྱོན་བྲལ་གྱི་དངུལ་ལོར་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ཏེ། བར་ཁོངས་སྙོམས་སྒྲིག་གི་རྨང་གཞིའི་ཐོག་ཁ་ཕྱོགས་གཏན་འཁེལ་གྱི་སྙོམས་སྒྲིག་དང་སྐབས་བསྟུན་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས། སྔོན་དཔག་རང་བཞིན་དང་། གནད་འཁེལ་རང་བཞིན། ཕན་ཆོད་རང་བཞིན་བཅས་ཆེ་རུ་གཏོང་རྒྱུ། འཛད་སྤྱོད་དང་། དངུལ་འཇོག ས་ཁོངས། ཐོན་ལས། ཁོར་ཡུག་སྲུང་བ་སོགས་པའི་སྲིད་ཇུས་གཙོ་གནད་དུ་མཐུན་སྦྱོར་གཞོགས་འདེགས་བྱས་ཏེ། དཔལ་འབྱོར་འཁོར་རྒྱུགས་ཚུལ་མཐུན་གྱི་བར་ཁོངས་སུ་བྱེད་པའི་འགན་ལེན་བྱེད་རྒྱུ།

    ནོར་སྲིད་སྲིད་ཇུས་ཀྱི་དགེ་མཚན་དང་ནུས་པ་སྔར་ལས་ཆེན་པོ་ཐོན་པར་བྱེད་རྒྱུ། ད་ལོར་ཆད་གྲངས་མཚལ་ཡིག་3%གྱི་ཚད་ལྟར་བཀོད་སྒྲིག་བྱེད་རྩིས་ཡོད་ཅིང་། ནོར་སྲིད་ཀྱི་ཆད་གྲངས་མཚལ་ཡིག་སྒོར་དུང་ཕྱུར་ཁྲི་2.38ཟིན་པར་བྱ་རྒྱུ་དེ། ན་ནིང་ལས་སྒོར་དུང་ཕྱུར་2000སྤར་ཡོད། དེའི་ཁྲོད་ནས། ཀྲུང་དབྱང་ནོར་སྲིད་ཀྱི་ཆད་གྲངས་མཚལ་ཡིག་སྒོར་དུང་ཕྱུར་ཁྲི་1.55དང་། ས་གནས་ནོར་སྲིད་ཀྱི་ཆད་གྲངས་མཚལ་ཡིག་སྒོར་དུང་ཕྱུར་8300བཀོད་སྒྲིག་བྱེད་རྒྱུ་རེད། ས་གནས་ཀྱི་ཆེད་དམིགས་བུན་འཛིན་སྒོར་དུང་ཕྱུར་8000བཀོད་སྒྲིག་བྱེད་རྒྱུ་དང་། ས་གནས་སྲིད་གཞུང་གི་བརྗེ་ལེན་བུན་འཛིན་མུ་མཐུད་འགྲེམ་རྒྱུ་ཡིན། ད་ལོ་ཆད་གྲངས་མཚལ་ཡིག་གི་ཚད་ལ་འགྱུར་བ་གཏོང་རྒྱུ་མིན་ཏེ། གཙོ་བོ་ཁྲལ་གྲོན་གཉིས་སྔར་ལས་ལྷག་པར་གཅོག་པའི་ཆེད་དུ་ཡིན། ལོ་ཧྲིལ་པོར་མུ་མཐུད་ཁེ་ལས་ཀྱི་ཁྲལ་འཁྲི་སྒོར་དུང་ཕྱུར་3500ཡས་མས་ཉུང་དུ་གཏོང་རྒྱུ་ཡིན་པ་དང་། ཁེ་ལས་དང་འབྲེལ་བའི་དངུལ་སྒོར་དུང་ཕྱུར་2000ཙམ་ཟིན་པ་བསྡུས་ནས། ཚོང་རའི་བྱེད་པོར་མིག་མཐོང་གཟུགས་གྲུབ་ཀྱི་མྱོང་ཚོར་ཡོང་བར་བྱེད་རྒྱུ། ནོར་སྲིད་ཀྱི་སྔོན་རྩིས་བཀོད་སྒྲིག་ནི་གཙོ་གནད་འབུར་ཐོན་དང་། འགན་ལེན་དང་གནོན་ཤུགས་ཟུང་ལྡན་དགོས་ཤིང་། ཞན་ཆ་གསབ་ཤུགས་དང་དམངས་འཚོར་ཕན་པར་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུ།

    ས་གནས་ཀྱི་སྤྱིར་བཏང་རང་བཞིན་གྱི་གཏོང་སྤྲོད་བྱེད་ཚད་9.5%འཕར་སྣོན་ཡོང་བར་བྱས་ཏེ། གཙོ་བོ་དོ་མཉམ་རང་བཞིན་གྱི་སྤོ་སྒྱུར་གཏོང་སྤྲོད་དང་དཀའ་ངལ་ཡོད་པའི་ས་ཁུལ་གྱི་ནོར་ཤུགས་ཁ་གསབ་ཏུ་སྣོན་རྒྱུ་ཡིན། གཙོ་གནད་མིན་པའི་གཏོང་སྒོ་གཅོག་རྒྱུ་དང་། ལས་འབྲས་ཞན་པའི་རྣམ་གྲངས་ལ་སྔོན་རྩིས་བཀོད་སྒྲིག་ཉུང་དུ་གཏོང་རྒྱུ། རིམ་ཁག་སྲིད་གཞུང་གིས་འཚོ་བ་སྐྱེལ་མཁས་མཐའ་འཁྱོངས་དང་། ཀྲུང་དབྱང་གི་ཚན་པས་སྣེ་ཁྲིད་དེ། ཚང་མས་སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་5%ལས་མི་ཉུང་བའི་སྒོ་ནས་ཉུང་དུ་གཏོང་རྒྱུ་དང་། “གཞུང་གྲོན་ཁག་གསུམ”མང་དུ་རྩ་བ་ནས་བཏང་མི་ཆོག་ཅིང་། མ་དངུལ་གང་མང་གྲོན་ཆུང་བྱས་ཏེ་ཁྲལ་གྲོན་གཉིས་གཅོག་བྱེད་དུ་སྤྱོད་རྒྱུ་དང་། གྲོན་ཆུང་དམངས་ཕྱུག་གི་གནད་ལུགས་མཐའ་འཁྱོངས་བྱེད་རྒྱུ་ཡིན།

    དངུལ་ལོར་སྲིད་ཇུས་བརྟན་ཞིང་འཚམ་པོ་ཡོང་བ་རྒྱུན་འཛིན་བྱེད་རྒྱུ། ད་ལོ་ཁྱབ་ཆེའི་དངུལ་ལོར་M2དང་། སྤྱི་ཚོགས་ཀྱི་དངུལ་བསྡུའི་འབོར་ཚད་ལྷག་གྲངས་གཉིས་ཀ་སྔོན་དཔག་ལྟར་ན་12%ཡས་མས་འཕར་བར་བྱེད་རྒྱུ། དངུལ་ལོར་སྲིད་ཇུས་ཀྱི་བྱེད་ཐབས་ཕྱོགས་བསྡུས་ཀྱིས་ཡག་པོར་སྤྱད་ནས། འཁོར་རྒྱུག་རང་བཞིན་གཞི་རྩའི་ཆ་ནས་བརྟན་སྲུང་དང་། ཚོང་རའི་སྐྱེད་ཚད་ལ་ཁྲིད་སྟོན་ཚུལ་དང་མཐུན་པར་བྱེད་པ། བརྒྱུད་ཁྲིད་ལམ་སྲོལ་གཤོང་བ། དངུལ་རྩའི་ཐོན་ཁུངས་དེ་བས་མང་པོ་དངོས་གཞིའི་དཔལ་འབྱོར་ཕྱོགས་སུ་འགྲོ་རྒྱུག་བྱེད་པར་སྐུལ་འདེད་གཏོང་བ་དང་། ལྷག་པར་དུ“ཞིང་གསུམ”དང་ཁེ་ལས་ཆུང་ཕྲན་ལ་རྒྱབ་སྐྱོར་བྱེད་རྒྱུ། དངུལ་བརྗེས་ཚོང་ར་ཅན་དུ་སྒྱུར་བཅོས་བྱེད་པའི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ། རྒྱལ་སྤྱིའི་དངུལ་ལོར་མ་ལག་ཁྲོད་ཀྱི་མི་དམངས་ཤོག་སྒོར་གྱི་གནས་བབ་བརྟན་པོར་རྒྱུན་འཛིན་བྱེད་རྒྱུ་ཡིན།

    ད་ལོའི་སྲིད་གཞུང་གི་ལས་དོན་ཡག་པོ་སྒྲུབ་པར། གཤམ་གསལ་ཕྱོགས་ཁག་དམ་འཛིན་བྱེད་དགོས་ཏེ། གཅིག་ནས་བརྟན་པོའི་ངང་ནས་གོང་འཕེལ་ཡོང་བར་བྱེད་པའི་ལས་ཀའི་སྤྱིའི་དགོངས་གཞི་ལག་བསྟར་ཡག་པོ་དང་། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་རྒྱུ། བརྟན་པོ་ནི་ཁྱོན་ཡོངས་ལ་ཐུག་པས། བརྟན་པོའི་ངང་ནས་འཕར་སྣོན་དང་། ལས་ཞུགས་འགན་ལེན། ཉམས་ཉེན་སྔོན་འགོག་བཅས་གང་ཐུབ་བྱེད་རྒྱུ་དང་། དངུལ་རྩ་བདེ་འཇགས་དང་། དམངས་འཚོ་འགན་སྲུང་། ཁོར་ཡུག་སྲུང་སྐྱོང་སོགས་པའི་གཞི་ཐིག་སྲུང་ནས། དཔལ་འབྱོར་དང་སྤྱི་ཚོགས་ཧྲིལ་པོ་བརྟན་ལྷིང་ཡོང་བ་འགན་ལེན་བྱེད་རྒྱུ། བརྟན་པོའི་ཆ་རྐྱེན་འོག་ཡར་རྒྱས་བརྩོན་ལེན་ཕོད་པར་བྱས་ཏེ། སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་དང་། གྲུབ་ཚུལ་ལེགས་སྒྲིག་མགྱོགས་སུ་གཏོང་རྒྱུ་དང་། “གཉའ་རུས་མཁྲེགས་པོ”གཅོག་ནུས་པར་བྱས་ཏེ། འགག་རྩའི་ཁྱབ་ཁོངས་སུ་གྲུབ་འབྲས་གསར་པ་ལེན་པར་བརྩོན་རྒྱུ་ཡིན། གཉིས་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་མཐའ་འཁྱོངས་བྱེད་རྒྱུ། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་ལེགས་བཅོས་བྱེད་རྒྱུ་ངེས་པར་འབད་འཐབ་བྱེད་ཡུལ་གཙོ་བོར་བྱས་ཏེ། ལས་ཁུངས་ཁུ་བསྡུ་དང་དཔྱ་ཁྲལ་ཡང་དུ་གཏོང་བ་དང་། ཚོང་རར་བཙུད་འཐུས་ལྷུག་གཏོང་། གསར་གཏོད་ལ་སྐུལ་མ་གཏོང་བ་བཅས་ལ་བརྟེན་ནས། ཕྲ་མཐོང་གི་བྱེད་པོའི་གསོན་ཤུགས་རྒྱུན་མཐུད་ངང་སྐུལ་སྤེལ་བྱས་ནས། ཕན་མེད་མཁོ་སྤྲོད་ཉུང་དུ་གཏོང་བ་དང་ཕན་འབྲས་ཐོན་པའི་མཁོ་སྤྲོད་རྒྱ་ཆེར་བཏང་སྟེ། དགོས་མཁོར་འཚམ་པ་དང་ཁྲིད་སྟོན་སྔར་ལས་ལྷག་པ་བྱེད་རྒྱུ་འདི་ནི་འབུ་ཐུམ་ཕྱི་ལེབ་ལ་འགྱུར་བ་བཞིན་དུ་ཚུལ་སྒྱུར་རིམ་སྤོར་གྱི་བརྒྱུད་རིམ་ཡིན་ཞིང་། རེ་བས་ཁེངས་ཤིང་དཀའ་སྡུག་ཀྱང་ཆེ་བ་དང་། དགོས་གཏུག་ཤིན་ཏུ་ཆེ་ལ་རྙོག་འཛིང་དང་དཀའ་ཚེགས་ཀྱང་ཆེ་བ་ཞིག་རེད། ཞུམ་མེད་མདུན་དུ་སྐྱོད་དེ་བློ་ཐག་རྦད་བཅད་ཀྱིས་འགག་གནད་འདི་སྒྲོལ་རྒྱུ་ཡིན། གསུམ་ནས་སྤྱིའི་དགོས་མཁོ་འཚམ་པོར་བསྐྱེད་དགོས་པ་མ་ཟད་ཕན་འབྲས་ཀྱི་རང་བཞིན་ཡང་ཆེ་རུ་གཏོང་རྒྱུ། རང་རྒྱལ་གྱི་ནང་མཁོའི་གཏིང་ཤུགས་ཧ་ཅང་ཆེ་བས། ནང་མཁོ་རྒྱ་བསྐྱེད་པའི་དགོས་གལ་ཆེ་ལ་འགྲུབ་པའང་སྲིད་པས། ཤུགས་སྒྲིམ་ཡུལ་གནད་ལ་འཕིགས་པ་འཚོལ་རྒྱུ་ནི་འགག་རྩ་རེད། དམངས་འཚོ་ལེགས་བཅོས་ལ་དམིགས་ནས་འཛད་སྤྱོད་རྒྱ་སྐྱེད་དང་། ཞན་ཆ་གསབ་པ་དང་། གཏིང་ཤུགས་ཆེ་རུ་གཏོང་བར་དམིགས་ནས་མ་དངུལ་འཇོག་ཤུགས་ཆེ་རུ་བཏང་སྟེ། ནང་མཁོ་རྒྱ་བསྐྱེད་སྔར་བས་ཕན་གོ་ཆོད་པ་དང་། སྔར་ལས་རྒྱུན་བསྲིང་ཐུབ་པ། མཁོ་སྤྲོད་ཕྱོགས་ཀྱི་སྒྱུར་བཅོས་དང་དགོས་མཁོའི་ཕྱོགས་ཀྱི་དོ་དམ་གཅིག་ཕན་གཅིག་གྲོགས་དང་ཆར་པ་ཆུ་གྲོགས་སུ་འགྱུར་བར་བྱེད་རྒྱུ་ཡིན། བཞི་ནས་གསར་གཏོད་ལ་བརྟེན་ཏེ་སྒུལ་ནུས་གསར་རྙིང་སྤོ་སྒྱུར་དང་གྲུབ་ཚུལ་ལེགས་འགྱུར་དང་རིམ་པ་འཕར་བར་བྱེད་རྒྱུ། རང་རྒྱལ་འཕེལ་རྒྱས་ཀྱི་ད་ལྟའི་དུས་རིམ་འདི་འདྲར། སྒྱུར་བཅོས་གསར་གཏོད་ལ་མ་བརྟེན་ན་མདུན་ལམ་མེད། ང་ཚོར་འཛམ་གླིང་ཐོག་མི་འབོར་མང་ཤོས་དང་། བྱང་ཚད་མཐོ་ཙམ་གྱི་ངལ་རྩོལ་ནུས་ཤུགས་ཡོད་པ་དང་། ཚན་རྩལ་དང་ཆེད་ལས་ནུས་རྩལ་ཤེས་ལྡན་མི་སྣ་གྲངས་འབོར་ཆེ་ཤོས་ཀྱི་དཔུང་ཁག་ཡོད་ཅིང་། གསར་གཏོད་ཀྱི་གཏིང་ཤུགས་ཧ་ཅང་ཆེན་པོ་ཡོད་པས། སྒྱུར་བཅོས་སྒོ་འབྱེད་སྒུལ་ཤུགས་སུ་འཛིན་རྒྱུ་མཐའ་འཁྱོངས་དང་། མི་ཤུགས་དང་ཤེས་ལྡན་མི་སྣའི་ཐོན་ཁུངས་འདེགས་སྐྱོར་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས། གསར་གཏོད་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། སྒུལ་ནུས་གསར་པ་སྐྱེད་བསྲིང་ཇེ་རྒྱས་སུ་གཏོང་བ། སྲོལ་རྒྱུན་གྱི་སྒུལ་ནུས་བསྒྱུར་བཀོད་རིམ་སྤོར། དཔལ་འབྱོར་འཕེལ་ཚད་འབྲིང་མྱུར་རྒྱུན་མཐུད། ཐོན་ལས་ཀྱི་ཆུ་ཚད་འབྲིང་མཐོར་སླེབས་པ་བཅས་བྱེད་རྒྱུ། ལྔ་ནས་མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དོ་འཁུར་བྱེད་པའི་འབུར་ཐོན་གནད་དོན་ཐག་གཅོད་གང་ཐུབ་བྱེད་རྒྱུ། སྲིད་གཞུང་གིས་སྒྲུབ་པའི་ལས་དོན་ཐམས་ཅད་མི་དམངས་ཀྱི་ཆེད་དུ་ཡིན་པས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བྱས་ཏེ། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་པའི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་ཁོང་དུ་ཡག་པོ་ཆུད་པར་བྱེད་རྒྱུ། མང་ཚོགས་ཀྱིས་བསམ་འཆར་དྲག་པོ་འདོན་པ་དང་། རེ་སྒུག་ཆེན་པོ་བྱེད་པའི་གནད་དོན་ལས་ཆ་རྐྱེན་འཛོམས་རིགས་ཐག་གཅོད་དམ་འཛིན་བྱས་ནས། དོན་བཟང་ལེགས་སྒྲུབ་བྱེད་རྒྱུ་དང་། སྐབས་འཕྲལ་ཐག་གཅོད་དཀའ་རིགས། ཆ་རྐྱེན་སྐྲུན་གང་ཐུབ་བྱས་ནས་རིམ་བཞིན་ཐག་གཅོད་རྒྱུ། རེ་བའི་མྱུ་གུ་འབུད་རེ་ལྷོད་གཡེང་མི་གཏོང་བར། མང་ཚོགས་ཀྱི་དོན་དུ་དངོས་དོན་སྒྲུབ་པ་དང་། དཀའ་གནད་སེལ་བ་རྒྱུན་སྲིང་ལྷོད་མེད་ཐོག་སྤྱི་ཚོགས་དྲང་སྙོམས་དྲང་གཞག་ཡོང་བར་བྱས་ཏེ། འཕེལ་རྒྱས་གཏོང་རྒྱུ་ནི་གནས་ལུགས་བསྙོན་མེད་ཡིན་པ་མི་དམངས་སྔར་བས་བདེ་སྐྱིད་ཡོང་བའི་ཐོག་ནས་ཇེ་ཆེར་མཚོན་པར་བྱེད་རྒྱུ་ཡིན།

    གསུམ། 2017ལོའི་ལས་འགན་གཙོ་བོ།

    ད་ལོ་སྒྱུར་བཅོས་གོང་སྤེལ་བརྟན་ལྷིང་གསུམ་གྱི་དཀའ་ཚེགས་དང་ལྗིད་རྫོབ་ཆེ་བའི་ལས་འགན་ལ་ཁ་གཏད་སྐབས། ང་ཚོས་སྤྱི་ཡོངས་ལ་ལྟ་བ་དང་། གཅིག་གྱུར་གྱི་འཆར་འགོད་དང་ཁྱོན་ཡོངས་ལ་ལྟ་རྟོག གཙོ་གནད་འབུར་ཐོན། འགག་གནད་ཁོང་དུ་ཆུད་པ་བཅས་བྱས་ཏེ། ཕྱོགས་གང་ཅིའི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པར། གཤམ་གསལ་གྱི་ཕྱོགས་ཁག་གི་ལས་ཀ་གཙོ་གནད་དུ་དམ་འཛིན་བྱེད་དགོས་ཏེ།

    (གཅིག) སྒྱུར་བཅོས་ཀྱི་ཐབས་ལ་བརྟེན་ནས“གསུམ་དོར་གཅིག་གཅོག་གཅིག་གསབ”ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ། གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་རྨང་གཞིའི་ཐོག་གནས་ཚུལ་གསར་པ་དང་གནད་དོན་གསར་པར་དམིགས་པ་དང་། སྲིད་ཇུས་ཀྱི་བྱེད་ཐབས་འཐུས་ཚང་དུ་བཏང་ནས། གྲུབ་འབྲས་སྔར་ལས་ཆེན་པོ་ཐོབ་པའི་བརྩོན་ལེན་བྱེད་རྒྱུ་ཡིན།

    ཐོན་ནུས་ཕན་འབྲས་ཐོན་པར་འདོར་རྒྱུ། ད་ལོར་མུ་མཐུད་ངར་ལྕགས་ཐོན་ནུས་ཏུན་ཁྲི་5000ཡས་མས་གཅོག་རྒྱུ་དང་། རྡོ་སོལ་ཐོན་ནུས་ཏུན་དུང་ཕྱུར་1.5ཡན་ཕྱིར་འཐེན་བྱེད་རྒྱུ་དང་དུས་མཚུངས་སུ། སོལ་གློག་གི་ཐོན་ནུས་སྟོང་ཝ་ཁྲི་5000ཡན་དོར་བའམ་མཚམས་འཇོག་དང་། འཛུགས་སྐྲུན་ཕྱིར་འགྱངས་བྱས་ཏེ། སོལ་གློག་གི་ཐོན་ནུས་ལྷག་ཐལ་ཆེ་བའི་ཉེན་ཁ་སྔོན་འགོག་བྱེད་རྒྱུ་དང་། སོལ་གློག་ལས་རིགས་ཀྱི་ལས་ཕྱོད་ཆེ་རུ་བཏང་ནས། ནུས་ཁུངས་གཙང་མ་འཕེལ་རྒྱས་གཏོང་བར་བར་སྟོང་ཐོན་པར་བྱེད་རྒྱུ། ཁོར་ཡུག་སྲུང་སྐྱོང་དང་། ནུས་ཁུངས་ཟད་གྲོན། སྤུས་ཚད། བདེ་འཇགས་སོགས་པའི་འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ། ཚད་གཞི་བཅས་ལག་བསྟར་ནན་པོར་བྱེད་རྒྱུ་དང་། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་བྱེད་ཐབས་སྔར་ལས་མང་པོ་སྤྱད་དེ། “བེམ་རོའི་ཁེ་ལས”ཐག་གཅོད་ཕན་འབྲས་ཐོན་པར་བྱས་ཐོག ཁེ་ལས་ཟླ་སྒྲིལ་བསྐྱར་སྒྲིག་དང་། མ་རྩ་སྟོངས་རིགས་གཙང་རྩིས་རྒྱག་རྒྱུར་སྐུལ་འདེད་གཏོང་རྒྱུ། ཚད་གཞི་མ་ལོན་པའི་ཐོན་ནུས་རྗེས་སུ་ལུས་རིགས་མཐའ་གཅིག་ཏུ་དོར་རྒྱུ་དང་། ལས་རིགས་ལྷག་ཐལ་གྱིས་ཐོན་ནུས་གསར་པ་གཉེར་རིགས་ཚོད་འཛིན་ནན་པོར་བྱེད་རྒྱུ། ཐོན་ནུས་དོར་བར་ལས་བཟོ་པ་ངེས་པར་དུ་བགོ་སྒྲིག་ཡག་པོར་བྱེད་རྒྱུ་དང་། ཀྲུང་དབྱང་ནོར་སྲིད་ཀྱི་ཆེད་སྤྱོད་བྱ་དགའི་ཁ་གསབ་མ་དངུལ་དུས་ཐོག་ཏུ་སྤྲོད་རྒྱུ། ས་གནས་དང་ཁེ་ལས་ཀྱིས་མ་དངུལ་དང་འབྲེལ་ཡོད་བྱེད་ཐབས་ཆ་འགྲིག་དོན་འཁྱོལ་བྱས་ཏེ། ཁག་བགོས་ལས་བཟོ་པ་ལས་ཀར་ཞུགས་ཡུལ་ཡོད་པ་དང་། འཚོ་བར་འགན་སྲུང་ཐུབ་པའི་འགན་ལེན་བྱེད་རྒྱུ།

    གྲོང་ཁྱེར་དང་བསྟུན་པའི་ཐབས་ཇུས་ཐོག་ནས་གསོག་ཉར་དོར་རྒྱུ། དེང་སྐབས་གྲོང་ཁྱེར་རིམ་པ་གསུམ་པ་བཞི་པའི་ས་ཁང་གསོག་ཉར་བྱེད་ཚད་སྔར་བཞིན་མང་ཙམ་ཡོད་པས། གྲོང་མི་རང་གི་སྡོད་ཁང་དང་གྲོང་ཁྱེར་དུ་ཡོང་མཁན་གྱི་ཁང་པ་ཉོ་བའི་དགོས་མཁོར་རྒྱབ་སྐྱོར་བྱེད་རྒྱུ། ཁང་པའི་སྡོད་གནས་ཀྱི་ངོ་བོ་མཐའ་འཁྱོངས་དང་། ས་གནས་སྲིད་གཞུང་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ཏེ་ས་ཁང་བདག་ཁོངས་ཀྱི་ཚོང་ར་བརྟན་པོ་དང་སྐྱོན་བྲལ་ངང་ནས་འཕེལ་རྒྱས་ཡོང་བར་བྱེད་པའི་ཕུགས་ཕན་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། ཚོང་ར་གཙོ་བོར་བྱས་ཏེ་རིམ་པ་མང་བའི་དགོས་མཁོ་སྐོང་བ་དང་། སྲིད་གཞུང་གིས་གཙོ་བོར་བྱས་ཏེ་གཞི་རྩའི་འདོན་སྤྲོད་འགན་སྲུང་བྱེད་རྒྱུ། ས་ཁང་བདག་ཁོངས་ཀྱི་ཚོང་ར་རིགས་དབྱེ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁང་གོང་འཕར་བའི་གནོན་ཤུགས་ཆེ་བའི་གྲོང་ཁྱེར་གྱིས་སྡོད་ཁང་ལ་མཁོ་བའི་ས་ཆ་ཚུལ་མཐུན་ཐོག་མང་དུ་གཏོང་བ་དང་། གསར་སྤེལ་དང་། བྲིན་འཚོང་། མཚམས་སྦྱོར་བཅས་ཀྱི་བྱ་སྤྱོད་ཚད་ལྡན་བཟོ་རྒྱུ། དེང་སྐབས་གྲོང་ཁྱེར་དང་གྲོང་རྡལ་དུ་ད་དུང་མི་ཁྲི་སྟོང་ཕྲག་འགའ་ཤས་ཆ་རྐྱེན་ཞན་པའི་སྡོད་ཁང་ཐབས་ཆག་ཁུལ་དུ་བསྡད་ཡོད་པས། སྒྱུར་བཀོད་རྒྱུན་མཐུད་བྱེད་རྒྱུ་ཡིན། ད་ལོར་ཡང་བསྐྱར་སྡོད་ཁང་ཐབས་ཆག་ཁུལ་ཆ་འགྲིག་ཁྲི་600སྒྱུར་བཀོད་ལེགས་གྲུབ་ཐུབ་པ་བྱེད་རྒྱུ་དང་། གཞུང་གི་བོགས་གཏོང་ཁང་པ་མུ་མཐུད་མང་དུ་གཏོང་རྒྱུ་ཡིན། ཡུལ་བབ་དང་བསྟུན་ནས་དངུལ་ལོར་ཅན་དུ་འགྱུར་བའི་བཀོད་སྒྲིག་བྱེད་པའི་བསྡུར་ཚད་མཐོ་རུ་གཏོང་རྒྱུ་དང་སྒྲིག་ཆས་ཆ་འགྲིག་འཛུགས་སྐྲུན་དང་སྤྱི་པའི་ཞབས་འདེགས་ཞུ་ཤུགས་ཆེ་རུ་བཏང་ནས། སྡོད་ཁང་དཀའ་ངལ་ཡོད་པའི་ཁྱིམ་ཚང་སྔར་ལས་མང་པོ་སྡོད་ཁང་ཐབས་ཆག་ཁུལ་ལས་བྲལ་ཏུ་འཇུག་རྒྱུ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་སྡོད་སའི་ཁང་པ་ཡོད་བཞིན་དུ་འཚོ་བ་གསར་པ་གསར་སྐྲུན་བྱེད་དུ་འཇུག་རྒྱུ་ཡིན།

    བཀན་ཤིང་ཧུར་བརྩོན་བརྟན་ལྷིང་ངང་ནས་འདོར་རྒྱུ། རང་རྒྱལ་གྱི་དངུལ་རྩ་མ་ཡིན་པའི་ཁེ་ལས་ཀྱིས་བཀན་ཤིང་སྤྱོད་ཚད་ཅུང་ཆེ་བ་འདི་དངུལ་བཅོལ་ཚད་ཆེ་བ་དང་། ཡིད་རྟོན་དངུལ་བུན་གཙོ་བོར་གྱུར་པའི་དངུལ་བསྡུའི་གྲུབ་ཚུལ་དང་འབྲེལ་བ་ཡོད། སྤྱིའི་བཀན་ཤིང་སྤྱོད་ཚད་ཚོད་འཛིན་བྱེད་པའི་ཆ་རྐྱེན་འོག་ཁེ་ལས་ཀྱི་བཀན་ཤིང་སྤྱོད་ཚད་གཅོག་རྒྱུ་འདི་གལ་ཆེའི་ནང་གི་འགངས་ཆེན་དུ་འཛིན་རྒྱུ་ཡིན། ཁེ་ལས་ཀྱི་རྒྱུ་ནོར་བསགས་གྲངས་འཁྲུག་པོ་ཡོང་བར་བྱེད་པ་དང་། མ་རྩ་འཛིན་ལོར་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་བུ་ལོན་མ་རྐང་ལ་བསྒྱུར་བར་རྒྱབ་སྐྱོར། རྐང་དབང་དང་དངུལ་བསྡུའི་ཤུགས་ཚད་ཆེ་རུ་གཏོང་བ། ཁེ་ལས་སྤྱི་དང་ལྷག་པར་དུ་རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་ནོར་དོན་བཀན་ཤིང་གཅུན་འདོམས་ནན་དུ་གཏོང་བ་བཅས་བྱས་ཏེ་ཁེ་ལས་ཀྱི་བུ་ལོན་ཟུག་ཚད་རིམ་བཞིན་ཚུལ་མཐུན་གྱི་ཚད་དུ་ཆག་པར་བྱེད་རྒྱུ།

    བྱེད་ཐབས་སྣ་མང་མཉམ་དུ་སྤྱད་དེ་མ་གནས་གཅོག་རྒྱུ། ཁེ་ལས་ཆུང་ཕྲན་ལ་ཐོབ་ཁྲལ་ཕྱེད་ཀ་ལས་མི་བསྡུ་བའི་གཟིགས་སྐྱོང་བྱེད་ཁོངས་ཆེ་རུ་བཏང་སྟེ་ལོ་རེར་དཔྱ་ཁྲལ་འཇལ་སྤྲོད་དགོས་ཚད་མཐོ་ཤོས་སྒོར་ཁྲི་30ནས་ཁྲི་50བར་མཐོ་རུ་གཏོང་རྒྱུ། ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་གི་ཞིབ་འཇུག་གྲོན་དངུལ་སྡེབ་རྩིས་ཀྱིས་འཐེན་པའི་བསྡུར་ཚད་50%ནས་75%བར་མཐོ་རུ་གཏོང་རྒྱུ། གྲུབ་ཚུལ་རང་བཞིན་གྱི་དཔྱ་ཁྲལ་གཅོག་ཚད་དང་ཕན་ནུས་ཐབས་བརྒྱ་ཇུས་སྟོང་གིས་ཇེ་ཆེར་འགྲོ་བར་བྱེད་རྒྱུ་དང་།

    རིགས་སྣ་མང་བའི་རིན་དངུལ་བསྡུས་པའི་དབང་གིས་ཁེ་ལས་མང་པོ་ཞིག་གི་ཁུར་པོ་ལྗིད་ཐལ་ཤོར་བས། དཔྱ་ཁྲལ་མ་ཡིན་པའི་ཁུར་པོ་ཇེ་ཡང་དུ་གཏོང་རྒྱུ་ཡིན། གཅིག་ནས་སྲིད་གཞུང་རང་བཞིན་གྱི་ཐེབས་རྩ་ཕྱོགས་ཡོངས་ནས་གཙང་བཤེར་དང་ཚད་ལྡན་བཟོ་བ་དང་། གྲོང་ཁྱེར་གྱི་སྤྱི་སྤྱོད་བྱ་གཞག་གི་ཟུར་སྣོན་སོགས་ཀྱི་ཐེབས་རྩ་མེད་པར་བཟོ་བ། ས་གནས་སྲིད་གཞུང་ལ་ཐེབས་རྩ་ཁག་གཅིག་རང་བརྟེན་ངང་རྩ་ཆག་གཏོང་དབང་སྤྲོད་རྒྱུ། གཉིས་ནས་ཀྲུང་དབྱང་གི་ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་གྱི་བྱ་ལས་རང་བཞིན་གྱི་འགྲོ་གྲོན་ཁག་35མེད་པར་བཟོ་བའམ་བསྡུ་མཚམས་འཇོག་པ་དང་། འགྲོ་གྲོན་བསྡུ་བའི་རྣམ་གྲངས་ཕྱེད་ཀ་ཡན་ཉུང་དུ་གཏོང་བ། རྣམ་གྲངས་སོར་འཇོག་བྱས་རིགས་ལ་འགྲོ་གྲོན་བསྡུ་བའི་ཚད་གཞི་གཅོག་གང་ཐུབ། ས་གནས་ཁག་གིས་ཀྱང་ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་གྱི་བྱ་ལས་རང་བཞིན་གྱི་འགྲོ་གྲོན་བསྡུ་ཚད་ཉུང་དུ་གཏོང་བ་བཅས་བྱེད་རྒྱུ། གསུམ་ནས་སྲིད་གཞུང་གིས་རིན་གོང་གཏན་འཁེལ་བྱེད་པའི་ཁེ་ལས་དང་འབྲེལ་བ་ཡོད་པའི་གཉེར་སྐྱོང་རང་བཞིན་གྱི་འགྲོ་གྲོན་བསྡུ་ཚད་ཉུང་དུ་གཏོང་བ་དང་། སྲིད་འཛིན་གྱི་ཞིབ་མཆན་འགོད་སྐབས་སུ་མཚམས་སྦྱོར་ཞབས་ཞུས་སྒྲིག་འགལ་ངང་ནས་འགྲོ་གྲོན་བསྡུ་རིགས་གཙང་སེལ་དང་། དངུལ་རྩ་དང་ལྕགས་ལམ་ཟོག་འདྲེན་སོགས་པའི་ཁྱབ་ཁོངས་སུ་ཁེ་ལས་དང་འབྲེལ་བ་ཡོད་པའི་གཉེར་སྐྱོང་རང་བཞིན་གྱི་འགྲོ་གྲོན་བསྡུ་ཚད་གཅོག་པའི་སྐུལ་འདེད་གཏོང་བ། ཚོང་རའི་སྙོམས་སྒྲིག་རིགས་ཀྱི་གཉེར་སྐྱོང་ཞབས་ཞུའི་རང་བཞིན་གྱི་འགྲོ་གྲོན་བསྡུ་བར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་རྒྱུ། བཞི་ནས“འགན་བཅོལ་ལྔ་དང་གསོག་དངུལ་གཅིག”དང་འབྲེལ་བ་ཡོད་པའི་རིན་བསྡུའི་བསྡུར་ཚད་མུ་མཐུད་ནས་འོས་འཚམ་གཅོག་རྒྱུ། ལྔ་ནས་སྒྱུར་བཅོས་ཟབ་སྤེལ་དང་། སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བར་བརྟེན་ནས། ཁེ་ལས་ཀྱི་ལམ་ལུགས་རང་བཞིན་གྱི་ཉོ་ཚོང་མ་གནས་གཅོག་པ་དང་། ནུས་སྤྱོད་དང་། དངོས་ཟོག་འགྲེམས་སྐྱེལ་ལ་སོགས་པའི་མ་གནས་གཅོག་རྒྱུ། འབྲེལ་ཡོད་སྡེ་ཚན་དང་ལས་ཁུངས་ཁག་ཚང་མས་ཁེ་ཆུང་དོར་ཏེ་བདེན་དོན་ལ་བསམ་ཤེས་བྱས་ནས། ཁེ་ལས་འཁུར་མེད་ལས་གཉེར་ཐོག་ནས། ཆ་རྐྱེན་བསྐྲུན་ཏེ་རང་རྒྱལ་གྱི་འགྲན་རྩོད་བཟང་ཆ་གསར་པར་འགྱུར་བར་བྱེད་རྒྱུ།

    ཞན་ཆ་གནད་ལ་འཁེལ་བར་གསབ་ཤུཌ་ཆེ་རུ་གཏོང་རྒྱུ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་ལ་ཚོད་འཛིན་ཚབས་ཆེན་བཟོ་བའི་གནད་དོན་མངོན་གསལ་ལ་དམིགས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ནང་གཏན་ལ་འཁེལ་བའི་རྣམ་གྲངས་གལ་ཆེན་ལ་སྐུལ་མ་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ནས། ཞན་ཆ་གསབ་ཤུགས་ཆེ་རུ་བཏང་སྟེ་སྤྱི་པའི་ཞབས་ཞུ་དང་། རྨང་གཞིའི་སྒྲིག་བཀོད། འཕེལ་རྒྱས་གསར་གཏོད། ཐོན་ཁུངས་ཁོར་ཡུག་སོགས་ཀྱི་འདེགས་སྐྱོར་ནུས་པ་གང་མགྱོགས་ཆེ་རུ་གཏོང་རྒྱུ།

    ས་ཁུལ་དབུལ་པོ་དང་མི་འབོར་དབུལ་པོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་བྱེད་པའི་ཞན་ཆ་ཆེ་ཤོས་ཡིན་པས། དབུལ་སྐྱོར་གནད་འཁེལ་དང་དབུལ་སྒྲོལ་གནད་སྨིན་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ད་ལོར་སླར་ཡང་གྲོང་གསེབ་ཀྱི་མི་གྲངས་དབུལ་པོ་ཁྲི་1000ཡན་ཉུང་དུ་བཏང་ནས་མི་ཁྲི་340གནས་སྤོ་དབུལ་སྐྱོར་ཐུབ་པར་བྱེད་རྒྱུ། ཀྲུང་དབྱང་ནོར་སྲིད་ཀྱི་ཆེད་དམིགས་དབུལ་སྐྱོར་མ་དངུལ་30%ཡན་མང་དུ་གཏོང་རྒྱུ། དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་དང་། གསར་བརྗེའི་གནས་རྙིང་ཁུལ་གསར་སྤེལ་གཅིག་སྡུད་ཡུག་སྦྲེལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། མཐའ་མཚམས་དང་མི་རིགས་ས་ཁུལ་གསར་སྤེལ་བྱེད་རྒྱུ། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་ལེགས་བཅོས། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་། ངལ་ལས་ཕྱིར་གཏོང་། སློབ་གསོ་དང་བདེ་ཐང་གི་དབུལ་སྐྱོར་བཅས་ལ་སྐུལ་མ་གཏོང་བ། གྲོང་ཚོ་དབུལ་པོ་སྤྱི་ཡོངས་ནས་ལེགས་སུ་འགྲོ་བའི་འདུ་འགོད་ལག་བསྟར། དབུལ་ཕོངས་ས་ཁུལ་དང་དབུལ་ཕོངས་མི་ཚོགས་ཀྱི་རང་འཕེལ་ནུས་པ་ཆེ་རུ་གཏོང་རྒྱུ། རྫོང་དབུལ་པོའི་ཞིང་འབྲེལ་མ་དངུལ་སྡེབ་སྒྲིག་ལ་སྐུལ་མ་བཏང་ནས། མ་དངུལ་དང་རྣམ་གྲངས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུཌ་སྣོན་རྒྱག་རྒྱུ། དབུལ་སྐྱོར་མཐུན་སྦྱོར་ལམ་སྲོལ་གསར་གཏོད་བྱས་ཏེ་སྤྱི་ཚོགས་ཀྱི་སྟོབས་ཤུགས་དབུལ་སྐྱོར་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ། དབུལ་སྒྲོལ་འགག་སྒྲོལ་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ཏན་ཏིག་དང་། དཔྱད་དཔོག་དང་དཔྱད་ཞིབ་ནན་ཤོས་ལག་ལེན་བསྟར་ནས། དབུལ་སྒྲོལ་རྫུན་མ་དང་། “དབུལ་སྒྲོལ་བཅུག་ཚུལ” གྲངས་ཀའི་དབུལ་སྒྲོལ་བཅས་ཞིབ་གཅོད་ནན་པོར་བྱས་ཏེ་དབུལ་སྒྲོལ་མང་ཚོགས་ཀྱིས་ཁས་ལེན་པ་དང་། ལོ་རྒྱུས་ཀྱི་ཉམས་བསད་ཐེག་པའི་འགན་ལེན་ཏན་ཏིག་བྱེད་རྒྱུ།

    (གཉིས) གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་སྒྱུར་བཅོས་ཟབ་སྤེལ་བྱེད་རྒྱུ། ཕྱོགས་ཡོངས་ནས་ཁྱབ་ཁོངས་ཁག་གི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། རྨང་གཞིའི་རང་བཞིན་དང་། འགག་རྩའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་སྤེལ་ཇེ་མགྱོགས་བཏང་སྟེ་གཏིང་གི་འཕེལ་རྒྱས་སྒུལ་ཤུགས་ཆེ་རུ་གཏོང་རྒྱུ།

    སྲིད་གཞུང་གི་འགན་ནུས་བསྒྱུར་བར་རྒྱུན་མཐུད་ངང་སྐུལ་མ་གཏོང་རྒྱུ། ཐོན་ཁུངས་བགོ་སྒྲིག་ཁྲོད་ཀྱི་ཚོང་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་དང་སྲིད་གཞུང་གི་ནུས་པ་དེ་བས་ལེགས་པོར་འདོན་སྤེལ་བྱེད་པར། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད། གློད་འདོམས་ཟུང་འབྲེལ། ཞབས་ཞུ་བཟང་འགྱུར་བཅས་ཀྱི་སྒྱུར་བཅོས་ངེས་པར་ཟབ་ཏུ་གཏོང་དགོས་པ་འདི་ནི་སྲིད་གཞུང་རང་ངོས་ཀྱི་གསར་བརྗེ་གཏིང་ཟབ་ཅིག་རེད། དཔའ་བོ་མཁྲིག་མ་བྲེགས་ཕོད་ཀྱི་བློ་སྟོབས་དང་། དཀའ་ངལ་གཙང་སེལ་མཐའ་གཅིག་ཏུ་བྱེད་པར་བརྟེན་ནས་མུ་མཐུད་མདུན་དུ་བསྐྱོད་རྒྱུ་ཡིན། གསལ་ཐོའི་དོ་དམ་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ། རྒྱལ་སྲིད་སྤྱི་ཁྱབ་ཁང་སྡེ་ཚན་གྱི་དབང་ཆ་དང་འགན་འཁྲི་གསལ་ཐོ་བཟོ་བ་དང་། སྲིད་གཞུང་གི་ཉུང་གཏོང་རང་མོས་དབང་ཆ་ཆུང་དུ་གཏོང་ཞིང་། ཚོང་རའི་རང་མོས་འདེམས་དབང་ཆེ་རུ་གཏོང་རྒྱུ་དང་། ཚོང་རར་བཅུག་འཐུས་ཀྱི་བཀག་རྒྱ་གསལ་ཐོའི་ཚོད་ལྟ་བྱེད་ཁྱོན་ཆེ་རུ་གཏོང་རྒྱུ། ཐོན་སྐྱེད་དང་ཞབས་ཞུའི་ཆོག་འཐུས་ལག་ཁྱེར་ཁག་གཅིག་གཙང་བཤེར་དང་མེད་པར་བཟོ་རྒྱུ། ཚོང་དོན་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བྱས་སྟེ། ལག་ཁྱེར་གཅིག་འཐུས་ལག་ལེན་བསྟར་རྒྱུ་དང་། “དཔང་ཡིག་ལག་ཁྱེར་ལོག་འབྱེད”ཀྱི་སྒྱུར་བཅོས་ཚོད་ལྟ་བྱེད་ཁྱོན་ཆེ་རུ་གཏོང་རྒྱུ། ལས་དོན་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ལྟ་སྐུལ་དོ་དམ་ཡོངས་སུ་ཁྱབ་པར་བྱས་ནས། ཕྱོགས་བསྡུས་ཀྱིས་སྲིད་འཛིན་ཁྲིམས་བསྟར་གྱི་སྐུལ་མ་གཏོང་རྒྱུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཚན་དང་ས་གནས་སྲིད་གཞུང་གི་ཆ་འཕྲིན་མ་ལག་ཕན་ཚུན་འབྲེལ་མཐུད་གང་མགྱོགས་བྱས་ཏེ་རྒྱལ་ཡོངས་གཅིག་གྱུར་གྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་ཆགས་པར་བྱེད་རྒྱུ། ང་ཚོས་ངེས་པར་དུ་ཁེ་ལས་དང་མང་ཚོགས་ཚོར“གློད་འདོམས་ཞབས་ཞུ”གསུམ་གྱི་ཕན་འབྲས་ཀྱི་ཚོར་བ་སྔར་ལས་ཟབ་མོ་མྱོང་དུ་བཅུག་ནས། “མཇུག་མཐའི་སྤྱི་ལེ་གཅིག་”ཤར་བགྲོད་གང་ཐུབ་བྱེད་རྒྱུ་དང་། ནུས་ཤུགས་ཡོད་རྒུ་བཏོན་ཏེ་རྙོག་རྫོབ་དང་སྣང་མེད་ཀྱི་ཞན་ཆ་སེལ་བ་དང་། དྲང་གཞག་གི་ཐབས་ཇུས་ལག་བསྟར། སྟབས་བདེའི་སྒོ་མོ་འབྱེད་པ་བཅས་བྱེད་རྒྱུ་ཡིན།

    ནོར་ཁྲལ་སྒྲིག་སྲོལ་སྒྱུར་བཅོས་ལ་མུ་མཐུད་སྐུལ་མ་གཏོང་རྒྱུ། ལས་ཁྲལ་འཕར་ཁྲལ་ལ་སྒྱུར་བའི་ཚོད་ལྟའི་སྲིད་ཇུས་ཕྱོགས་ཡོངས་ནས་ཁྱབ་གདལ་དོན་འཁྱོལ་དང་འཐུས་ཚང་དུ་གཏོང་རྒྱུ། གནས་ཐང་འཕར་ཁྲལ་གྱི་ཁྲལ་ཚད་གྲུབ་ཚུལ་སྟབས་བདེ་རུ་བཏང་སྟེ་ད་ལོར་ཁྲལ་རིམ་བཞི་པོ་གསུམ་དུ་ཟླ་སྒྲིལ་གཏོང་རྒྱུ་དང་། ཁ་གསལ་ཁམས་གཙང་དང་། སྔར་བས་དྲང་གཞག་གི་ཁྲལ་བསྡུའི་ཁོར་ཡུག་གཏོད་དེ་ཁེ་ལས་ཀྱི་དཔྱ་ཁྲལ་ཁུར་པོ་ཇེ་ཡང་དུ་གཏོང་རྒྱུ། ཀྲུང་དབྱང་དང་ས་གནས་ཀྱི་ནོར་སྲིད་འགན་དབང་དང་གཏོང་སྒོའི་འགན་འཁྲི་དབྱེ་བའི་སྒྱུར་བཅོས་ལ་སྐུལ་མ་གཏོང་བ་དང་། ཡོང་འབབ་ཆ་བགོས་ཀྱི་སྤྱིའི་འཆར་གཞི་གང་མགྱོགས་འདིང་བ། ས་གནས་ཀྱི་དཔྱ་ཁྲལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ས་གནས་སྲིད་གཞུང་གི་བུ་ལོན་གཡར་ཚུལ་ཚད་ལྡན་བཟོ་བ་བཅས་བྱེད་རྒྱུ། སྲིད་གཞུང་གི་སྔོན་རྩིས་དང་ངེས་རྩིས་ཡོངས་བསྒྲགས་ཁྱབ་སྤེལ་གཏིང་ཟབ་དང་། ཕྱིར་བསྡུ་མ་ཐུབ་པའི་མ་རྩ་བབ་བསྟུན་ཡོང་བའི་ལྡོག་སྐུལ་བྱས་ཏེ་མ་རྩ་བེད་སྤྱོད་ཐུབ་ཚད་ཆེ་རུ་བཏང་ནས། དངུལ་གཏོང་རིགས་ཚང་མ་མངོན་གསལ་ཆེ་སར་གཏོང་བ་དང་། ཕན་གོ་དངོས་ཆོད་དུ་སྤྱོད་རྒྱུ་ཡིན།

    དངུལ་རྩའི་སྒྲིག་གཞི་སྒྱུར་བཅོས་དམ་འཛིན་ཡག་པོར་བྱེད་རྒྱུ། དངུལ་རྩའི་སྒྲིག་གཞིའི་ལས་རྐང་འབུར་ཐོན། ལྟེ་བ་གཞི་ཚུགས་བཅས་ཡོང་བར་བྱས་ཏེ་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་བཏང་ནས། བདེན་བྲལ་རྫུན་གཏོང་བཀག་འགོག་བྱེད་རྒྱུ། ཚོང་ལས་དངུལ་ཁང་ཆེ་འབྲིང་དུ་ཀུན་ཕན་དངུལ་རྩའི་ལས་དོན་པུའུ་འཛུགས་རྒྱུའི་སྐུལ་ལྕག་གཏོང་བ་དང་། རྒྱལ་ཁབ་ལ་དབང་བའི་དངུལ་ཁང་ཆེ་གྲས་ཀྱིས་སྔོན་ལ་སྒྲུབ་ཐུབ་པར་བྱས་ཏེ་ཁྱད་པར་ལྡན་པའི་དཔྱད་དཔོག་གདེང་འཇོག་བྱེད་ཐབས་དང་རོགས་སྐྱོར་གྱི་སྲིད་ཇུས་ལག་བསྟར་དང་། ཁེ་ལས་འབྲིང་ཆུང་གི་དངུལ་བསྡུ་དཀའ་བ་དང་། དངུལ་བསྡུ་ཐང་ཆེ་ཕན་འབྲས་ཐོན་པར་ཞི་ལྷོད་དུ་གཏོང་རྒྱུ། སྲིད་ཇུས་རང་བཞིན་དང་གསར་སྤེལ་རང་བཞིན་གྱི་དངུལ་རྩའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་གྲོང་གསེབ་ཀྱི་ཡིད་རྟོན་ཁང་གིས“ཞིང་གསུམ”ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་རྒྱུ། རིམ་པ་མང་བའི་མ་རྩའི་ཚོང་ར་སྒྱུར་བཅོས་ཟབ་སྤེལ་དང་། གཙོ་གདན་ཚོང་རའི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ། ལས་གཏོད་ཁག་དང་། གཉེར་གཞི་གསར་གསུམ་འཕེལ་རྒྱས་ཧུར་ཐག་གཏོང་བ། ས་ཁོངས་རང་བཞིན་གྱི་རྐང་དབང་ཁྲོམ་ར་ཚད་ལྡན་དུ་འཕེལ་རྒྱས་གཏོང་བ་བཅས་བྱེད་རྒྱུ། འགན་བཅོལ་མ་རྩས་དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པའི་ཐབས་ལམ་ཡང་དུ་བཏང་ནས་སྐྱོན་བྲལ་དངུལ་རྩ་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ། དེང་སྐབས་བརྒྱུད་རིམ་རང་བཞིན་གྱི་ཉམས་ཉེན་སྤྱིའི་ཆ་ནས་ཚོད་འཛིན་ཐུབ་མོད་ཀྱང་། ཚུན་མིན་རྒྱུ་ནོར་དང་། བུན་འཛིན་གན་འགལ། གྲིབ་གཟུགས་དངུལ་ཁང་། དྲ་སྦྲེལ་དངུལ་རྩ་སོགས་གྱི་ཉམས་ཉེན་སོགས་ཀྱི་རིགས་ལ་དོགས་ཟོན་ཆེ་རུ་གཏོང་རྒྱུ། དངུལ་རྩའི་ལྟ་སྐུལ་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་མ་བརྟན་པོར་བཏང་སྟེ་ཉམས་ཉེན་འབྱུང་གཞི་མངོན་གསལ་དོད་རིགས་གོ་རིམ་ལྡན་པའི་ངང་ནས་སེལ་བ་དང་ཐག་གཅོད་བྱེད་པ་དང་། དངུལ་རྩའི་སྒྲིག་ལམ་དག་ཐེར་ཚད་ལྡན་བྱས་ནས་དངུལ་རྩའི་ཉམས་ཉེན“འགོག་སྲུང་བྱ་གཞི”བརྟན་དུ་གཏོང་རྒྱུ། རང་རྒྱལ་གྱི་དཔལ་འབྱོར་གཞི་རྩའི་ངོས་ནས་ཡག་པོ་ཡོད་པ་དང་། ཚོང་ལས་དངུལ་ཁང་གི་མ་རྩ་འདང་ངེས་ཡོད་པ། གུན་གསབ་ཁེབས་ཁྱོན་ཆེ་ཙམ་ཡོད་པ། བཀོལ་སྤྱོད་ཆོག་པའི་ལག་ཆ་དང་ཐབས་ཤེས་མང་བས། བརྒྱུད་རིམ་རང་བཞིན་གྱི་དངུལ་རྩའི་ཉམས་ཉེན་མི་ཐོན་པའི་གཞི་ཐིག་སྲུང་བར་ང་ཚོར་ཆོད་སེམས་དང་བློ་གདེང་། འཇོན་ཐང་། ཐབས་ཤེས་བཅས་ཡོད།

    རྒྱལ་ཁབ་ལ་དབང་བའི་ཁེ་ལས་དང་རྒྱུ་ནོར་སྒྱུར་བཅོས་ཇེ་མགྱོགས་སུ་གཏོང་རྒྱུ། སྲོག་ཤིང་གི་འགྲན་ནུས་དང་ཐོན་ཁུངས་བགོ་སྒྲིག་གི་ལས་ཕྱོད་ཆེ་རུ་གཏོང་རྒྱུར་དམིགས་ཏེ་ཀུང་སིའི་ཁྲིམས་མི་བཅོས་སྐྱོང་གི་གྲུབ་ཚུལ་དོ་མཉམ་ཕན་འབྲས་ཐོན་པ་དང་། ཚོང་ར་ཅན་དུ་འགྱུར་བའི་གཉེར་སྐྱོང་ལམ་སྲོལ་བབ་བསྟུན་མཁོ་ཆོད་ཆགས་པར་བྱེད་རྒྱུ། ད་ལོར་ཀུང་སིའི་ལམ་ལུགས་སྒྱུར་བཅོས་གཞི་རྩའི་ཆ་ནས་འགྲུབ་པར་བྱེད་རྒྱུ། དབང་ལུགས་འདྲེས་མའི་ལམ་ལུགས་སྒྱུར་བཅོས་ཇེ་ཟབ་ཏུ་སྤེལ་ཏེ་གློག་ཤུགས་དང་། རྡོ་སྣུམ། རང་བྱུང་སོལ་རླངས། ལྕགས་ལམ། དམངས་སྤྱོད་མཁའ་འགྲུལ། གློག་འཕྲིན། དམག་དོན་བཟོ་ལས་སོགས་པའི་ཁྱབ་ཁོངས་ནང་དངོས་སུ་གོམ་པ་བགྲོད་རྒྱུ། གློག་ཤུགས་དང་། རྡོ་སྣུམ། རང་བྱུང་སོལ་རླངས་བཅས་ཀྱི་སྒྲིག་སྲོལ་སྒྱུར་བཅོས་དམ་འཛིན་ཡག་པོར་བྱས་ཏེ་འགྲན་རྩོད་རང་བཞིན་གྱི་ལས་སྒོའི་སྒོ་འབྱེད་རྒྱུ། རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཁུ་བསྡུ་ལེགས་གཏོང་དང་སྤུས་ཕྱོད་མཉམ་འདེགས་ཀྱི་རྒྱུན་སྐྱོང་བར། སྤྱི་ཚོགས་ཀྱི་འགན་ནུས་སྒྲུབ་རིགས་ལས་བྲལ་རྒྱུ་དམ་འཛིན་བྱས་ཏེ། ལོ་རྒྱུས་ཀྱི་ཤུལ་ལུས་གནད་དོན་ཐག་གཅོད་བྱེད་རྒྱུ། རྒྱལ་ཁབ་ལ་དབང་བའི་དངུལ་འཇོག་དང་། གཉེར་སྐྱོང་ཀུང་སིའི་སྒྱུར་བཅོས་ཚོད་ལྟར་སྐུལ་སྤེལ་གཏོང་རྒྱུ། རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་ལ་ལྟ་སྐུལ་དོ་དམ་ལེགས་སུ་གཏོང་བ་དང་ཤུགས་སྣོན་བརྒྱབ་སྟེ་རྒྱུ་ནོར་གྱི་གནས་ཐང་སྲུང་འཕར་གྱི་འགན་ལེན་བྱས་ནས་མི་དམངས་ཀྱི་ཐུན་མོང་རྒྱུ་ནོར་སྲུང་སྐྱོང་ཡག་པོ་བྱེད་པ་དང་འཕེལ་རྒྱས་ཡག་པོར་གཏོང་རྒྱུ།

    སྤྱི་དབང་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གསོན་ཤུགས་སྔར་ལྷག་འཕེལ་བར་བྱེད་རྒྱུ། སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་རོགས་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་གཏིང་ཟབ་དང་། སྲིད་ཚོང་གཉིས་ཀྱི་འབྲེལ་བ་དཔེ་གསར་གང་མྱུར་འཛུགས་པ། སྤྱི་དབང་མ་ཡིན་པའི་ལམ་ལུགས་ཀྱི་ཁེ་ལས་རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་སྒྱུར་བཅོས་ནང་ཞུགས་པར་བསྔགས་སྐུལ་བཅས་བྱེད་རྒྱུ། ཁེ་དབང་འདྲ་མཉམ་དང་། གོ་སྐབས་འདྲ་མཉམ། སྒྲིག་སྲོལ་འདྲ་མཉམ་བཅས་མཐའ་འཁྱོངས་དང་། སྤྱི་དབང་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ཚོང་རར་ཞུགས་འཐུས་ཇེ་ལྷུག་ཏུ་གཏོང་རྒྱུ། བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་ཞུགས་འཐུས་གསལ་པོར་བཀོད་མེད་པའི་ལས་རིགས་དང་ཁྱབ་ཁོངས་ཡིན་རིགས་ཚང་མར་ཚོང་རའི་བྱེད་པོའི་རིགས་ཞུགས་ཆོག་པར་བྱེད་རྒྱུ། ཕྱི་རྒྱལ་གྱི་མ་དངུལ་སྒོ་ཕྱེ་བའི་ལས་རིགས་དང་ཁྱབ་ཁོངས་ཡིན་རིགས་ཚང་མ་དམངས་ཁྲོད་མ་རྩར་སྒོ་འབྱེད་རྒྱུ། ཚོང་རའི་འགྲན་རྩོད་དྲང་གཞག་ལ་གནོད་པའི་ཚུན་མིན་བྱེད་སྤྱོད་ཚང་མ་མཐའ་གཅིག་ཏུ་བཀག་འགོག་བྱེད་རྒྱུ་ཡིན།

    ཐོན་རྫས་ཀྱི་དབང་ཆ་སྲུང་བའི་ལམ་ལུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཐོན་རྫས་ཀྱི་བདག་དབང་བསྲུང་བ་ནི་ངལ་རྩོལ་སྲུང་སྐྱོང་དང་། གསར་སྐྲུན་གསར་གཏོད་སྲུང་སྐྱོང་། ཐོན་སྐྱེད་ནུས་ཤུགས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བ་བཅས་རེད། ཐོན་རྫས་ཀྱི་བདག་དབང་སྲུང་བའི་ལམ་ལུགས་གང་མགྱོགས་འཐུས་ཚང་དུ་གཏོང་བ་དང་། དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་དང་། སྤྱི་དམངས་ཀྱི་རྒྱུ་ནོར་དབང་ཆ་ཁག་འགན་ལེན་བྱེད་པ། མི་རྣམས་ལ་ལས་གཏོད་དང་། གསར་གཏོད། ཕྱུག་འགྱུར་བཅས་ཀྱི་ལྕག་སྐུལ་བཏང་སྟེ་ཁེ་ལས་པའི་སྙིང་སྟོབས་འཕེལ་བ་དང་སྲུང་སྐྱོང་བྱས་ཏེ། ཁེ་ལས་པ་བློ་བདེ་པོའི་ངང་ནས་གཉེར་སྐྱོང་དང་དངུལ་འཇོག་བྱེད་དུ་འཇུག་རྒྱུ། ཁེ་ལས་ཀྱི་ཐོན་རྫས་བདག་དབང་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་རིགས་ངེས་པར་དུ་རྩད་ཞིབ་ཐག་གཅོད་ནན་པོར་བྱེད་པ་དང་། ནོར་འཁྲུལ་ཡོད་ན་ངེས་པར་ཡོ་བསྲང་བྱེད་རྒྱུ།

    སྤྱི་ཚོགས་ཀྱི་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་སྤེལ་ཤུགས་ཆེན་གཏོང་རྒྱུ། ཡོང་འབབ་བགོ་བཤའི་ལམ་ལུགས་ཆ་འགྲིག་སྒྱུར་བཅོས་གཏིང་ཟབ་བྱེད་རྒྱུ། རྒན་གསོའི་འགན་བཅོལ་ལམ་ལུགས་སྒྱུར་བཅོས་བརྟན་པོའི་ངང་བྱས་ཏེ་རྒྱལ་ཁབ་ལ་དབང་བའི་མ་རྩ་ཁག་གཅིག་སྤྱི་ཚོགས་འགན་བཅོལ་གྱི་ཐེབས་རྩ་ཕུན་སུམ་ཚོགས་སུ་གཏོང་བྱེད་དུ་བསྒྱུར་རྒྱུ། སྨན་བཅོས་དང་། སྨན་བཅོས་འགན་ལེན། སྨན་རྫས་བཅས་མཉམ་སྒུལ་སྒྱུར་བཅོས་ཟབ་སྤེལ་བྱེད་རྒྱུ། གཞུང་བཙུགས་སྨན་ཁང་ཕྱོགས་བསྡུས་ཀྱིས་སྒྱུར་བཅོས་ཕྱོགས་ཡོངས་ནས་ཁྱབ་སྤེལ་བྱས་ཏེ་སྨན་རྫས་ཀྱི་ཁ་སྣོན་ཚང་མ་མེད་པར་བཟོས་ནས་སྨན་བཅོས་རིན་གོང་དང་། མི་དོན་གླ་ཕོགས། སྨན་རྫས་འཁོར་སྐྱོད། སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས་སོགས་པ་སྒྱུར་བཅོས་མཐུན་སྦྱོར་ཡོང་བར་བྱེད་རྒྱུ། སློབ་གསོ་དང་། རིག་གནས། བྱ་གཞག་ཚན་པ་སོགས་ཀྱི་སྒྱུར་བཅོས་གཏིང་ཟབ་ཡོང་བར་བྱས་ཏེ་སྤྱི་ཚོགས་ཁྱབ་ཁོངས་ཀྱི་གཏིང་ཤུགས་ཆེན་པོ་འདོན་གང་ཐུབ་བྱེད་རྒྱུ།

    སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་སྤེལ་རྒྱུ། བྱེད་པོའི་ནུས་པའི་ཁུལ་གྱི་ལམ་ལུགས་དང་སྐྱེ་ཁམས་ཀྱི་གུན་གསབ་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་ཐོན་ཁུངས་ཁོར་ཡུག་གི་ལྟ་ཞིབ་སྔོན་བརྡའི་ལམ་སྲོལ་འཛུགས་པ་དང་། རྒྱལ་ཁབ་ཀྱི་རང་བྱུང་ཐོན་ཁུངས་དང་རྒྱུ་ནོར་གྱི་དོ་དམ་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བའི་ཚོད་ལྟ། རྒྱལ་ཁབ་ཀྱི་སྤྱི་གླིང་སྒྲིག་སྲོལ་གྱི་སྤྱིའི་འཆར་གཞི་འདོན་པ་བཅས་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ལམ་ལུགས་ཀྱི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་རྒྱུ།

    (གསུམ) རྒྱལ་ནང་གི་དགོས་མཁོའི་གཏིང་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་དང་དགོས་མཁོའི་གྲུབ་ཚུལ་ཕན་ཚུན་འཚམ་མཐུན་དང་། འཛད་སྤྱོད་རིམ་སྤོར་དང་དངུལ་འཇོག་ནུས་ལྡན་ཕན་ཚུན་སྐུལ་རེས། ས་ཁོངས་དང་གྲོང་ཁྱེར་དང་གྲོང་གསེབ་ཕན་ཚུན་མཐུན་སྦྱོར་ཡོང་བ་བཅས་བྱས་ཏེ་དཔལ་འབྱོར་འཕེལ་བའི་ནང་མཁོའི་རྒྱུན་རིང་སྐུལ་འཁྲིད་ནུས་པ་ཆེ་རུ་གཏོང་རྒྱུ།

    འཛད་སྤྱོད་བརྟན་པོའི་ངང་འཕར་བར་བྱེད་རྒྱུ། འཛད་སྤྱོད་ཀྱི་དགོས་མཁོའི་འགྱུར་ལྡོག་དང་འཚམ་པར་བྱེད་པ་དང་། སྲིད་ཇུས་དང་བྱེད་ཐབས་འཐུས་ཚང་དུ་གཏོང་བ། འཛད་སྤྱོད་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱེད་རྒྱུ། གཅིག་ནས་ཞབས་ཞུའི་འཛད་སྤྱོད་མགྱོགས་སུ་འཕེལ་རྒྱས་གཏོང་རྒྱུ། ཞབས་ཞུའི་ལས་རིགས་ཕྱོགས་བསྡུས་ཀྱིས་སྒྱུར་བཅོས་ཚོད་ལྟ་བྱེད་ཐེངས་གསར་པ་འགོ་བྱེད་ཚུགས་ཤིང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་སློབ་གསོ་དང་། རིག་གནས། རྒན་གསོ། སྨན་བཅོས་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་པར་རོགས་སྐྱོར་བྱེད་རྒྱུ། ཞབས་ཞུའི་ལས་རིགས་ཀྱི་མ་དཔེ་གསར་གཏོད་དང་། ལས་རིགས་བརྒལ་ནས་མཉམ་འདྲེས་ཡོང་བར་བྱེད་པ། སྨན་བཅོས་ལུས་གསོ་ཟུང་འབྲེལ་དང་། རིག་གནས་བསམ་བཀོད་སོགས་ཀྱི་གསར་དར་འཛད་སྤྱོད་འཕེལ་རྒྱས་གཏོང་རྒྱུ། ཡུལ་སྐོར་སྒྲིག་ཆས་དང་ཞབས་ཞུ་འཐུས་ཚང་དུ་བཏང་སྟེ་གྲོང་གསེབ་དང་། སྤྲོ་གསེང་ངལ་གསོ། ཡུལ་ཁམས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་ཡིན། གྲངས་ཀའི་དུད་ཁྱིམ་དང་། དྲ་ཐོག་སློབ་གསོ་སོགས་ཀྱི་ཆ་འཕྲིན་འཛད་སྤྱོད་བྱེད་ཁྱོན་ཆེ་རུ་གཏོང་རྒྱུ། ཞལ་པར་གྲོས་མོལ་དང་མྱུར་སྐྱེལ་རིགས་སྡེ་ཁུལ་དང་གྲོང་གསེབ་ཏུ་མཆེད་པར་བྱས་ཏེ། དངོས་གཞིའི་ཚོང་ཁང་གི་བྲིན་འཚོང་དང་དྲ་ཐོག་ཉོ་ཚོང་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུ། གཉིས་ནས་རྒྱུ་སྤུས་ལེགས་པའི་ཐོན་རྫས་འཛད་སྤྱོད་མང་དུ་གཏོང་རྒྱུ། ཁེ་ལས་ཀྱིས་རིགས་སྣ་ཇེ་མང་དང་། རྒྱུ་སྤུས་ཇེ་བཟང་། ཚོང་རྟགས་གསར་གཏོད་བཅས་བྱེད་པའི་སྣེ་ཁྲིད་བྱེད་ཅིང་། ཕྱི་ནང་གཉིས་འཚོང་གི་ཐོན་རྫས“ཐོན་སྐྱེད་བྱེད་རིམ་དང་ཚད་གཞི། རྒྱུ་སྤུས་རྣམ་གསུམ་འདྲ་མཉམ”དུ་ལག་བསྟར་བྱེད་ཁྱོན་ཆེ་རུ་བཏང་ནས། འཛད་སྤྱོད་རིམ་སྤོར་གྱི་དགོས་མཁོ་སྔར་ལས་ལྷག་པར་བསྐོང་རྒྱུ། གསུམ་ནས་ཚོང་རའི་སྒྲིག་ལམ་དག་ཐེར་དང་ཚད་ལྡན་བཟོ་རྒྱུ། རྫུན་རྫུས་ཞན་གསུམ་དང་། བརྡ་ཁྱབ་རྫུན་མ། རིན་གོང་གཡོ་རྫུས་སོགས་ཀྱི་བྱ་སྤྱོད་རྩད་ཞིབ་ཐག་གཅོད་ནན་པོར་བྱེད་པ་དང་། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་བཏང་ནས་མང་ཚོགས་ཚོ་དངུལ་བཏང་ནས་འཛད་སྤྱོད་བྱེད་རིགས་ཡིད་མི་སུན་པ་དང་། བློ་བདེ་ཡོང་བར་བྱེད་རྒྱུ།

    ཕན་ནུས་ལྡན་པའི་དངུལ་འཇོག་ཁྱོན་ཧུར་ཐག་སྐྱེད་རྒྱུ། ཞན་ཆ་གསབ་པ་དང་། གྲུབ་ཚུལ་ལེཌ་སྒྲིག གསར་གཏོད་ཡར་སྐུལ། དམངས་འཚོར་ཕན་པ་བཅས་ཀྱི་ཁྱབ་ཁོངས་སུ་མ་དངུལ་སྔར་ལས་མང་པོ་འཇོག་པའི་ཁྲིད་སྟོན་བྱེད་རྒྱུ། ད་ལོར་ལྕགས་ལམ་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་8000དང་། གཞུང་ལམ་དང་ཆུ་ལམ་ཐོག་སྐྱེལ་འདྲེན་ལ་མ་དངུལ་སྒོར་དུང་ཕྱུར་1.8འཇོག་རྒྱུ་ལེགས་འགྲུབ་བྱེད་རྒྱུ་མ་ཟད། ཆུ་བེད་ལས་གྲྭ་འགངས་ཆེན་15ཡང་འཛུགས་སྐྲུན་བྱེད་འགོ་བརྩམ་རྒྱུ་དང་། འཁོར་ལམ་འགྲིམ་འགྲུལ་དང་། དམངས་སྤྱོད་མཁའ་འགྲུལ་དང་། གློག་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་སོགས་པའི་ལས་གཞི་འགངས་ཆེན་ལ་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ། ཀྲུང་དབྱང་གི་སྔོན་རྩིས་སུ་མ་དངུལ་སྒོར་དུང་ཕྱུར་5076བཀོད་སྒྲིག་བྱེད་རྒྱུ། དམངས་ཁྲོད་ཀྱི་དངུལ་འཇོག་ལ་སྐུལ་མ་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་ལ་སྐུལ་འདེད་བཏང་ནས། འབྲེལ་ཡོད་རིན་གོང་དང་། ཁྲལ་གྲོན་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་འཐུས་ཚང་དུ་གཏོང་རྒྱུ། སྲིད་གཞུང་གིས་སྣེ་ཁྲིད་དེ་ཟོལ་མེད་ཡིད་རྟོན་ཐུབ་པར་བྱེད་དགོས་པ་ལས། ཁ་དན་རང་དགར་སྒྱུར་རིགས་གཏན་ནས་བྱེད་མི་རུང་བ་དང་། “འགོ་ཁྲིད་གསར་པས་རྩིས་ཐོ་རྙིང་པར་ཁ་ཡ་མི་བྱེད་པ”གཏན་ནས་བྱེད་མི་རུང་།

    ས་ཁོངས་ཀྱི་འཕེལ་རྣམ་ལེགས་སུ་གཏོང་རྒྱུ། འཐབ་ཇུས་ཆེན་པོ་གསུམ་དང“སྤེལ་གཞི་ཆེ་ཁག་བཞིའི”འཕེལ་རྒྱས་གཅིག་གྱུར་འཆར་འགོད་ཐོག་སྤེལ་རྒྱུ་དང་། འབྲེལ་ཡོད་འཆར་གཞི་ལག་བསྟར་ལེགས་པོར་བྱས་ནས་བྱེད་ཐབས་གསར་པ་ཞིབ་འཇུག་དང་གཏན་འབེབས་བྱེད་རྒྱུ། རྒྱལ་ཁབ་རིམ་པའི་ས་ཁུལ་གསར་པ་དང་། གསར་སྤེལ་ཁུལ། ཐོན་ལས་འདུས་ཁུལ་སོགས་ཀྱིས་གསར་གཏོད་འཕེལ་རྒྱས་གཏོང་བར་སྐུལ་སྤེལ་གཏོང་རྒྱུ། ཐོན་ཁུངས་སྟོངས་ཟད་དང་། སྐྱེ་ཁམས་ཞན་འགྱུར་ཚབས་ཆེན་སོགས་པའི་ས་ཁུལ་གྱི་དཔལ་འབྱོར་རིགས་སྒྱུར་འཕེལ་རྒྱས་ཡོང་བའི་རྒྱབ་སྐྱོར་བྱེད་རྒྱུ། མཁའ་ཁོངས་ཐོན་ཁུངས་བགོ་སྒྲིག་ལེགས་འགྱུར་དང་། རྒྱ་མཚོའི་དཔལ་འབྱོར་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད། མཚོ་རྒྱུད་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཚད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་རྒྱ་མཚོའི་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་རྒྱུ།

    གྲོང་རྡལ་དང་གྲོང་ཁྱེར་དཔེ་གསར་ཅན་དུ་སྐུལ་སྤེལ་ཏན་ཏིག་གཏོང་རྒྱུ། ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ། ད་ལོར་གྲོང་ཁྱེར་དུ་གཞིས་ཆགས་ཐུབ་པའི་མི་ཁྲི་1300ཡན་ཟིན་པར་བྱེད་ཅིང་། གཞིས་ཆགས་ལག་ཁྱེར་ལམ་ལུགས་ཡོངས་སུ་ཁྱབ་ཚད་མགྱོགས་སུ་གཏོང་རྒྱུ། གྲོང་ཁྱེར་འབྲིང་ཆུང་དང་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ཏེ། ཆ་རྐྱེན་འཛོམས་པའི་རྫོང་དང་གྲོང་རྡལ་དམིགས་བསལ་ཆེན་པོ་ཁག་གཅིག་རིམ་པ་ལྡན་པའི་སྒོ་ནས་གྲོང་ཁྱེར་དུ་སྒྱུར་བར་སྐུལ་འདེད་བཏང་ནས། གྲོང་ཁྱེར་ཁྱུ་ཚོགས་ཀྱི་འགྱེད་འཕྲོ་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་རྒྱུ། “སྒྲིག་སྲོལ་མང་པོ་གཅིག་ཏུ་ཟླ་སྒྲིལ་གཏོང་རྒྱུར”སྐུལ་འདེད་བཏང་ནས་གྲོང་ཁྱེར་གྱི་འཆར་འགོད་ཇུས་གཞིའི་ཆུ་ཚད་མཐོ་རུ་གཏོང་རྒྱུ། ཨར་ལས་ལས་རིགས་སྒྱུར་བཅོས་དང་འཕེལ་རྒྱས་འགྲོ་བར་བྱེད་རྒྱུ་དང་། ཇུས་འགོད་ཀྱི་ཆུ་ཚད་དང་ལས་གྲྭའི་སྤུས་ཚད་མཐོ་རུ་གཏོང་རྒྱུ། གྲོང་ཁྱེར་གྱི་ས་ངོས་ས་འོག་གི་འཛུགས་སྐྲུན་གཅིག་གྱུར་འཆར་འགོད་བྱས་ནས། ད་དུང་གྲོང་ཁྱེར་གྱི་ས་འོག་ཕྱོགས་བསྡུས་སྦུག་ལམ་སྤྱི་ལེ་2000ཡན་འཛུགས་སྐྲུན་བྱེད་འགོ་བརྩམ་རྒྱུ་དང་། གྲོང་ཁུལ་གྱི་ཞོད་སྐྱོན་འབྱུང་སླའི་ཁུལ་གཙོ་བོ་སེལ་བའི་ལོ་གསུམ་གྱི་ལས་སྒོ་བརྩམས་ནས། འགྱིག་བལ་བཞིན་གྱི་གྲོང་ཁྱེར་འཛུགས་སྐྲུན་ཐུབ་པར་བྱས་ཏེ། གྲོང་ཁྱེར་གྱི་ཕྱི་ནང་གཉིས་ཀ“ངོ་སོ”ཐོན་པར་བྱེད་རྒྱུ།

    (བཞི) གསར་གཏོད་ལ་བརྟེན་ནས་དངོས་གཞིའི་དཔལ་འབྱོར་རིགས་སྒྱུར་རིམ་འཕར་གྱི་སྣེ་ཁྲིད་བྱེད་རྒྱུ། དངོས་གཞིའི་དཔལ་འབྱོར་ནི་ནམ་ཡིན་ཡང་རང་རྒྱལ་འཕེལ་རྒྱས་གཏོང་བའི་གཞི་རྩ་ཡིན་པས། འཕྲལ་དུ་སྒྲུབ་དགོས་པའི་ལས་ཀ་ནི་གང་མྱུར་རིགས་སྒྱུར་རིམ་སྤོར་བྱེད་རྒྱུ་རེད། གསར་གཏོད་སྐུལ་སྤེལ་གྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་གཏིང་ཟབ་དང་། དངོས་གཞིའི་དཔལ་འབྱོར་གྲུབ་ཚུལ་ལེགས་འགྱུར་ཡོང་བར་བྱས་ཏེ། སྤུས་ཀ་དང་། ལས་ཕྱོད། འགྲན་ནུས་བཅས་རྒྱུན་མ་ཆད་པར་ཆེ་རུ་གཏོང་རྒྱུ།

    ཚན་རྩལ་གསར་གཏོད་ཀྱི་ནུས་པ་ཇེ་ཆེར་གཏོང་རྒྱུ། རྨང་གཞིའི་ཞིབ་འཇུག་དང་ཐོག་མའི་གསར་གཏོད་རང་བཞིན་གྱི་ཞིབ་འཇུག་ལ་དུས་ཡུན་རིང་པོར་བརྟན་པོའི་ངང་རྒྱབ་སྐྱོར་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། རྒྱལ་ཁབ་ཀྱི་ཚན་རྩལ་རྨང་གཞིའི་སྒྲིག་བཀོད་དང་ལག་རྩལ་གསར་གཏོད་ལྟེ་གནས་གལ་ཆེན་འཛུགས་སྐྲུན་བྱེད་རྒྱུ་དང་། ཚན་རྩལ་ཐོན་ཁུངས་སྒོ་འབྱེད་མཉམ་སྤྱོད་ཀྱི་ལས་སྟེགས་བསྐྲུན་རྒྱུ། ཕྱོགས་ཡོངས་ནས་གསར་གཏོད་སྒྱུར་བཅོས་ཀྱི་ཚོད་ལྟར་སྐུལ་འདེད་གཏོང་རྒྱུ། ཚན་རྩལ་གདེང་འཇོག་གི་ལམ་ལུགས་ལ་སྒྱུར་བཅོས་བྱེད་རྒྱུ། སློབ་ཆེན་དང་ཚན་རིག་ཞིབ་འཇུག་ཁང་གི་རང་བདག་དབང་ཆ་དོན་འཁྱོལ་ཏན་ཏིག་དང་། རྐང་དབང་གི་དུས་དབང་དང་ཡོང་སྒོ་བགོ་བ་སོགས་ལ་སྐུལ་ལྕག་གཏོང་བའི་སྲིད་ཇུས་དོན་འཁྱོལ། ཚན་རིག་ཞིབ་འཇུག་གི་གྲོན་དངུལ་དང་རྣམ་གྲངས་དོ་དམ་ལམ་ལུགས་སྒྱུར་བཅོས་དོན་འཁྱོལ་བཅས་བྱས་ཏེ་ཚན་ཞིབ་མི་སྣ་དོན་དག་རྩག་རྩིག་ལ་གཡེང་བ་དང་སེམས་ངལ་བྱེད་དུ་འཇུག་རྒྱུ་མིན། ཤེས་བྱའི་ཐོན་དངོས་བདག་དབང་ཕྱོགས་བསྡུས་ཀྱིས་དོ་དམ་བྱེད་པའི་སྒྱུར་བཅོས་ཚོད་ལྟ་བྱས་ཏེ། ཤེས་བྱའི་ཐོན་དངོས་བདག་དབང་གསར་གཏོད་དང་། སྲུང་སྐྱོང་། བེད་སྤྱོད་བཅས་བྱེད་པའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་དང་། ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་སྲིད་ཇུས་སྔར་ལས་ཕན་ནུས་ལྡན་པ་ལག་བསྟར་བྱས་ཏེ། གནམ་འོག་གི་འཇོན་མི་གཅིག་ཏུ་སྡེབ་སྟེ་ཚན་རྩལ་ཞིབ་འཇུག་མི་སྣའི་ཧུར་སེམས་འདོན་སྤེལ་གང་ཐུབ་བྱས་ན། གསར་གཏོད་ཀྱི་བྱ་གཞག་ཆེན་མོ་འགྲུབ་ཐུབ་ངེས་རེད།

    གསར་དར་ཐོན་ལས་སྐྱེད་སྲིང་རྒྱ་སྐྱེད་ཇེ་མགྱོགས་སུ་གཏོང་རྒྱུ། འཐབ་ཇུས་ལྡན་པའི་གསར་དར་ཐོན་ལས་འཕེལ་རྒྱས་གཏོང་བའི་འཆར་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། རྒྱུ་ཆས་གསར་པ་དང་། མིས་བཟོས་རིག་ལྡན། འདུས་གྲུབ་གློག་ལམ། སྐྱེ་དངོས་ཀྱི་སྨན་སྡེབ། སྤོ་འགུལ་འཕྲིན་གཏོང་རབས་ལྔ་པ་སོགས་པའི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་འཕོ་འགྱུར་ཇེ་མགྱོགས། ཐོན་ལས་ཁྱུ་ཚོགས་ཇེ་ཆེ་ཇེ་རྒྱས་སུ་གཏོང་རྒྱུ། དཔལ་འབྱོར་འཕེལ་རྒྱས་ལ་རོགས་སྐྱོར་དང་། ཁྲིད་སྟོན། མཉམ་སྤྱོད་བཅས་བྱས་ཏེ། སྤྱི་ཚོགས་ཀྱི་ཐོན་ཁུངས་བཀོལ་སྤྱོད་བྱེད་པའི་ཕན་ནུས་ཆེ་རུ་བཏང་ནས། མི་དམངས་མང་ཚོགས་འཚོ་བ་སྟབས་བདེ་ཡོང་བར་བྱེད་རྒྱུ། གསར་གཏོད་ལ་སྐུལ་མ་དང་། དཀྱེལ་ཡངས་གཟབ་ནན་གྱི་རྩ་དོན་ལ་གཞིགས་ཏེ། གསར་དར་ཐོན་ལས་ལ་ལྟ་སྐུལ་དོ་དམ་བྱེད་པའི་སྒྲིག་སྲོལ་བཟོ་རྒྱུ། སྡོམ་རྩིས་ཀྱི་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱས་ནས། གསར་དར་ཐོན་ལས་སྡོམ་རྩིས་འཐུས་ཚང་རྒྱག་རྒྱུ། དྲ་སྦྲེལ་གྱི་དུས་རབས་སུ། ཁྱབ་ཁོངས་ཁག་འཕེལ་རྒྱས་གཏོང་རིགས་ཚང་མ་མྱུར་ཚད་ཇེ་མགྱོགས་དང་། མ་གནས་དེ་བས་ཆུང་བའི་ཆ་འཕྲིན་དྲ་བ་མཁོ་བས། ད་ལོར་དྲ་བའི་མྱུར་ཚད་ཇེ་མགྱོགས་དང་འགྲོ་གྲོན་གཅོག་པའི་གོམ་སྟབས་ཆེན་པོ་བགྲོད་དེ། ལོ་འདིའི་ནང་དུ་ལག་འཁྱེར་ཁ་པར་ལས་རྒྱལ་ནང་གི་ཐག་རིང་ཁར་པར་གཏོང་གླ་དང་མྱུལ་འགྲུལ་གླ་རིན་ཚང་མ་མེད་པར་བཟོ་རྒྱུ་དང་། ཁེ་ལས་ཆུང་འབྲིང་གི་དྲ་སྦྲེལ་ཆེད་སྤྱོད་སྐུད་ལམ་མཐུད་ཆོག་གི་གླ་རིན་ཇེ་ཆེར་གཅོག་རྒྱུ། རྒྱལ་ནང་གི་ཐག་རིང་ཁ་པར་གཏོང་གླ་གཅོག་རྒྱུ། “དྲ་སྦྲེལ+”འཕེལ་རྒྱས་ཟབ་མོ་ཡོང་བར་སྐུལ་སྤེལ་དང་། གྲངས་ཀའི་དཔལ་འབྱོར་འཚར་ལོངས་མགྱོགས་པོ་ཡོང་བར་བྱས་ཐོག ཁེ་ལས་ལ་ཕན་ཁེ་ཁྱབ་ཆེ་དང་། མང་ཚོགས་ལ་ཁེ་ཕན་ཡོངས་ཁྱབ་ཏུ་ཐོབ་པར་བྱེད་རྒྱུ།

    སྲོལ་རྒྱུན་གྱི་ཐོན་ལས་སྒྱུར་བཀོད་ཤུགས་ཆེན་བྱས་ཏེ་རིམ་པ་སྤོར་རྒྱུ། 《ཀྲུང་གོས་བསྐྲུན་པའི་2025ལོ》ལག་བསྟར་གཏིང་ཟབ་བྱས་ཏེ། གཞི་གྲངས་ཆེན་པོ་དང་། སྤྲིན་རྩིས། ཟོག་སྦྲེལ་དྲ་བ་བཅས་བེད་སྤྱོད་བྱེད་ཚད་མགྱོགས་སུ་བཏང་སྟེ། ལག་རྩལ་དང་། ལས་རྣམ། སྤེལ་སྟངས་བཅས་གསར་པར་བརྟེན་ནས། སྲོལ་རྒྱུན་ཐོན་ལས་ཐོན་སྐྱེད་དང་། དོ་དམ། བྲིན་འཚོང་བཅས་ཀྱི་བྱེད་སྟངས་སྒྱུར་བཅོས་ཐུབ་པར་བྱེད་རྒྱུ། རིག་སྟོབས་བཟོ་སྐྲུན་འཕེལ་རྒྱས་གཏོང་རྒྱུ་གཙོ་རྒོལ་ཁ་ཕྱོགས་སུ་བཟུང་སྟེ། རྒྱལ་ཁབ་ཀྱི་རིག་སྟོབས་བཟོ་སྐྲུན་དཔེ་སྟོན་ཁུལ་དང་བཟོ་སྐྲུན་ལས་རིགས་གསར་གཏོད་ལྟེ་གནས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཞིང་། བཟོ་ལས་ལ་བརྟེན་ནས་རྨང་གཞི་བརྟན་དུ་གཏོང་བ་དང་། སྒྲིག་ཆས་འགངས་ཆེན་གྱི་ཆེད་དོན་ལས་གཞི་ལག་བསྟར་ཟབ་མོར་བྱེད་པ། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་བཟོ་སྐྲུན་རིམ་གྲས་མཐོ་འབྲིང་ཕྱོགས་སུ་སྐྱོད་པར་སྐུལ་འདེད་གཏོང་རྒྱུ། བཟོ་སྐྲུན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྱོང་གི་སྲིད་ཇུས་མ་ལག་འཐུས་ཚང་དུ་བཏང་སྟེ། བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་ལག་རྩལ་སྒྱུར་བཀོད་ལ་རྒྱབ་སྐྱོར་དང་། སྲོལ་རྒྱུན་གྱི་ཐོན་ལས་ལ་གསོན་ཤུགས་གསར་པ་རབ་ཏུ་རྒྱས་པར་བྱེད་རྒྱུ།

    དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་མུ་མཐུད་སྐུལ་འདེད་གཏོང་རྒྱུ། “གཉིས་གཏོད”ནི་ལས་གཏོད་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པའི་བྱེད་ཐབས་ཕན་ནུས་ལྡན་པ་ཞིག་ཡིན་པ་དང་། འགུལ་ནུས་གསར་རྙིང་བརྗེ་སྒྱུར་དང་དཔལ་འབྱོར་གྲུབ་ཚུལ་གྱི་རིམ་པ་སྤོར་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པ། གོ་སྐབས་འདྲ་མཉམ་ཡོང་བར་བྱེད་པ་དང་སྤྱི་ཚོགས་དཀྱུས་སུ་འཁོར་རྒྱུགས་བྱེད་པའི་འགྲོ་ལམ་དངོས་ཡིན་པས། རྒྱུན་མ་ཆད་པར་ཁྲིད་སྟོན་གཏིང་ཟབ་བྱེད་རྒྱུ་ཡིན། “གཉིས་གཏོད”དཔེ་སྟོན་རྟེན་གཞི་ཁག་གཅིག་གསར་སྐྲུན་བྱས་ཏེ། ཁེ་ལས་ཆེན་པོ་དང་། ཚན་རིག་ཞིབ་འཇུག་ཁང་། སློབ་ཆེན་བཅས་ཀྱིས་ཆེད་ལས་ཅན་གྱི་མང་འདུས་གསར་གཏོད་ཀྱི་བར་སྟོངས་འཛུགས་པར་སྐུལ་མ་གཏོང་ཞིང་། གསར་གཏོད་ཅན་གྱི་ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ།

    དམངས་ཀྱི“གཉིས་གཏོད”ལ་ཕྱོགས་པའི་གོ་རིམ་ཧྲིལ་པོའི་ཞབས་ཞུའི་མ་ལག་གཏོད་དེ། བྱེད་པོ་རིགས་ཁག་གིས་རང་རང་གི་འཇོན་ཐང་འདོན་པ་དང་། དྲ་ཐོག་དྲ་མིན་མཉམ་འགུལ་བྱེད་རེས་ཡག་པོར་བྱས་ཏེ། ཁེ་ལས་ཆུང་ངུ་གང་སར་ཁེབས་པ་དང་། ཁེ་ལས་ཆེ་རིགས་ས་གནོན་གནམ་ཐེག་ཏུ་འགྱུར་བར་བྱས་ཏེ། ཚོང་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་བྱེད་ནུས་འགྲན་པའི་ཚུལ་གྱིས་འདོན་སྤེལ་བྱེད་རྒྱུ།

    སྤུས་ཚད་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ། སྤུས་ཚད་མཐོ་རུ་གཏོང་བའི་བྱེད་སྒོ་ཁྱབ་ཆེར་སྤེལ་ནས། ཕྱོགས་ཡོངས་ནས་སྤུས་ཚད་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དྲག་རྒྱལ་ཞན་འཇིག་གི་སྤུས་ཚད་འགྲན་རྩོད་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ། སྤུས་ཀའི་གནད་ཀ་བློ་ཐབས་མཁས་ལས་བྱུང་། ཐབས་རྩལ་རྨད་དུ་བྱུང་བ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ལག་ཤེས་པའི་རིག་གནས་སྐྱེད་སྲིང་ཆེན་པོར་བྱས་ཏེ། ལས་རིགས་ཀྱི་སྤྱོད་ལམ་སྲུང་གང་ཐུབ་དང་། ཡག་ཐོག་ཡག་བརྩེགས་ལ་བརྩི་མཐོང་དར་སྤེལ། “ཀྲུང་གོའི་ལག་ཤེས་པ”མང་པོ་གསོ་སྐྱོང་བྱས་ནས“ཀྲུང་གོའི་ཚོང་རྟགས”སྔར་ལས་མང་པོ་འཛམ་གླིང་ཐོག་སྙན་གྲགས་ཁྱབ་པར་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་སྤུས་བཟང་གི་དུས་རབས་སུ་འཕེལ་བར་བྱེད་རྒྱུ།

    (ལྔ) ཞིང་ལས་འཕེལ་རྒྱས་བརྟན་པོ་དང་ཞིང་པའི་ཡོང་འབབ་མུ་མཐུད་འཕར་སྣོན་ཡོང་བར་བྱེད་རྒྱུ། ཞིང་ལས་ཀྱི་མཁོ་འདོན་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་ཟབ་མོ་བཏང་ནས། ཞིང་དར་ཞིང་ཕན་གྱི་སྲིད་ཇུས་འཐུས་ཚང་དང་། ཞིང་པའི་ལས་ཞུགས་དང་ཡོང་འབབ་ཇེ་ཆེར་གཏོང་ཐབས་རྒྱ་བསྐྱེད། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་། ཞིང་ལས་དེང་རབས་ཅན་དུ་འགྱུར་བ་དང་གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན་དུ་སྒྱུར་རེས་དང་མཉམ་རྒྱས་ཡོང་བ་བཅས་བྱས་ཏེ། ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་སྐྱེད་སྲིང་གང་མགྱོགས་བྱེད་རྒྱུ།

    ཞིང་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་ཡོང་བར་བྱེད་རྒྱུ། ཞིང་པས་ཚོང་རའི་དགོས་མཁོར་གཞིགས་ཏེ་ཐོན་སྐྱེད་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་བྱས་ནས། ལྗང་མདོག་གི་ཞིང་ལས་ཐོན་རྫས་སྤུས་དག་མཁོ་འདོན་བྱེད་ཚད་ཆེ་རུ་གཏོང་བ་དང་། ཆུ་འབྲས་དང་གྲོ་སྤུས་ལེགས་པོ་ཐོན་སྐྱེད་བྱེད་ཁྱོན་སྐྱེད་དགོས་ཤིང་། མ་རྨོས་ལོ་ཏོག་འདེབས་ཁྱོན་ཆུང་དུ་འཚམ་པོར་གཏོང་བ། འབྲུ་རིགས་ཀྱི་ཚབ་ཏུ་གཟན་ཆས་འདེབས་པའི་ཚོད་ལྟ་བྱེད་ཁྱོན་མུའུ་ཁྲི་1000ཡན་ཆེ་རུ་གཏོང་རྒྱུ། མ་རྨོས་ལོ་ཏོག་མཛོད་ཉར་བྲིན་འཇུའི་ཐབས་ལམ་མང་པོ་འཚོལ་བར་བསྔགས་སྐུལ་བྱེད་རྒྱུ། ཐོན་ཁུལ་གཙོ་བོས་ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་པར་རྒྱབ་སྐྱོར་བྱེད་ཅིང་། ཐོན་ལས་འབྲེལ་མཐུད་དང་། རིན་གོང་འབྲེལ་མཐུད་བྱེད་ཁྱོན་ཆེ་རུ་བཏང་སྟེ། གྲོང་གསེབ་ཀྱི་ཐོན་ལས་དང་པོ་གཉིས་པ་གསུམ་པ་མཉམ་འདྲེས་ངང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཆགས་པར་བྱེད་རྒྱུ།

    དེང་རབས་ཀྱི་ཞིང་ལས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཞིང་ལས་ཐོན་རྫས་ཚད་ལྡན་ཅན་དུ་ཐོན་སྐྱེད་དང་ཚོང་རྟགས་གསར་བཟོར་སྐུལ་འདེད་གང་མྱུར་གཏོང་རྒྱུ་དང་། འབྲུ་རིགས་ཐོན་སྐྱེད་བྱེད་ལས་ཁུལ་དང་། ཞིང་ལས་ཐོན་རྫས་གཙོ་བོ་ཐོན་སྐྱེད་སྲུང་སྐྱོང་ཁུལ། ཁྱད་ལྡན་ཞིང་ལས་ཐོན་རྫས་བཟང་ཆ་ལྡན་ཁུལ། དེང་རབས་ཀྱི་ཞིང་ལས་ཐོན་སྐྱེད་གླིང་བཅས་བསྐྲུན་རྒྱུ། ས་ཞིང་བཅོས་སྐྱོང་ལ་སྐུལ་འདེད་བཏང་སྟེ། ཐོན་འབབ་ཆུང་འབྲིང་གི་ཞིང་ག་ལེགས་བཅོས་ཤུགས་ཆེན་དང་། ཕན་ནུས་དང་ཆུ་གྲོན་ཆུང་བའི་ཞིང་ཆུ་འདྲེན་ཁྱོན་མུའུ་ཁྲི་2000གསར་སྣོན་བྱེད་རྒྱུ། རྨོང་ཞིང་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བཟུང་གསབ་དོ་སྙོམས་ལེགས་སུ་གཏོང་རྒྱུ། རྣམ་པ་མང་ཞིང་གཞི་ཁྱོན་འཚམ་པོའི་གཉེར་སྐྱོང་འཕེལ་རྒྱས་གཏོང་བ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཞིང་ལས་དེང་རབས་ཅན་དུ་འགྱུར་བར་བྱེད་པའི་བགྲོད་ལམ་ལྡོག་མེད་ཡིན་པས། ཞིང་ལས་འགན་བཅོལ་གྱི་འགན་སྲུང་ནུས་ལྡན་དང་ཁ་བྲལ་ཐབས་མེད། ད་ལོར་འབྲུ་རིགས་ཐོན་ཁུལ་གཙོ་བོའི་ཞིང་ཆེན་13ནས་རྫོང་དང་གྲོང་ཁྱེར་ཁ་ཤས་བདམས་ཏེ། གཞི་ཁྱོན་འཚམ་པོའི་གཉེར་སྐྱོང་གི་ཞིང་དུད་ལ་གུད་ཆགས་ཆེན་པོ་འགན་བཅོལ་བྱེད་རྒྱུ། ནོར་སྲིད་རྒུད་སྐྱོབ་ཀྱི་མ་དངུལ་ཆ་ཤས་རོགས་སྐྱོར་དུ་ལེགས་སྒྲིག་བྱེད་པར་རྒྱབ་སྐྱོར་བྱས་ཏེ། འགན་བཅོལ་ཁ་གསབ་སྤྲོད་པའི་ཚད་གཞི་ཇེ་མཐོར་བཏང་ཐོག ཞིང་ལས་ཀྱི་འགན་བཅོལ་བསྐྱར་མའི་མ་ལག་འཐུས་ཚང་དུ་བཏང་སྟེ། ཞིང་ལས་འགན་བཅོལ་རྒྱུན་མཐུད་བརྟན་པོ་ཡོང་བར་བརྟེན་ནས་དེང་རབས་ཀྱི་ཞིང་ལས་འཕེལ་རྒྱས་ཡོང་བར་བྱེད་རྒྱུ།

    གྲོང་གསེབ་སྒྱུར་བཅོས་ཟབ་སྤེལ་བྱེད་རྒྱུ། གྲོང་གསེབ་ཐུང་མོང་གི་ཐོན་སྐྱེད་བདག་དབང་ལམ་ལུགས་སྒྱུར་བཅོས་བརྟན་པོ་ཡོང་བར་བྱས་ནས། གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་སྒྱུར་བཅོས་ཚོད་ལྟ་ཟབ་སྤེལ་བྱེད་པ་དང་། ཞིང་པར་རྒྱུ་ནོར་གྱི་དབང་ཆ་སྔར་ལས་མང་པོ་སྤྲོད་རྒྱུ། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་ཀྱི་རིན་གོང་ཆགས་པའི་ལམ་སྲོལ་དང་གསོག་ཉར་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཞིང་ལས་ཀྱི་ཆུའི་རིན་གོང་ཕྱོགས་བསྡུས་ཀྱིས་སྒྱུར་བཅོས་བྱེད་པར་སྐུལ་འདེད་གཏོང་རྒྱུ། ཐུན་མོང་གི་ནགས་ཚལ་དབང་ཆ་དང་། རྒྱལ་ཁབ་ལ་དབང་བའི་ནགས་ཁུལ་དང་ནགས་ར། ས་ཞིང་གསར་སྦོལ། མཁོ་འཚོང་ཁང་སོགས་སྒྱུར་བཅོས་ཟབ་སྤེལ་བྱེད་རྒྱུ། གྲོང་གསེབ་ཀྱི་“གསར་གཏོད་གཉིས”ལ་སྐུལ་མ་གཏོང་བའི་ལམ་སྲོལ་འཐུས་ཚང་འཛུགས་པ་དང་། ཞིང་པ་ལས་མི་རང་ཡུལ་དུ་ལོག་ནས་ལས་ལམ་འབྱེད་པར་རྒྱབ་སྐྱོར། སློབ་གྲྭ་ཆེན་མོའི་སློབ་ཐོན་སློབ་མ་དང་། དམག་ལོག་དམག་མི། ཚན་རྩལ་མི་སྣ་བཅས་གྲོང་གསེབ་ཏུ་འཇོན་ཐང་འདོན་པར་སྐྱོད་པར་བསྔགས་སྐུལ་བྱེད་རྒྱུ།

    གྲོང་གསེབ་ཀྱི་སྤྱི་པའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་20གསར་སྐྲུན་དང་བཅོས་སྐྲུན་བྱེད་རྒྱུ། གྲོང་གསེབ་དུ་བརྟན་ཞིང་བློས་འཁེལ་རུང་བའི་གློག་འདོན་ཞབས་ཞུ་དང་བདེ་ཐང་ཁུལ་གྱི་འཕྲུལ་ཁྲོན་གློག་གཏོང་ཡོངས་སུ་ཁྱབ་པར་བྱེད་རྒྱུ། སྲིད་འཛིན་གྲོང་ཚོ་ཁྲི་3ལ་འོད་ཚིན་ཤར་གཏོང་ཐུབ་པར་བྱེད་རྒྱུ། གྲོང་གསེབ་ཀྱི་འཐུང་ཆུ་བདེ་འཇགས་མཁོ་འདོན་འགན་ལེན་བྱེད་ཚད་ཆེ་རུ་གཏོང་རྒྱུ། གྲོང་གསེབ་ཀྱི་ཁང་གོག་ཉེན་ཅན་ལེགས་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོང་གསེབ་ཀྱི་གྲོང་མི་སྡོད་སའི་ཁོར་ཡུག་བཅོས་སྐྱོང་ལ་སྐུལ་འདེད་ཟབ་མོ་བཏང་སྟེ། དེང་རབས་ཀྱི་དཔལ་ཡོན་ལྡན་ལ་ཞིང་གྲོང་གི་མཛེས་ལྗོངས་ཀྱང་མངའ་བའི་གྲོང་གསེབ་ཡིད་དུ་འོང་བ་འཛུགས་སྐྲུན་བྱེད་རྒྱུ།

    (དྲུག) ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱ་རང་འགུལ་ངང་ནས་བསྐྱེད་རྒྱུ། རྒྱལ་སྤྱིའི་ཁོར་ཡུག་ལ་འགྱུར་ལྡོག་གསར་པ་བྱུང་བ་དང་རྒྱལ་ནང་འཕེལ་རྒྱས་ཀྱི་དགོས་མཁོ་གསར་པར་དམིགས་ནས། ཕྱི་ཕྱོགས་སུ་སྒོ་འབྱེད་པའི་འཐབ་ཇུས་ཀྱི་བཀོད་པ་སྔར་ལས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། སྒོ་མོ་ཕྱེ་བའི་དཔལ་འབྱོར་སྒྲིག་སྲོལ་གསར་པ་གང་མགྱོགས་འཛུགས་པ། གཏིང་རིམ་སྔར་ལས་ཟབ་པ་དང་། ཆུ་ཚད་སྔར་ལས་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོད་རྒྱུ།

    “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་མཐའ་འཁྱོངས་དང་། སྐམ་སའི་དཔལ་འབྱོར་བར་ཁྱམས་དང་མཚོ་ཐོག་མཉམ་ལས་རྟེན་ས་འཛུགས་སྐྱོང་མགྱོགས་སུ་བཏང་ནས། མཚོ་ལམ་རྒྱུད་ཀྱི་ལས་ཆོད་ཆེ་བའི་འགག་སྒོའི་མཉམ་ལས་ལམ་སྲོལ་འཛུགས་རྒྱུ། རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་ཟབ་སྤེལ་བྱས་ནས། རང་རྒྱལ་གྱི་སྒྲིག་ཆས་དང་། ལག་རྩལ། ཚད་གཞི། ཞབས་ཞུ་བཅས་ཕྱིར་སྐྱོད་པར་སྐུལ་ཁྲིད་བྱས་ཏེ། བཟང་ཆ་གསབ་རེས་ཡོང་བར་བྱེད་རྒྱུ། སློབ་གསོ་དང་། རིག་གནས། ཡུལ་སྐོར་སོགས་པའི་ཁྱབ་ཁོངས་སུ་སྤེལ་རེས་མཉམ་ལས་བྱེད་རྒྱུ། “རྒྱུད་གཅིག་ལམ་གཅིག་”གི་རྒྱལ་སྤྱིའི་མཉམ་ལས་ཚོང་གཙོའི་གླེང་སྟེགས་ཆུ་ཚད་མཐོན་པོའི་ཐོག་ནས་ཡག་པོར་གཉེར་ནས། མཉམ་ལས་མཉམ་རྒྱལ་གྱི་ལེ་ཚན་གསར་པ་དཀྲོལ་རྒྱུ།

    ཕྱི་ཕྱོགས་ཉོ་ཚོང་མུ་མཐུད་ཇེ་བརྟན་ཇེ་བཟང་དུ་འགྱུར་བར་བྱེད་རྒྱུ། ཕྱིར་གཏོང་ནང་འདྲེན་གྱི་སྲིད་ཇུས་དོན་འཁྱོལ་དང་འཐུས་སྒོ་ཚང་དུ་བཏང་ནས། བཟང་འདྲེན་བཟང་གཏོང་ཡོང་བར་བྱེད་རྒྱུ། ཕྱིར་གཏོང་གི་ཡིད་རྟོན་འགན་བཅོལ་ཁེབས་ཚད་ཆེ་རུ་བཏང་ནས། སྒྲིག་ཆས་ཆ་འགྲིག་ཕྱིར་གཏོང་གི་དངུལ་བསྡུའི་འགན་བཅོལ་དགོས་རིགས་འགན་བཅོལ་གང་ཐུབ་བྱེད་རྒྱུ། ཞབས་ཞུའི་ཉོ་ཚོང་གསར་གཏོད་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པའི་ཐེབས་རྩ་འཛུགས་རྒྱུ། ཚོང་རའི་ཉོ་སྒྲུབ་ཀྱི་ཉོ་ཚོང་དང་། ཕྱི་ཕྱོགས་ཉོ་ཚོང་གི་ཕྱོགས་བསྡུས་ཞབས་ཞུའི་ཁེ་ལས་འཕེལ་རྒྱས་གཏོང་བར་རོགས་སྐྱོར་བྱེད་རྒྱུ་དང་། ཕྱི་ཕྱོགས་ཉོ་ཚོང་རིགས་སྒྱུར་རིམ་སྤོར་གྱི་དཔེ་སྟོན་རྟེན་གཞི་ཇེ་མགྱོགས་སུ་འཛུགས་རྒྱུ། ལས་སྣོན་གྱི་ཉོ་ཚོང་ཐོན་ལས་ཕྲེང་བ་རིམ་པ་མཐོ་འབྲིང་དུ་མཆེད་པ་དང་། དབུས་ནུབ་ས་ཁུལ་དུ་སྐས་རིམ་བཞིན་སྤོ་སྒྱུར་ཐུབ་པར་བྱེད་རྒྱུ། རྒྱལ་སྤྱིའི་ཉོ་ཚོང་གི“སྐར་ཁུང་རྐྱང་པ”རུ་ཁྱབ་སྤེལ་བྱས་ནས། རྒྱལ་ཡོངས་འགག་སྒོ་ལས་བརྒྱུད་ཚུལ་གཞི་གཅིག་ཏུ་འགྱུར་བར་བྱེད་རྒྱུ། སྔོན་ཐོན་ལག་རྩལ་དང་། སྒྲིག་ཆས། འགག་རྩའི་ལྷུ་ལག་ཆེ་ཆུང་བཅས་ནང་འདྲེན་བྱེད་ཚད་ཆེ་རུ་གཏོང་རྒྱུ་དང་། ཉོ་ཚོང་དོ་མཉམ་ངང་འཕེལ་རྒྱས་དང་རྒྱལ་ནང་གི་ཐོན་ལས་རིམ་པ་གང་མྱུར་འཕར་བར་བྱེད་རྒྱུ།

    ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པའི་ཁོར་ཡུག་བཟང་འགྱུར་གང་ཐུབ་བྱེད་རྒྱུ། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པའི་ཐོན་ལས་ཀྱི་ཁྲིད་སྟོན་དཀར་ཆག་དག་བཅོས་བྱེད་རྒྱུ་དང་། ཞབས་ཞུའི་ལས་རིགས་དང་། བཟོ་སྐྲུན་ལས་རིགས། གཏེར་འདོན་ལས་རིགས་སོགས་པར་ཕྱི་རྒྱལ་གྱི་མ་དངུལ་འཇོག་འཐུས་ཇེ་ལྷུག་ཏུ་གཏོང་རྒྱུ། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པའི་ཁེ་ལས་ཀྱིས་རྒྱལ་ནང་གི་ཚོང་རར་ཞུགས་པ་དང་། བུན་འཛིན་འགྲེམས་པར་རོགས་སྐྱོར་དང་། རྒྱལ་ཁབ་ཀྱི་ཚན་རྩལ་འཆར་གཞིའི་རྣམ་གྲངས་སུ་ཞུགས་ཆོག་པར་བྱེད་རྒྱུ། ཐོབ་ཐང་ཆོག་འཁྲོལ་དང་། ཚད་གཞི་གཏན་འབེབས། སྲིད་གཞུང་གིས་ཉོ་སྒྲུབ། 《ཀྲུང་གོས་བསྐྲུན་པའི་2025ལོའི》སྲིད་ཇུས་ལོངས་སྤྱོད་སོགས་པའི་ཐད། རྒྱལ་ཕྱི་རྒྱལ་ནང་གི་ཚོང་པ་གང་རུང་གིས་མ་དངུལ་འཇོག་པའི་ཁེ་ལས་ལ་ཉེ་རིང་མེད་པར་བྱེད་རྒྱུ། ཁྲིམས་བཀོད་ཀྱི་མཚམས་ཚད་ཁྱབ་ཁོངས་ནང་། ས་གནས་སྲིད་གཞུང་གིས་ཚོང་དང་མ་རྩ་འདྲེན་འགུགས་ཀྱི་གཟིགས་སྐྱོང་སྲིད་ཇུས་གཏན་ལ་འབེབས་དགོས། ཚད་གཞི་དང་ཆུ་ཚད་མཐོ་བའི་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་11འཛུགས་རྒྱུ་དང་། ལེགས་འགྲུབ་བྱུང་བའི་ཉམས་མྱོང་ཕྱོགས་ཡོངས་ནས་ཁྱབ་སྤེལ་བྱེད་རྒྱུ། ཕྱི་ཕྱོགས་སུ་མ་དངུལ་འཇོག་རིགས་སྐྱོན་བྲལ་ཚད་ལྡན་ངང་ནས་འཕེལ་རྒྱས་ཡོང་བའི་ཁྲིད་སྟོན་བྱེད་པ་དང་། ཉམས་ཉེན་འགོག་ནུས་ཆེ་རུ་གཏོང་རྒྱུ། ཀྲུང་གོས་སྒོ་ཇེ་ཆེར་འབྱེད་རྒྱུ་ཡིན་པས། མུ་མཐུད་ནས་ཡིད་དབང་འགུག་ཤུགས་ཆེ་ཤོས་ལྡན་པའི་ཕྱི་རྒྱལ་གྱི་ཚོང་པའི་མ་དངུལ་འཇོག་ཡུལ་དུ་འགྱུར་ངེས་རེད།

    རྒྱལ་སྤྱིའི་ཉོ་ཚོང་དང་དངུལ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་བྱེད་རྒྱུ། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་བྱེད་རྒྱུ་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་རྩ་བའི་ཁེ་ཕན་དང་མཐུན་པ་ཡིན་པས། ཀྲུང་གོས་གོ་ལ་ཧྲིལ་པོའི་དཔལ་འབྱོར་མཉམ་ལས་ལ་བློ་བརྟན་འགྱུར་མེད་ཀྱིས་སྐུལ་སྤེལ་གཏོང་རྒྱུ་དང་། ཕྱོགས་མང་ཚོང་གཉེར་སྒྲིག་སྲོལ་གྱི་ཐབས་ལམ་གཙོ་བོའི་གོ་གནས་སྲུང་ནས། ཕྱོགས་མང་ཚོང་གཉེར་གྱི་གྲོས་མོལ་དུ་ཧུར་ཐག་ཞུགས་རྒྱུ་ཡིན། ང་ཚོས་འབྲེལ་ཡོད་རྒྱལ་ཁབ་དང་ལྷན་དུ་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ཁུལ་རིམ་པ་སྤོར་བའི་ཆོད་ཡིག་ཕྱོགས་ཡོངས་ནས་དོན་འཁྱོལ་ཕན་གོ་ཆོད་པར་བྱས་ཏེ། ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་མཐུན་འཇོག་པའི་གྲོས་མོལ་སྔ་ཙམ་མཇུག་སྒྲིལ་ཏེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཉོ་ཚོང་ཁུལ་འཛུགས་པར་སྐུལ་མ་གཏོང་འདོད་ཡོད། འབྲེལ་ཡོད་རྒྱལ་ཁབ་དང་ས་ཁུལ་བར་མུ་མཐུད་ནས་མ་དངུལ་འཇོག་པ་དང་ཉོ་ཚོང་གྱི་གྲོས་མཐུན་འཇོག་རྒྱུ་ཡིན། ཀྲུང་གོ་ནི་འགན་འཁྲི་འཁུར་མཁན་རྒྱལ་ཁབ་ཅིག་ཡིན་པས། ཁས་བླངས་རིགས་ད་བར་ལག་བསྟར་ནན་ཏན་བྱས་ཡོད་ཅིང་། ཁེ་དབང་ཡོད་རིགས་ཀྱང་མཐའ་གཅིག་ཏུ་བསྲུང་རྒྱུ་ཡིན།

    (བདུན) སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྐྱེ་ཁམས་ཁོར་ཡུག་སྤྱི་དང་ལྷག་པར་དུ་རླུང་ཁམས་ཆེན་མོའི་སྤུས་ཚད་ལེགས་བཅོས་གང་མྱུར་བྱེད་རྒྱུ་ནི་མི་དམངས་མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་གི་འདོད་མོས་ཡིན་ལ། བསྟུད་མར་འཕེལ་རྒྱས་ཐུབ་པའི་གཏིང་གི་བླང་བྱའང་ཡིན་པས། ངེས་པར་དུ་ཚན་རིག་དང་མཐུན་པའི་ཐབས་ཇུས་ལག་བསྟར་དང་། རྩ་ལག་མཉམ་བཅོས། བཙན་ཐབས་ཀྱིས་བཅོས་སྐྱོང་བཅས་བྱས་ཏེ། མི་དམངས་མང་ཚོགས་ལ་ཚད་ལོན་པའི་རྒྱུགས་སྤྲོད་རྒྱུ་ཡིན།

    མཁའ་རླུང་གཙང་མར་སྲུང་བའི་འཐབ་རྩོད་མཐའ་གཅིག་ཏུ་བྱེད་རྒྱུ། ད་ལོར་དབྱང་གཉིས་ཟི་རྫས་དང་། ཏཱན་དབྱང་འགྱུར་རྫས་འབུད་ཚད་སོ་སོར་3%ཆག་པར་བྱེད་རྒྱུ་དང་། གཙོ་གནད་ས་ཁུལ་གྱི་ཕྲ་རྡུལ(PM2.5)གར་ཚད་མངོན་གསལ་ཆག་པར་བྱེད་རྒྱུ་ཡིན། གཅིག་ནས་སོལ་སྲེག་སྦགས་བཙོག་ཀྱི་གནད་དོན་གང་མྱུར་སེལ་རྒྱུ་ཡིན། ཕྱོགས་ཡོངས་ནས་རྡོ་སོལ་སིལ་མ་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་བྱས་ཏེ། བྱང་ཕྱོགས་ས་ཁུལ་དུ་དགུན་ཁའི་དུས་སུ་སྦགས་མེད་དྲོད་ལེན་ཁྱབ་སྤེལ་བྱས་ནས། སོལ་ཚབ་གློག་གཏོང་དང་། སོལ་ཚབ་སོལ་རླངས་བྱེད་མཁན་ཁྱིམ་དུད་ཁྲི་300ཡན་ཟིན་པར་བྱེད་རྒྱུ་དང་། ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར་བཙུགས་ཁུལ་གྱི་སོལ་སྲེག་ཁྲོ་ཐབ་ཆུང་ངུ་ཚང་མ་དོར་རྒྱུ། སོལ་སྲེག་གློག་ཁང་གིས་འབུད་སྐྱུར་ཤིན་ཏུ་ཉུང་ཞིང་ནུས་གྲོན་ལེགས་བཅོས་བྱེད་ཤུགས་ཆེ་རུ་བཏང་སྟེ། ཤར་དབུས་རྒྱུད་ཀྱི་ས་ཁུལ་གྱིས་ད་ལོ་དང་སང་ལོ་སོ་སོར་ལེགས་འགྲུབ་དང་། ནུབ་རྒྱུད་ས་ཁུལ་གྱིས་2020ལོར་ལེགས་འགྲུབ་ཡོང་བར་བྱེད་རྒྱུ། ལམ་སྲོལ་དང་ལག་རྩལ་གྱི་དཀའ་ངལ་སེལ་རྒྱུ་དམ་འཛིན་དང་། སྐྱེ་ལྡན་ནུས་རྒྱུའི་གློག་གཏོང་དྲ་སྦྲེལ་སྔོན་ལ་འགན་སྲུང་བྱས་ནས། ཆུ་རླུང་འོད་གསུམ་གནས་བབ་ཕན་འབྲས་ཐོན་པར་ཞི་ལྷོད་དུ་གཏོང་རྒྱུ། སོག་མ་ཐོན་ཁུངས་ཅན་དུ་སྤྱོད་ཚད་མགྱོགས་སུ་གཏོང་རྒྱུ། གཉིས་ནས་སྦགས་བཙོག་འབྱུང་གཞི་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱས་ཏེ། ལས་རིགས་གཙོ་གནད་ཀྱི་སྦགས་བཙོག་བཅོས་སྐྱོང་གི་ཆེད་དམིགས་ལས་སྒོ་སྤེལ་རྒྱུ་དང་། བཟོ་ལས་ཀྱི་སྦགས་བཙོག་འབྱུང་གཞི་གཙོ་གནད་ཚང་མར་ཆུ་ཚོད་24རིང་དྲ་ཐོག་ནས་ལྟ་སྐུལ་ཚོད་འཛིན་བྱས་རྒྱུ། འབུད་སྐྱུར་ཚད་གཞི་མ་ལོན་པའི་ཁེ་ལས་ལ་མཐའ་མཇུག་གི་ཚད་གཞིའི་མཚམས་ཚད་བཟོས་ནས། དུས་ཚོད་ཟིན་རུང་ཚད་གཞི་མ་ལོན་པའི་རིགས་ཁྲིམས་མཐུན་ལྟར་བློ་ཐག་ཆོད་པོས་སྒོ་རྒྱག་ལས་མཚམས་འཇོག་རྒྱུ། གསུམ་ནས་འཕྲུལ་སྒུལ་འཁོར་རིགས་ཀྱི་མཇུག་རླངས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རྟགས་སེར་རླངས་འཁོར་རྩ་བའི་ཆ་ནས་དོར་རྒྱུ། འཕྲུལ་སྒུལ་འཁོར་རིགས་རྙིང་གོག་གང་མྱུར་དོར་རྒྱུ། སྦགས་བཙོག་འབུད་སྐྱུར་ཆེ་བའི་འཕྲུལ་སྒུལ་འཁོར་རིགས་ཆེད་དམིགས་བཅོས་སྐྱོང་བྱས་ནས། ནུས་ཁུངས་གཙང་མའི་རླངས་འཁོར་སྤྱོད་པར་བསྔགས་སྐུལ་བྱེད་རྒྱུ། ས་ཁོངས་གཙོ་གནད་དུ་རྒྱལ་ཁབ་ཀྱི་འབར་སྣུམ་ཚད་ལྡན་དྲུག་པ་ཁྱབ་སྤེལ་བེད་སྤྱོད་གང་མྱུར་བྱེད་རྒྱུ། བཞི་ནས་སྦགས་བཙོག་ཆེ་བའི་གནམ་གཤིས་ལ་ཁ་གཏད་ཕན་འབྲས་ཐོན་པར་འཇལ་རྒྱུ་ཡིན། སྨུག་རྡུལ་དུ་འགྱུར་རྐྱེན་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་ནས། ཁ་གཏད་འཇལ་བའི་ཚན་རིག་དང་མཐུན་ཤུགས་དང་གནད་དུ་འཁེལ་ཤུགས་ཆེ་རུ་གཏོང་རྒྱུ། ས་ཁོངས་གཙོ་གནད་དུ་མཉམ་འགོག་མཉམ་འཛིན་མཉམ་བཅོས་བཅས་ཀྱི་ཁྱབ་ཁོངས་ཆེ་རུ་གཏོང་རྒྱུ་དང་། འཕྲལ་མཁོའི་བྱེད་ཐབས་ཆེ་རུ་གཏོང་རྒྱུ། ལྔ་ནས་ཁོར་ཡུག་ཁྲིམས་བསྟར་དང་ལྟ་བཤེར་འགན་འདྲི་ནན་པོར་བྱེད་རྒྱུ། ལྐོག་འབུད་དང་། རྫུན་བཟོ་མཁན་ལ་ངེས་པར་རྡུང་རྡེག་ནན་པོར་གཏོང་རྒྱུ་དང་། ནུས་པ་ཞན་པ་དང་། རྒྱ་ཡན་དུ་གཏོང་རིགས་ལ་ངེས་པར་ཁྲིམས་བསྟར་བདའ་འདེད་ནན་པོར་བྱེད་རྒྱུ། མཁའ་རླུང་གི་སྤུས་ཚད་ཇེ་ཞན་དུ་འགྲོ་ཚུལ་ལ་ཁ་གཏད་འཇལ་ཤུགས་མི་འདང་བར་ངེས་པར་དུ་འགན་འདྲི་ནན་པོར་བྱེད་རྒྱུ། སྨུག་རྡུལ་བཅོས་སྐྱོང་བྱེད་འགན་ཚང་མར་ཡོད་པས། གནད་ཀ་ནི་བྱ་སྤྱོད་དངོས་དང་། འགྲུབ་མིན་ནི་མཐའ་འཁྱོངས་ཐུབ་མིན་ལ་ཐུག་ཡོད། སྤྱི་ཚོགས་ཡོངས་ཀྱིས་འབད་བརྩོན་ལྷོད་མེད་བྱས་ཕྱིན། སྔོ་དྭངས་ཀྱི་ནམ་མཁའ་ལོ་རེ་བཞིན་ལེགས་སུ་འགྲོ་ངེས་རེད།

    ཆུ་དང་ས་རྒྱུའི་སྦགས་བཙོག་འགོག་བཅོས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ད་ལོ་རྫས་འགྱུར་གྱི་དབྱང་མཁོ་ཚད་དང་། ཨན་ཏཱན་འབུད་སྐྱུར་གྱི་ཚད་སོ་སོར་2%ཆག་པར་བྱེད་རྒྱུ་ཡིན། འབབ་རྒྱུད་དང་ས་ཁོངས་གཙོ་གནད་ཀྱི་བཙོག་ཆུ་དང་ཞིང་ལས་ཀྱི་ཁ་གཏིང་གཉིས་ཀྱི་སྦགས་བཙོག་བཅོས་སྐྱོང་དམ་འཛིན་བྱེད་རྒྱུ། ས་རྒྱུའི་སྦགས་བཙོག་ཞིབ་པར་བཤེར་རྒྱུ་དང་། བཅོས་སྐྱོང་བྱེད་ཐབས་རིགས་དབྱེ་གཏན་འབེབས་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གད་སྙིགས་རིགས་དབྱེའི་ལམ་ལུགས་ཡོངས་ཁྱབ་ཏུ་ཁྱབ་སྤེལ་གཏོང་རྒྱུ། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་ཐུབ་པའི་ཐོན་ལས་ཇེ་རྒྱས་སུ་སྐྱེད་སྲིང་བྱས་ཏེ། ཁོར་ཡུག་ལེགས་བཅོས་དང་དཔལ་འབྱོར་འཕེལ་རྒྱས་མཉམ་རྒྱལ་ཡོང་བར་བྱེད་རྒྱུ་ཡིན།

    སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ཐུབ་པར་བྱེད་རྒྱུ་དང་། སྐྱེ་ཁམས་སྲུང་སྐྱོང་གི་གཞི་ཐིག་འགོད་རྒྱུ་དམ་འཛིན་བྱེད་པ་མ་ཟད་ནན་པོར་བསྲུང་རྒྱུ། ནགས་ཚལ་གྱི་རྒྱུ་སྤུས་ལེགས་སུ་གཏོང་བ་དང་། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྐྱེ་ཁམས་སླར་གསོ། རི་ཆུ་ནགས་གསུམ་དང་ཞིང་མཚེའུ་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་ལས་གཞི་ཁག་གཉིས་པ་བཅས་ཚོད་ལྟ་བྱེད་འགོ་བརྩམས་རྒྱུ་དང་། ཞིང་དོར་ནགས་གསོ་དང་རྩྭ་འདེབས་མུའུ་ཁྲི་1200ཡན་ལེགས་འགྲུབ་དང་། སྐྱེ་ཁམས་ཀྱི་རྒྱུ་ནོར་སྔར་ལས་མང་པོ་གསོག་འཇོག་བྱས་ཏེ། འཕེལ་རྒྱས་རྒྱུན་མཐུད་ཐུབ་པའི་ལྗང་མདོག་ལྕགས་རི་བསྐྲུན་རྒྱུ་ཡིན།

    (བརྒྱད) དམངས་འཚོ་འགན་སྲུང་དང་ལེགས་བཅོས་གཙོ་གནད་དུ་གྱུར་པའི་སྤྱི་ཚོགས་ལེགས་སྐྱོང་བྱེད་རྒྱུ། དམངས་འཚོ་ནི་སྲིད་དོན་གྱི་གནད་ཀ་ཡིན་པས། དུས་ནམ་ཡིན་ཡང་ངེས་པར་ཡིད་ལ་འཇགས་པ་དང་། འཁུར་དུ་ཐེག་པར་བྱེད་དགོས། དེང་སྐབས་རྒྱལ་ཕྱི་རྒྱལ་ནང་གི་གནས་བབ་རྙོག་འཛིང་དྲག་པོའི་གནས་ཚུལ་འོག དམངས་འཚོ་དེ་བས་ཀྱང་སྔོན་ལ་འགན་སྲུང་དང་ལེགས་བཅོས་བྱེད་དགོས་པས། ལས་དགོས་པ་དང་ལས་ཐུབ་པའི་དོན་དངོས་ཚང་མ་ཡག་པོར་སྒྲུབ་གང་ཐུབ་བྱས་ཏེ། མ་མཐའི་དམངས་འཚོའི་གཞི་ཐིག་མཐའ་གཅིག་ཏུ་བསྲུང་རྒྱུ་ཡིན།

    ལས་ཞུགས་ལས་སྐྲུན་ལ་སྐུལ་སྤེལ་ཤུགས་ཆེན་གཏོང་རྒྱུ། ལས་ཞུགས་ཀྱི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་ཞུགས་ཀྱི་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཞུགས་སྟབས་བསྟུན་དང་ལས་ཀར་ཞུགས་སྟངས་གསར་པར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་རྒྱུ། ད་ལོ་སློབ་ཆེན་གྱི་སློབ་མ་ཁྲི་795ཐོན་ཏེ་ལོ་རྒྱུས་ཐོག་མང་ཤོས་ཟིན་གྱི་ཡོད་པས། ལས་ཞུགས་ལ་སྐུལ་སྤེལ་དང་། ལས་སྐྲུན་སྣེ་ཁྲིད། གཞི་རིམ་དུ་འཚར་ལོངས་སོགས་པའི་འཆར་གཞི་དོན་འཁྱོལ་ཡག་པོར་བྱས་ཏེ། ལས་ཞུགས་ལས་གཏོད་ཀྱི་ཐབས་ལམ་མང་པོ་ཡོང་བར་བྱེད་རྒྱུ་ཡིན། དམག་ལོག་དམག་མི་བགོ་སྒྲིག་གི་ལས་ཀ་ཡག་པོ་ཏན་ཏིག་བྱེད་རྒྱུ། ལས་ཞུགས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་མི་དང་། དབང་པོ་སྐྱོན་ཅན་པ་ལས་ཀར་ཞུགས་པར་རོགས་སྐྱོར་བྱས་ཏེ། ལས་ཀར་ཞུགས་མཁན་མེད་པའི་ཁྱིམ་ཚང་དུ་ཉུང་མཐར་ཡང་ལས་ཞུགས་པ་གཅིག་བརྟན་པོ་ཡོང་བའི་འགན་ལེན་བྱེད་རྒྱུ་ཡིན། ང་ཚོས་ལས་ཞུགས་ཀྱི་དམངས་འཚོའི་རྩ་བ་འདི་ངེས་པར་དམ་འཛིན་བརྟན་པོར་བྱས་ཏེ། མི་རྣམས་ངལ་རྩོལ་གྱི་ཁྲོད་དུ་རྒྱུ་ནོར་གསར་གཏོད་དང་། འབད་འཐབ་ཀྱི་ཁྲོད་དུ་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་དུ་འཇུག་རྒྱུ་ཡིན།

    སློབ་གསོ་དྲང་གཞག་དང་སྤུས་ལེགས་གཉེར་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མར་“རྩ་ཆག་གཉིས་དང་ཁ་གསབ་གཅིག་”གི་སྲིད་ཇུས་གཅིག་གྱུར་འཛིན་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་འོས་འགན་སློབ་གསོའི་སྤྱི་པའི་ཞབས་ཞུ་རྒྱུན་སྡོད་མི་གྲངས་ཡོངས་ལ་ཁེབས་པར་བྱེད་ཚད་མགྱོགས་སུ་གཏོང་རྒྱུ། སློབ་གྲྭ་ཞན་རིགས་ཀྱི་སློབ་གཉེར་ཆ་རྐྱེན་མུ་མཐུད་ལེགས་སུ་གཏོང་བ་དང་། སྤུས་དག་སློབ་གསོའི་ཐོན་ཁུངས་ཁེབས་ཁྱོན་ཆེ་རུ་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་དང་། ས་ཁོངས། སློབ་རིམ་བཅས་ཀྱི་སློབ་གཉེར་ཧེ་བག་རྒྱུན་ཆད་མེད་པར་ཆུང་དུ་གཏོང་རྒྱུ། གཙོ་གནད་སློབ་གྲྭས་དབུལ་ཕོངས་ས་ཁུལ་གྱི་གྲོང་གསེབ་ཏུ་ཕྱོགས་ནས་སློབ་མ་བསྡུ་ཁྱོན་མུ་མཐུད་ཆེ་རུ་གཏོང་རྒྱུ་དང་། འབུམ་རམས་པ་དང་། ཞིབ་འཇུག་སློབ་མའི་སློབ་སྐྱོར་རོགས་དངུལ་ཁ་གསབ་བྱེད་ཚད་མཐོ་རུ་གཏོང་རྒྱུ། འཛམ་གླིང་གི་སློབ་ཆེན་རྩེར་སོན་དང་རིག་གཞུང་ཚན་ཁག་རྩེར་སོན་འཛུགས་སྐྱོང་ལ་སྐུལ་མ་གཏོང་རྒྱུ། མཐོ་རིམ་སློབ་ཞུགས་རྒྱུགས་ལེན་ཕྱོགས་བསྡུས་ཀྱིས་སྒྱུར་བཅོས་ཚོད་ལྟ་གཏིང་ཟབ་བྱས་ཏེ། དེང་རབས་ཀྱི་ལས་རིགས་སློབ་གསོ་འཕེལ་རྒྱས་གང་མགྱོགས་གཏོང་རྒྱུ་དང་། མི་རིགས་ཀྱི་སློབ་གསོར་ཤུགས་སྣོན་བརྒྱབ་ནས། དམིགས་བསལ་སློབ་གསོ་དང་། རྒྱུན་མཐུད་སློབ་གསོ། སློབ་ན་མ་སོན་གོང་གི་སློབ་གསོ། རྒན་རྒོན་གྱི་སློབ་གསོ་བཅས་ཡག་པོར་གཉེར་རྒྱུ་ཡིན།

    དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། 《ཀྲུང་གོའི་སློབ་གསོ་དེང་རབས་ཅན་དུ་འགྱུར་བའི་2030ལོ》གཏན་འབེབས་དང་དོན་འཁྱོལ་བྱེད་རྒྱུ། ང་ཚོས་མང་ཚོགས་བློར་བབ་པའི་སློབ་གསོ་འཕེལ་རྒྱས་གཏོང་བ་དང་། སློབ་གསོ་དེང་རབས་ཅན་དུ་བསྒྱུར་བར་བརྟེན་ནས་རྒྱལ་ཁབ་དེང་རབས་ཅན་དུ་འགྱུར་བའི་འདེགས་སྐྱོར་བྱས་ཏེ། ཕྲུ་གུ་སྔར་ལས་མང་པོའི་ཕུགས་བསམ་འགྲུབ་པ་དང་། ཁྱིམ་ཚང་སྔར་ལས་མང་པོའི་རེ་བ་འགྲུབ་པར་བྱེད་རྒྱུ་ཡིན།

    བདེ་ཐང་ཀྲུང་གོ་འཛུགས་སྐྱོང་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་ནོར་སྲིད་ཁ་གསབ་ལོ་རེའི་ནང་མི་རེར་སྒོར་420ཡིན་པ་ནས་450བར་མཐོ་རུ་གཏོང་རྒྱུ་དང་། སྒེར་གྱི་འཇལ་སྤྲོད་ཚད་གཞིའང་དུས་གཅིག་ཏུ་མཐོ་རུ་གཏོང་རྒྱུ། སྨན་བཅོས་འགན་སྲུང་བྱེད་ཁྱོན་ཆེ་རུ་གཏོང་རྒྱུ། རྒྱལ་ཡོངས་སུ་སྨན་བཅོས་འགན་བཅོལ་གྱི་ཆ་འཕྲིན་དྲ་སྦྲེལ་ཁྱབ་སྤེལ་བྱས་ནས། གཞན་ཡུལ་དུ་སྨན་བཅོས་དང་སྨན་ཁང་དུ་བསྡད་རིན་ཐད་ཀར་རྩིས་སྤྲོད་གཙང་རྩིས་རྒྱག་ཐུབ་པར་བྱེད་རྒྱུ་ཡིན། ནད་གཞི་ཆེ་རིགས་འགན་སྲུང་འཐུས་སྒོ་ཚང་དུ་བཏང་སྟེ། འགན་སྲུང་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་རྒྱུ། རྣམ་པ་མང་བའི་སྨན་བཅོས་མཉམ་སྡེབ་སྒྲིག་གཞི་འཛུགས་པའི་ཚོད་ལྟ་ཁྱོན་ཡོངས་ནས་བྱེད་འགོ་བརྩམ་རྒྱུ་དང་། གཞུང་བཙུགས་སྨན་ཁང་རིམ་པ་གསུམ་པ་ཚང་མས་ཐེ་ཞུགས་བྱེད་པ་མ་ཟད་སྣེ་ཁྲིད་ཀྱི་ནུས་པའང་བཏོན་ནས། སྨན་བཅོས་ཀྱི་ཐོན་ཁུངས་སྤུས་ལེགས་གོང་འོག་མཐུད་པའི་གདེང་འཇོག་དཔྱད་ཞིབ་དང་བསྔགས་སྐུལ་གྱི་ལམ་སྲོལ་འཛུགས་པར་སྐུལ་སྤེལ་གཏོང་རྒྱུ། གཞི་རིམ་གྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་དང་། མང་ཚོགས་ཐག་ཉེ་སར་སྨན་བཅོས་སྟབས་བདེ་ཡོང་བར་བྱེད་རྒྱུ། རིམ་དབྱེའི་སྨན་བཅོས་ཚོད་ལྟ་དང་ཁྱིམ་ཚང་དང་ཞབས་ཞུའི་གན་རྒྱ་འཇོག་ཁྱོན་ས་ཁུལ་དང་གྲོང་ཁྱེར་85%ཡན་ལ་རྒྱ་སྐྱེད་རྒྱུ་ཡིན། མ་མཐའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་འགྲོ་གྲོན་ཁ་གསབ་བྱེད་ཚད་མུ་མཐུད་མཐོ་རུ་གཏོང་རྒྱུ། སྤྱི་པའི་འཕྲོད་བསྟེན་གྱི་དོན་རྐྱེན་ལ་ཁ་གཏད་འཇལ་རིགས་དུས་ཐོག་ཏུ་ཡོངས་བསྒྲགས་ཁ་གསལ་ཕན་འབྲས་ཐོན་པར་བྱེད་རྒྱུ། སྨན་དོན་མི་སྣའི་ཧུར་སེམས་སྲུང་སྐྱོང་དང་སྐུལ་སློང་ཧུར་ཐག་བྱེད་པ་དང་། ཞི་མཐུན་གྱི་སྨན་ནད་བར་གྱི་འབྲེལ་བ་འཛུགས་རྒྱུ། ཕྱོགས་ཡོངས་ནས་ཕྲུ་གུ་གཉིས་ཀྱི་སྲིད་ཇུས་འཛིན་པར་འཚམ་པར་བྱེད་པ་དང་། བུ་བཙའི་སྨན་བཅོས་བདེ་སྲུང་གི་ཞབས་ཞུར་ཤུགས་སྣོན་རྒྱག་རྒྱུ། ཀྲུང་ལུགས་ཀྱི་སྨན་དང་སྨན་བཅོས་དང་། མི་རིགས་ཀྱི་སྨན་དང་སྨན་བཅོས་འཕེལ་རྒྱས་གཏོང་རོགས་བྱེད་རྒྱུ། ཟས་རིགས་དང་སྨན་རྫས་བདེ་འཇགས་ནི་མི་དམངས་བདེ་ཐང་ཡོང་མིན་ལ་ཐུག་པས། ངེས་པར་དུ་དོ་དམ་ནན་ཞིང་བཙན་པོར་བྱེད་དགོས། ལྟ་སྐུལ་དོ་དམ་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། གཞི་རིམ་གྱི་ལྟ་སྐུལ་དོ་དམ་གྱི་ནུས་སྟོབས་ཇེ་ཚང་དང་། ཕྱོགས་ཁག་གི་འགན་འཁྲི་ཇེ་བརྟན། འབྱུང་གཞི་ནས་ཚོད་འཛིན་མཐའ་འཁྱོངས། ཐོན་སྐྱེད་དོ་དམ་གལ་ཆེ་མཉམ། ཟིང་བཅོས་དཔེ་མཚོན་གཙོ་གནད་དུ་འཛིན་པ་བཅས་བྱས་ནས། མི་དམངས་མང་ཚོས་ཀྱི་བཟའ་བཏུང་དང་སྨན་བསྟེན་བདེ་འཇགས་ཀྱི་འགག་སྒོ་རེ་རེ་བཞིན་མཐའ་གཅིག་ཏུ་སྒྲོལ་རྒྱུ་ཡིན།

    དམངས་འཚོ་འགན་སྲུང་གི་དྲ་བ་དམ་པོར་བསླ་རྒྱུ། རྒན་ཡོལ་ཞུས་མིའི་མ་མཐའི་རྒན་གསོའི་དངུལ་མུ་མཐུད་མང་དུ་གཏོང་རྒྱུ་དང་། དུས་ཐོག་ཏུ་འདང་ངེས་སྤྲོད་པའི་འགན་ལེན་བྱེད་རྒྱུ་ཡིན། གཟིགས་སྐྱོང་དང་། སྤྱི་ཚོགས་ཀྱི་རོགས་སྐྱོབ་ཚད་གཞི་བརྟན་པོའི་ངང་ནས་མཐོ་རུ་གཏོང་རྒྱུ་དང་། སྐབས་འཕྲལ་རོགས་སྐྱོབ་ལམ་ལུགས་ལག་བསྟར་བྱེད་རྒྱུ། རང་བྱུང་གནོད་འཚེའི་འཚོ་བའི་ཁ་གསབ་ལམ་སྲོལ་འཐུས་ཚང་ལེགས་སྒྲིག་བྱས་ཏེ། ན་ནིང་གི་ཆུ་ལོག་གནོད་འཚེའི་ཁྲོད་ཞིག་སྐྱོན་བྱུང་བའི་སྒེར་ཁང་སླར་གསོ་བསྐྱར་སྐྲུན་ཆ་ཚང་ཡོང་བར་བྱེད་རྒྱུ་ཡིན། གྲོང་གསེབ་ཀྱི་གཞིས་སྲུང་བྱིས་པར་བྱམས་སྐྱོང་སྲུང་སྐྱོང་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་གནས་སུ་གྱར་བའི་བྱིས་པར་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རྒན་རྒོན་རྟེན་མེད་ཁེར་ལུས་ལ་སེམས་ཁུར་དང་རོགས་རམ་བྱེད་རྒྱུ་དང་། དབང་པོ་སྐྱོན་ཅན་པར“ཁ་གསབ་ཁག་གཉིས”ཀྱི་ལམ་ལུགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་རྒྱུ། རྫོང་རིམ་པའི་སྲིད་གཞུང་གིས་མ་མཐའི་འཚོ་བའི་འགན་སྲུང་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་། འདེགས་སྐྱོར་ལས་དོན་ཏན་ཏིག་ངང་ནས་ཡག་པོར་བསྒྲུབས་ཏེ། དཀའ་ངལ་ཡོད་པའི་མང་ཚོགས་ལ་དྲོ་སྐྱིད་ཀྱི་ཚོར་སྣང་དང་། རེ་བས་ཁེངས་སུ་འཇུག་རྒྱུ། བཅའ་ཁྲིམས་དང་། སྲིད་འཛིན། དཔལ་འབྱོར་སོགས་ཀྱི་བྱ་ཐབས་སྤྱད་ནས་ཞིང་པ་ལས་མིའི་གླ་ཕོགས་ཆད་འགྱངས་གནད་དོན་ཐག་གཅོད་ཡག་པོར་བྱས་ཏེ། ཁོང་ཚོས་དཀའ་སྤྱད་ལས་ལ་བརྩོན་པར་འབྲས་བུ་མི་རག་པ་གཏན་ནས་བྱེད་དུ་བཅུག་མི་ཆོག

    རིག་གནས་ཀྱི་བྱ་གཞག་དང་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཀྲུང་གོའི་ཕུགས་འདུན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བར་བརྟེན་པ་མཐའ་འཁྱོངས་བྱས་ནས་ངོས་འཛིན་གཅིག་ཏུ་མཐུན་པ་དང་། སྟོབས་ཤུགས་གཅིག་ཏུ་འགྲིལ་བར་བྱེད་རྒྱུ་ཡིན། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག རྩོམ་རིག་སྒྱུ་རྩལ་གསར་གཏོད་དར་རྒྱས་ཡོང་བ་དང་། གསར་འགྱུར་དཔེ་སྐྲུན་དང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན། ཡིག་ཚགས་སོགས་པའི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རིག་མཛོད་དཔེ་གསར་འཛུགས་རྒྱུ་དང་། རིག་དངོས་དང་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། དམངས་ཡོངས་ཀྱི་ཀློག་འདོན་ཁྱབ་སྤེལ་ཤུགས་ཆེན་དང་། ཚན་རིག་ཁྱབ་གདལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། མ་མཐའི་སྤྱི་པའི་རིག་གནས་ཞབས་ཞུ་འདྲ་མཉམ་གྱི་ཆུ་ཚད་དུ་མཐོ་རུ་གཏོང་རྒྱུ། རིག་གནས་ཐོན་ལས་སྐྱེད་སྲིང་ཇེ་མགྱོགས་དང་། རིག་གནས་ཚོང་རར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། ཀྲུང་གོའི་རིག་གནས་ཕྱི་རུ་སྐྱོད་པར་སྐུལ་སྤེལ་གཏོང་རྒྱུ་ཡིན། དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་དང་། དབང་པོ་སྐྱོན་ཅན་པའི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་ཀ་ཡག་པོར་བྱེད་རྒྱུ་དང་། མང་ཚོགས་ཀྱི་ལུས་རྩལ་དང་། རྩལ་འགྲན་ལུས་རྩལ། ལུས་རྩལ་ཐོན་ལས་བཅས་གཅིག་གྱུར་ཐོག་འཕེལ་རྒྱས་གཏོང་རྒྱུ་དང་། དམངས་ཡོངས་ཀྱི་ལུས་སྦྱོང་ཁྱབ་རྒྱ་ཆེན་པོར་གཉེར་ནས། མི་སྔར་ལས་མང་པོས་ལུས་སྦྱོང་གི་དགའ་ཚོར་ཉམས་སུ་བསྟར་ནས། གཟུགས་སྟོབས་རྒྱས་པོ་ཡོང་བར་བྱེད་རྒྱུ་ཡིན། མི་དམངས་ལུས་སེམས་བདེ་ཐང་དང་། ཉམས་དགའ་ཡར་ལྟ་བྱུང་ཕྱིན། རྒྱལ་ཁབ་སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་ངེས་རེད།

    སྤྱི་ཚོགས་བཅོས་སྐྱོང་དང་གསར་གཏོད་ལ་སྐུལ་སྤེལ་གཏོང་རྒྱུ། གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། བཟོ་ཚོགས་དང་གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཚོགས་པའི་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ། སྤྱི་ཚོགས་རྩ་འཛུགས་ཀྱི་དོ་དམ་ལམ་ལུགས་སྒྱུར་བཅོས་དང་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཕན་དང་དགེ་ལས་ཁྲིམས་མཐུན་ལྟར་སྐྱོན་བྲལ་ངང་འཕེལ་རྒྱས་བཏང་ནས་ཆེད་ལས་ཀྱི་སྤྱི་ཚོགས་ལས་དོན་དང་དང་བླངས་ཞབས་ཞུ་འཕེལ་རྒྱས་ཡོང་བར་བྱེད་རྒྱུ། བུད་མེད་དང་། བྱིས་པ། རྒན་རྒོན་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ཏན་ཏིག་བྱེད་རྒྱུ། སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་མགྱོགས་སུ་གཏོང་བ་དང་། ཁྲིམས་སྐྱོང་གི་དྲིལ་བསྒྲགས་སློབ་གསོ་དང་བཅའ་ཁྲིམས་ཀྱི་ཞབས་འདེགས་ཞུ་ཤུགས་ཆེ་རུ་གཏོང་རྒྱུ། ཡིག་སྐུར་ངོ་བཅར་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཏེ། མང་ཚོགས་ཀྱི་ཚུལ་མཐུན་བདེ་སྡུག་ཞུ་སྦྱོར་དུས་ཐོག་ཏུ་རང་སར་ཁྲིམས་མཐུན་ཐག་གཅོད་རྒྱུ། དུས་བདེའི་ཀྲུང་གོ་འཛུགས་སྐྱོང་ཟབ་སྤེལ་བྱེད་རྒྱུ་དང་། དངོས་སྣང་ཅན་དང་ཆ་འཕྲིན་ཅན་གྱི་སྤྱི་ཚོགས་བདེ་འཇགས་ཀྱི་འགོག་སྲུང་མ་ལག་འཐུས་ཚང་དུ་གཏོང་རྒྱུ། གཏུམ་སྤྱོད་འཇིགས་སྐུལ་གྱི་བྱ་སྤྱོད་ལ་རྡུང་རྡེག་ནན་པོར་གཏོང་རྒྱུ་དང་། ནག་སྤྱོད་སྟོབས་ཤུགས་ཀྱིས་བྱས་ཉེས་བསགས་པ་དང་། རྐུ་རྒྱག འཕྲོག་བཅོམ། གློག་འཕྲིན་དྲ་བའི་ཐོག་ནས་ཁ་བསླུས་རྒྱག་པ་སོགས་ཀྱི་ནག་ཉེས་ཐོན་མང་བར་ཁྲིམས་མཐུན་ལྟར་ཁྲིམས་ཆད་ནན་པོར་བཅད་དེ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ། དྲང་བདེན་དང་ཡ་རབས་ཀྱི་ཁྲིམས་བསྟར་ནན་པོར་བྱེད་པ་དང་། སྤྱི་ཚོགས་བདེ་འཇགས་ཀྱི་མངོན་ཆེའི་གནད་དོན་བཅོས་སྐྱོང་ཤུགས་ཆེན་བྱས་ཏེ། མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་ཕྱོགས་ཡོངས་ནས་ཆེ་རུ་གཏོང་རྒྱུ་ཡིན།

    བདེ་འཇགས་ཡོང་བར་བྱེད་རྒྱུ་ནི། སྲོག་ལ་ཐུག་པའི་དོན་ཆེན་ཡིན། ཐོན་སྐྱེད་བདེ་འཇགས་ཐད་ངེས་པར་དུས་དང་རྣམ་པ་ཀུན་ཏུ་དམ་འཛིན་བྱེད་དགོས། བདེ་འཇགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། ས་ཡོམ་དང་། གནམ་གཤིས། ཐིག་ལེན། ས་གཤིས་སོགས་ཀྱི་ལས་དོན་ཡག་པོར་བསྒྲུབ་རྒྱུ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་ནན་པོར་སྲུང་བ་དང་། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དང་། ས་གནས་གཏོགས་ཁོངས་ཀྱི་དོ་དམ་འགན་འཁྲི། སྡེ་ཚན་གྱི་ལྟ་འདོམས་འགན་འཁྲི་བཅས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ལས་འཛོལ་ཚབས་ཆེན་དང་ཤིན་ཏུ་ཚབས་ཆེའི་རིགས་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་ཏན་ཏིག་བྱེད་རྒྱུ།

    (དགུ) ཕྱོགས་ཡོངས་ནས་སྲིད་གཞུང་རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། “འདུ་ཤེས་བཞི”བརྟན་པོར་བཅངས་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་ནས་རང་འགུལ་ངང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་པ། སྲིད་གཞུང་གི་འགན་ནུས་སྒྱུར་མགྱོགས་གཏོང་བ་དང་སྲིད་འཛིན་ནུས་པ་ཆེ་རུ་བཏང་ནས། མི་དམངས་ལ་ཞབས་ཞུ་གང་ལེགས་ཞུ་རྒྱུ།

    ཁྲིམས་མཐུན་ལྟར་འགན་འཁྲི་བསྒྲུབ་པ་མཐའ་འཁྱོངས་བྱེད་རྒྱུ། སྲིད་གཞུང་རིམ་པ་ཁག་དང་དེའི་ལས་དོན་མི་སྣས་ཁྲིམས་མཐུན་ལྟར་རྒྱལ་སྐྱོང་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཁྲིམས་སྐྱོང་ལ་བརྩི་བཀུར་དང་། བཅའ་ཁྲིམས་ལ་འཇིགས་བཀུར། ཁྲིམས་མཐུན་ལྟར་ལས་དོན་བསྒྲུབ་པ་བཅས་བྱེད་རྒྱུ། སྲིད་དོན་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཚན་རིག་དང་མཐུན་པར་ཇུས་ཐག་གཅོད་པ་དང་། དམངས་གཙོའི་ཇུས་ཐག་གཅོད་པ། ཁྲིམས་མཐུན་ལྟར་ཐབས་ཇུས་འདོན་པ་མཐའ་འཁྱོངས་བྱེད་པ་དང་། སྐྱོན་བརྗོད་དང་བསམ་འཆར་ཚུད་པའི་ཕྱོགས་གང་ཅིའི་བསམ་འཆར་ཉན་འཇོག་ཁྱབ་ཆེར་བྱེད་རྒྱུ། རིམ་ཁག་སྲིད་གཞུང་གིས་ཁྲིམས་མཐུན་ལྟར་རིམ་མཚུངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་དང་ལེན་དང་། མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་རང་འགུལ་ངང་ནས་དང་ལེན། སྤྱི་ཚོགས་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་དང་ལེན་བཅས་བྱས་ཏེ། མི་དམངས་འཐུས་ཚོགས་དང་། སྲིད་གྲོས་ཨུ་ཡོན། དམངས་གཙོའི་ཏང་ཤོག བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཀྱི་ཚོགས་པ་ཁག་བཅས་ཀྱི་བསམ་འཆར་ཉན་འཇོག་ནན་ཏན་བྱས་ཏེ། མི་དམངས་སྲིད་གཞུང་གི་ངོས་ནས། ལས་དོན་ཐམས་ཅད་མི་དམངས་ཀྱི་བསམ་འདུན་མཚོན་པ་དང་། མི་དམངས་ཀྱི་ཁེ་ཕན་སྲུང་བ། མི་དམངས་ཀྱི་ལྟ་སྐུལ་དང་ལེན་བཅས་བྱེད་རྒྱུ།

    སྤྱོད་གཙང་གི་རང་བཞིན་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་རྒྱུ། ཏང་ནན་པོར་སྐྱོང་བའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་ནན་པོར་བྱས་ཏེ། ཏང་སྲོལ་སྲིད་གཙང་ལེགས་སྐྱོང་དང་རུལ་སུངས་ལ་རྒོལ་བའི་ལས་དོན་རྒྱུན་ཆད་མེད་པར་སྤེལ་རྒྱུ། ཏང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། “སྤྱོད་ཚུལ་བཞི”རེ་རེ་བཞིན་དོན་འཁྱོལ་དང་ཡོ་བསྲང་བྱེད་རྒྱུ། སྲིད་འཛིན་ལྟ་ཞིབ་བྱེད་ཤུགས་དང་། རྩིས་བཤེར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རུལ་སུངས་ལ་ཆད་པ་གཅོད་པའི་དམ་བསྒྲགས་རྣམ་པ་མཐའ་འཁྱོངས་བྱེད་པ་དང་། གཙོ་གནད་ཁྱབ་ཁོངས་ལ་རྩེ་གཅིག་ཏུ་དམིགས་ནས། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཟོ་བའི་ཚུལ་མིན་སྤྱོད་ཡན་དང་རུལ་སུངས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོར་བྱེད་རྒྱུ། རྒྱ་ཆེའི་གཞུང་ཞབས་པས་སྲིང་གཙང་གཞུང་དྲང་འཛིན་སྐྱོང་དང་། སྤྱོད་གཙང་ཐོག་ནས་མི་དམངས་ཀྱི་ཆེད་དུ་ལས་དོན་བསྒྲུབ་རྒྱུ།

    འགན་འཁྲི་བསྒྲུབས་ནས་དོན་གཉེར་ལས་སྒོ་གཏོད། ཀྲུང་གོའི་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་ནི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དངོས་སུ་ལས་ཏེ་བྱུང་བ་ཡིན་པས། ལས་སྒོའི་གྲུབ་འབྲས་གསར་པ་བསྐྱར་དུ་གཏོད་རྒྱུའང་དངོས་སུ་ལས་རྒྱུར་བརྟེན་དགོས། སྲིད་གཞུང་རིམ་པ་ཁག་དང་དེའི་ལས་དོན་མི་སྣས་ལས་ཀ་བྱེད་ཕོད་པ་དང་། དམ་པ་དོན་གཉེར། དཀའ་སྤྱད་འབད་བརྩོན། དོན་དངོས་དང་ཟུང་འབྲེལ་བྱེད་པ་བཅས་ཀྱི་ཐོག་ནས་གསར་གཏོད་རང་བཞིན་གྱིས་ལས་ཀ་བྱེད་པ་ལས། ཚོགས་འདུས་ཚོགས་འདུ་ལག་བསྟར་བྱེད་པ་དང་ཡིག་ཆས་ཡིག་ཆ་ལག་བསྟར་གྱི་སླ་བཅོས་དང་། ཤོག་བུའི་ཐོག་ཏུ་དམག་ཇུས་འགོད་པ་དང་། ཁ་བཤད་ཆུ་ཡི་ལྦུ་བ་བཞིན་བྱེད་མི་རུང་། ཀྲུང་དབྱང་དང་ས་གནས་གཉིས་ཀྱི་ཧུར་སེམས་འདོན་སྤེལ་གང་ཐུབ་དང་། ས་གནས་ཀྱིས་ཡུལ་བབ་དང་བསྟུན་ཞིང་། འཚོལ་ཞིབ་ཕོད་པ། འགྲན་པའི་ཚུལ་དུ་ཚན་རྩལ་འཕེལ་རྒྱས་གཏོང་བར་བསྔགས་སྐུལ་བྱེད་རྒྱུ། ལས་ཀའི་འགན་འཁྲིའི་ལམ་ལུགས་ལག་བསྟར་ནན་པོར་བྱེད་རྒྱུ་དང་། ལྷག་པར་དུ་ལས་འགན་གཙོ་བོའི་ཐད་རང་རང་གི་འགན་འཁྲི་ནན་པོར་འཁུར་ནས། གནོན་ཤུགས་རིམ་པ་སྟར་ཆགས་ཀྱིས་བརྒྱུད་འདྲེན་བྱས་ཏེ། ཆད་ལུས་མེད་པར་དོན་ཐོག་དུ་འཁྱོལ་བའི་འགན་ལེན་བྱེད་རྒྱུ། ལྟ་ཞིབ་འདྲི་རྩད་བྱེད་ཤུགས་ཆེ་རུ་བཏང་ནས། ཐ་མལ་དང་། སྒྱིད་ལུག་དང་། ཁྲལ་སེལ་བཅས་ཀྱི་སྲིད་སྐྱོང་བྱེད་སྤྱོད་བཅོས་སྐྱོང་ནན་པོར་བྱེད་རྒྱུ། ངར་སྐུལ་གྱི་ལམ་སྲོལ་དང་ནོར་འཛོལ་རུང་ཞིང་ཡོ་བསྲང་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས། ལས་ཀ་བྱེད་མཁན་ལ་བསྔགས་སྐུལ་དང་། འགན་འཁུར་ཕོད་མཁན་ལ་རྒྱབ་སྐྱོར་བྱེད་རྒྱུ། རྒྱ་ཆེའི་ལས་བྱེད་པས་རང་འགུལ་ངང་ནས་ལས་ཀ་བྱེད་པ་དང་། ངོ་མ་ནན་ཞིང་བཙན་འཐབ་ཕོད་པ་དང་། མི་དམངས་མང་ཚོགས་དང་མཉམ་དུ་ཕྱར་བ་གྲུ་འདེགས་ཀྱིས་ལས་དོན་སྒྲུབ་པར་བརྟེན་ནས་འཕེལ་རྒྱས་གཏོང་བ་དང་། ལས་དོན་སྒྲུབ་པར་བརྟེན་ནས་མ་འོངས་པར་རྣམ་པར་རྒྱལ་བར་བྱེད་རྒྱུ།

    འཐུས་མི་རྣམ་པ།

    རང་རྒྱལ་ནི་མི་རིགས་མང་བའི་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་ཡིན། མི་རིགས་ས་ཁོངས་ཀྱི་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་ནན་པོར་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འཛུགས་སྐྱོང་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ། ནང་སོག་རང་སྐྱོང་ལྗོངས་བཙུགས་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་བྱེད་སྒོ་སྒྲིག་འཛུགས་ཡག་པོར་བྱེད་པ་བཅས་བྱེད་རྒྱུ། མི་རིགས་ས་ཁུལ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཐའ་དར་དམངས་ཕྱུག་ལས་སྒོ་གཏིང་ཟབ་སྤེལ་བ། གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་བ། མི་འབོར་ཅུང་ཉུང་བའི་མི་རིགས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་རྒྱུའི་བརྒྱུད་རིམ་ནང་མི་རིགས་ཁག་གི་མི་དམངས་ཐུན་མོང་ཐོག་གོང་འཕེལ་དང་དར་རྒྱས་ཡོང་བར་བྱེད་པ། མི་རིགས་ཁག་དབར་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་གོང་འཕེལ་ཡོང་བ་བཅས་བྱས་ཕྱིན། ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་མོ་བདེ་སྐྱིད་ཁམས་བཟང་ཡོང་ངེས་རེད།

    ང་ཚོས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་དོན་འཁྱོལ་དང་། ཆོས་ལུགས་ལས་དོན་ལ་ཁྲིམས་མཐུན་ལྟར་དོ་དམ་བྱས་ཏེ། ཆོས་ལུགས་ཀྱི་འབྲེལ་བ་ཞི་མཐུན་ཡོང་བར་བྱེད་རྒྱུ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཁྲོད་ཀྱི་ཆོས་ལུགས་ལས་རིགས་མི་སྣ་དང་དད་ལྡན་མང་ཚོགས་ཀྱི་དགེ་མཚན་འདོན་སྤེལ་བྱེད་རྒྱུ།

    ང་ཚོས་ཕྱིར་སྡོད་རང་མིའི་ལས་དོན་གྱི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཕྱིར་སྡོད་སྤུན་ཟླ་དང་ཕྱིར་ལོག་ནང་མིའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱས་ཏེ་ཁོང་ཚོའི་དམིགས་བསལ་དགེ་མཚན་དང་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཕྱིན། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭ་བུ་ཕྲུག་གི་གོང་བུར་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་རྒྱུན་མ་ཆད་པར་ཆེ་རུ་འགྲོ་ངེས་རེད།

    འཐུས་མི་རྣམ་པ།

    འདས་ཟིན་པའི་ལོ་གཅིག་གི་ནང་། རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་ཐད་འགག་གནད་གལ་ཆེན་ལས་སྒྲོལ་ཐུབ་པ་དང་། དམག་དཔུང་གསར་བརྗེ་ཅན་དང་། དེང་རབས་ཅན། ཚད་ལྡན་ཅན་བཅས་སུ་འཛུགས་སྐྱོང་བྱེད་པར་འཕེལ་རྒྱས་དང་གྲུབ་འབྲས་གསར་པ་ཐོབ་ཡོད། ལོ་གསར་པའི་ནང་། ང་ཚོས་དུས་བབ་གསར་པའི་འོག་དམག་དཔུང་སྟོབས་ལྡན་དུ་སྒྱུར་བའི་ཏང་གི་དམིགས་ཚད་ཀྱིས་སྣེ་ཁྲིད་བྱེད་རྒྱུ་མུ་མཐུད་མཐའ་འཁྱོངས་བྱེད་པ་དང་། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་བསྒྱུར་བ། ཁྲིམས་མཐུན་ལྟར་དམག་དཔུང་སྐྱོང་བ་བཅས་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་རྒྱུ། ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་མཐའ་འཁྱོངས་བྱས་ཏེ། དམག་ཨུད་ཀྱི་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་སྲུང་སྐྱོང་དང་ལག་བསྟར་བྱེད་པ་དང་། རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་བྱེད་རྒྱུ། མཚོ་མཁའ་མཐའ་གསུམ་སྲུང་བའི་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས། འཇིགས་རྒོལ་བརྟན་སྲུང་དང་། རྒྱལ་སྤྱིའི་ཞི་སྲུང་། རྒྱང་རིང་མཚོ་འགྲུལ་སྲུང་སྐྱེལ་སོགས་ཀྱི་ལས་འགུལ་གལ་ཆེན་སྒྲིག་འཛུགས་ཞིབ་ཚགས་བྱེད་རྒྱུ། རྒྱལ་སྲུང་ཚན་རྩལ་གྱི་རང་བརྟེན་གསར་གཏོད་ནུས་པ་ཆེ་རུ་གཏོང་བ་དང་། དེང་རབས་ཀྱི་རྒྱབ་ཕྱོགས་མཁོ་སྒྲུབ་འཛུགས་སྐྱོང་དང་དམག་ཆས་འཕེལ་རྒྱས་མགྱོགས་སུ་གཏོང་བ། རྒྱལ་སྲུང་སྐུལ་སློང་དང་རྒྱབ་ཕྱོགས་མཁོ་སྒྲུབ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་རྒྱུ། དཔལ་འབྱོར་འཛུགས་སྐྱོང་དང་རྒྱལ་སྲུང་འཛུགས་སྐྱོང་མཐུན་སྦྱོར་དང་། དོ་མཉམ། འཚམ་མཐུན་བཅས་སུ་འཕེལ་རྒྱས་ཡོང་བར་བྱེད་པ་དང་། རྒྱལ་སྲུང་ཚན་རྩལ་གྱི་བཟོ་ལས་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་བྱས་ཏེ། དམག་དམངས་མཉམ་འདྲེས་ཟབ་མོ་འཕེལ་རྒྱས་ཡོང་བར་བྱེད་རྒྱུ། རིམ་ཁག་སྲིད་གཞུང་གིས་བྱེད་ཐབས་སྔར་བས་ཏན་ཏིག་དང་ནུས་ལྡན་ལ་བརྟེན་ནས་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་དང་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱས་ཏེ། དམག་སྲིད་དང་དམག་དམངས་མཐུན་སྒྲིལ་གྱི་རྩ་བ་བརྟན་ཚུགས་དང་ཡལ་འདབ་རྒྱས་པར་བྱེད་རྒྱུ།

    འཐུས་མི་རྣམ་པ།

    ང་ཚོས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཞང་ཀང་པས་ཞང་ཀང་སྐྱོང་བ་དང” “ཨའོ་མོན་པས་ཨའོ་མོན་སྐྱོང་བ” རང་སྐྱོང་ཚད་མཐོན་པོར་བྱེད་པ་བཅས་ཀྱི་བྱེད་ཕྱོགས་ཡང་དག་ཕྱོགས་ཡོངས་ནས་མུ་མཐུད་ལག་བསྟར་བྱེད་པ་དང་། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལ་ནན་པོར་གཞིགས་ནས་ལས་དོན་སྒྲུབ་ཐོག ཞང་ཀང་དང་ཨའོ་མོན་དུ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལག་བསྟར་བྱེད་པར་གཡོ་འགུལ་དང་འགྱུར་བ་མི་གཏོང་བ་དང་། ངོ་བོ་མི་འགྱུར་བའི་འགན་ལེན་བྱེད་རྒྱུ། ཞང་ཀང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་འགོ་འདོམས་དང་སྲིད་གཞུང་གིས་ཁྲིམས་མཐུན་ལྟར་སྲིད་འཛིན་པར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་བཅོས། དམངས་གཙོ་དར་སྤེལ། ཞི་མཐུན་བཅས་ཡོང་བར་བྱེད་རྒྱུ། “ཞང་ཀང་རང་བཙན”བྱས་ན་མདུན་ལམ་མེད། ནང་ས་དང་ཀང་ཨའོ་ཕན་ཚུན་མཉམ་ལས་ཟབ་མོ་ཡོང་བར་བྱས་ཐོག ཀོང་ཀང་ཨའོ་གསུམ་གྱི་མཚོ་ཁུག་ཆེ་ཁུལ་གྱི་གྲོང་ཁྱེར་ཁྱུ་ཚོགས་འཕེལ་རྒྱས་གཏོང་བའི་འཆར་འགོད་ཞིབ་འཇུག་གཏན་འབེབས་བྱེད་པ་དང་། ཀང་ཨའོ་གཉིས་ཀྱི་དམིགས་བསལ་དགེ་མཚན་འདོན་སྤེལ་བྱས་ཏེ། རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་ཁྲོད་ཀྱི་གོ་གནས་དང་ནུས་པ་ཆེ་རུ་གཏོང་རྒྱུ། ང་ཚོས་ཞང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་བརྟན་ལྷིང་རྒྱུན་འཁྱོངས་ཡོང་བར་ཐོག་མཐའ་བར་གསུམ་དུ་ཡིད་ཆེས་ཀྱིས་ཁེངས་ཡོད།

    ང་ཚོས་ཐའེ་དབན་ལས་དོན་གྱི་སྲིད་ཇུས་གལ་ཆེན་གྱི་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱས་ཏེ། “གོ་གཉིས་ལོའི་ཐུན་མོང་ངོས་འཛིན”གྱི་ཐུན་མོང་གི་ཆབ་སྲིད་རྨང་གཞི་སྲུང་སྐྱོང་དང་། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཀྱི་གཅིག་གྱུར་སྲུང་སྐྱོང་དང་། ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེ་གོང་འཕེལ་དང་ཐའེ་དབན་གྱི་མཚོ་རྒྱུད་ཞི་བདེ་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱེད་རྒྱུ། “ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ། མི་སུ་ཡིན་དང་རྣམ་པ་གང་ཡིན། ཁ་གཡར་གང་ཡིན་བཅས་ལ་མ་བལྟོས་པར་ཐའེ་དབན་མེས་རྒྱལ་ལས་ཁ་ཕྲལ་གཏན་ནས་བྱེད་དུ་འཇུག་རྒྱུ་མིན། ངོགས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཉམ་འདྲེས་འཕེལ་རྒྱས་ལ་བསྟུད་མར་སྐུལ་མ་བཏང་ནས་སྤུན་ཟླ་ཐའེ་དབན་བ་དང་ལྷག་པར་དུ་ན་གཞོན་ཚོ་སྐམ་ས་ཆེན་མོར་སློབ་སྦྱོང་དང་། ལས་ཞུགས། ལས་གཏོད། འཚོ་གནས་བཅས་བྱེད་པར་ཡོང་བར་སྟབས་བདེ་སྔར་ལྷག་བསྐྲུན་རྒྱུ། ངོགས་གཉིས་ཀྱི་སྤུན་ཟླས་ཐུན་མོང་ཐོག་མི་རིགས་ཀྱི་བདེན་དོན་འགན་འཁྲི་འཁུར་ནས། མེས་རྒྱལ་ཞི་བདེ་གཅིག་གྱུར་གྱི་འཕེལ་རིམ་ལེགས་འགྲུབ་ཡོང་བར་བློ་བརྟན་འགྱུར་མེད་ཀྱིས་སྐུལ་སྤེལ་བཏང་ནས། ཐུན་མོང་ཐོག་ཀྲུང་གོ་བ་ཡོངས་ལ་བདེ་སྐྱིད་འཚོ་བ་དང་མཛེས་སྡུག་ལྡན་པའི་མ་འོངས་པ་བསྐྲུན་རྒྱུ།

    འཐུས་མི་རྣམ་པ།

    འཛམ་གླིང་གི་ཆབ་སྲིད་དང་དཔལ་འབྱོར་གྱི་རྣམ་པར་འགྱུར་བ་ཆེན་པོ་ཡོང་བཞིན་ཡོད་པས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཞི་བདེ་དང་བརྟན་ལྷིང་གི་ཕྱོགས་སུ་ལངས་རྒྱུ་དང་། དྲང་པོ་དྲང་བདེན་ཀྱི་ཕྱོགས་སུ་ལངས་ཏེ། འཛམ་གླིང་ཞི་བདེ་འཛུགས་སྐྱོང་མཁན་དང་། གོ་ལ་ཧྲིལ་པོ་འཕེལ་རྒྱས་གཏོང་བའི་ལེགས་སྐྱེས་པ། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་མཁན་བཅས་བྱེད་རྒྱུ་ཡིན། ང་ཚོས་ཞི་བདེ་དང་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་པ་དང་། ཕྱོགས་མང་སྒྲིག་སྲོལ་གྱི་དབང་གྲགས་ཆེ་ཚུལ་དང་ཕན་གོ་ཆོད་ཚུལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། རྣམ་པ་སྣ་ཚོགས་པའི་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱེད་རྒྱུ་དང་། གོ་ལ་ཧྲིལ་པོ་བཅོས་སྐྱོང་བྱེད་རིམ་དུ་ཟབ་འཇུག་བྱས་ནས། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་ཁོང་ཡངས་ཕན་རེས་དང་། དྲང་བདེན་ཚུལ་མཐུན་སྔར་ལས་ལྷག་པའི་ཕྱོགས་སུ་འཕེལ་བའི་ཁྲིད་སྟོན་བྱེད་རྒྱུ་ཡིན། སྤྱི་ཁོག་བརྟན་ལྷིང་དང་འཕེལ་རྒྱས་དོ་མཉམ་ཡོང་བའི་རྒྱལ་ཁབ་ཆེན་མོའི་འབྲེལ་གཞིར་སྐུལ་འདེད་གཏོང་རྒྱུ་དང་། ཁྱིམ་མཚེས་རྒྱལ་ཁབ་དབར་ཡིད་ཆེས་བྱེད་རེས་དང་། ཐུན་མོང་ཐོག་འཕེལ་རྒྱས་གཏོང་བའི་ཉེ་འཁོར་གྱི་ཁོར་ཡུག་སྐྲུན་གང་ཐུབ་བྱེད་པ། ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་དང་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། གོ་ལ་ཧྲིལ་པོའི་རང་བཞིན་དང་ས་གནས་ཀྱི་གླེང་ཆ་ཆེ་བའི་གནད་དོན་ཐག་གཅོད་བྱེད་པར་དགེ་མཚན་ལྡན་པའི་ཇུས་གཞི་ཧུར་ཐག་འདོན་རྒྱུ། རྒྱལ་ཕྱིའི་ཁེ་དབང་སྲུང་སྐྱོང་གི་ལམ་སྲོལ་དང་ནུས་པ་འཛུགས་སྐྱོང་མགྱོགས་མྱུར་འཐུས་ཚང་ཡོང་བར་བྱེད་རྒྱུ། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷན་དུ་མཉམ་ལས་མཉམ་རྒྱལ་ལྟེ་བར་འཛིན་པའི་རྒྱལ་སྤྱིའི་འབྲེལ་བ་དཔེ་གསར་འཛུགས་པར་འབད་དེ། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཚོགས་སྤྱི་གཏོད་པར་ལེགས་སྐྱེས་བསྐྱར་མ་འབུལ་འདོད་ཡོད།

    འཐུས་མི་རྣམ་པ།

    འགན་འཁྲི་འཁུར་རྒྱུ་གལ་གནད་ཆེ། དངོས་དོན་བསྒྲུབས་ན་འོད་སྟོང་འབར། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་ང་ཚོས་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། བློ་སེམས་གཅིག་སྒྲིལ་དང་གསར་གཏོད་ཡར་བརྩོན་གྱིས་ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་ཚད་ཀྱི་ལས་འགན་ཧུར་ཐག་སྒྲུབ་རྒྱུ་དང་། “ལོ་བརྒྱ་གཉིས”ཀྱི་བརྗིད་རླབས་ཆེ་བའི་དམིགས་འབེན་འགྲུབ་པ་དང་། འབྱོར་ཕྱུག་དང་། དམངས་གཙོ། ཤེསདཔལ། ཞི་མཐུན་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་རྒྱལ་ཁབ་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཕྱིར་འབད་འཐབ་ལྷོད་མེད་བྱེད་དགོས།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་16ཉིན་འབྱོར་བའི་གློག་འཕྲིན)

    (རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།